༄༅། ། བོད་ལྗོངས་ཀྱི་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པའི་རྩོམ་བསྡུའི་བརྡ་ཐོ།
ས་གནས་དང་གྲོང་ཁྱེར་ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་། ལྗོངས་ཐད་གཏོགས་ཚན་པ་ཁག སློབ་གྲྭ་ཆེན་མོ་ཁག ལོ་ཙཱའི་ལས་རིགས་ལ་དགའ་ཞེན་ཡོད་པའི་མི་སྣ་བཅས་ལ་ཞུ་རྒྱུར།
ལོ་ཙཱའི་རིག་ཚན་ལ་ཞིབ་འཇུག་དང་རིག་གཞུང་བགྲོ་གླེང་ལ་ཤུགས་སྣོན་བརྒྱབ་ནས་ལོ་ཙཱ་བ་གསོ་སྐྱོང་དང་ དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཀྱིས་ལོ་ཙཱའི་བྱ་གཞག་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་གཏོང་ཆེད། ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་ཞིབ་འཇུག་གཏན་འབེབས་བྱས་པ་ལྟར། འདི་ལོའི་ནང་ཚུན་དུ་བོད་ལྗོངས་ཀྱི་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་ལྷ་སར་སྐོང་ཚོགས་བྱ་རྒྱུ་ཡིན་པས། འབྲེལ་ཡོད་གནད་དོན་འགའ་ཞིག་གི་སྐོར་ལ་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
དང་པོ། དཔྱད་རྩོམ་གྱི་བརྗོད་གཞི།
༡ རྒྱ་བོད་ལོ་ཙཱའི་ལོ་རྒྱུས་ཞིབ་འཇུག་སྐོར།
༢ རྒྱ་བོད་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་སྐོར།
༣ ཐ་སྙད་བཀས་བཅད་དང་གཅིག་གྱུར་བེད་སྤྱོད་སྐོར།
༤ རྒྱང་བསྒྲགས་དང་། བརྙན་འཕྲིན། གསར་འགྱུར། དྲ་རྒྱ་སོགས་སྨྱན་སྦྱོར་ཚན་པའི་ལོ་ཙཱའི་གནས་བབ་དང་ཞིབ་འཇུག་སྐོར།
༥ གཞུང་ཡིག་དང་། ཁྲིམས་ལུགས། ཚན་རྩལ། རྩོམ་རིག ལོ་རྒྱུས། ཆོས་ལུགས་སོགས་རིག་ཚན་མི་འདྲ་བའི་ཁྱབ་ཁོངས་ཀྱི་ལོ་ཙཱའི་གནད་དོན་ཞིབ་འཇུག་སྐོར།
༦ འཕྲུལ་ཆས་ཡིག་སྒྱུར་གྱི་ཞིབ་འཇུག་སྐོར།
༧ དེ་མིན་གྱི་ལོ་ཙཱའི་གནད་དོན་དང་འབྲེལ་བའི་ཞིབ་འཇུག་སྐོར།
གཉིས་པ། རྩོམ་བསྡུ་བའི་དུས་ཚོད།
༢༠༢༠ལོའི་ཟླ་༥པའི་ཚེས་༡༣ནས་༢༠༢༠ལོའི་ཟླ་༨པའི་ཚེས་༣༡བར་ཡིན།
གསུམ་པ། རྩོམ་བསྡུའི་བླང་བྱ།
ཐེངས་འདིའི་རིག་གཞུང་བགྲོ་གླེང་གི་དཔྱད་རྩོམ་རྒྱ་བོད་ཡིག་རིགས་གཉིས་ནས་འབྲི་ཆོག་པ་མ་ཟད། ཡོངས་བསྒྲགས་ཀྱི་དུས་དེབ་ཐོག་བཀོད་མྱོང་མེད་པའམ་རིག་གཞུང་བགྲོ་གླེང་གཞན་ལ་སྒྲོག་སྦྱང་བྱེད་མྱོང་མེད་པའི་རྩོམ་ཡིག་གསར་པ་ཡིན་དགོས་ལ། ངེད་མཐུན་ཚོགས་ཀྱིས་གཏན་འབེབས་བྱས་པའི་བརྗོད་གཞིའི་ཁྱབ་ཁོངས་ལས་མི་འགལ་ཞིང་། ནང་དོན་ཁ་གསལ་ལ་བརྗོད་དོན་འབུར་དུ་ཐོན་པ་དང་། སྒྲུབ་བྱེད་ཁུངས་བཙན་པ། རྗོད་བྱེད་ཚིག་སྦྱོར་ལེགས་པ་བཅས་བརྗོད་དོན་དངོས་ལ་ཡིག་འབྲུ་༣༠༠༠ནས་༨༠༠༠བར་ཚང་དགོས་པ་མ་ཟད། གཞན་གྱི་རྩོམ་ཡིག་རྐུ་འཕྲོག་བྱེད་མི་ཆོག དེ་མིན་དཔྱད་རྩོམ་ལ་ནང་དོན་གནད་བསྡུས་དང་། བརྡ་ཆད་གཙོ་བོ་བཅས་ཡོད་དགོས་ལ། དཔྱད་གཞི་དང་འབྲེལ་ཡོད་ཀྱི་ནང་དོན་ཁུངས་འདྲེན་བྱས་རིགས་ལ་དཔེ་དེབ་ཀྱི་མིང་དང་། རྩོམ་པ་པོ། དཔེ་སྐྲུན་ཁང་། པར་སྐྲུན་གྱི་ལོ་དུས། པར་མ་གང་ཞིག་ཡིན་པ་བཅས་ཚང་དགོས། དཔྱད་རྩོམ་མཁོ་འདོན་བྱེད་སྐབས་ཧེ་མ་ལ་ཡའམ་པཎྜི་ཏའི་ཡིག་གཟུགས་ཀྱི་གློག་རྡུལ་པར་མ་མཁོ་འདོན་བྱས་ན་འགྲིག་ལ། ཤོག་ངོས་དང་པོའི་ཐོག་རྩོམ་གྱི་ཁ་བྱང་དང་། རྩོམ་པ་པོའི་མིང་། ལས་གནས། འབྲེལ་གཏུག་བྱ་ཡུལ་བཅས་ངེས་པར་དུ་གསལ་འབྲི་བྱེད་དགོས།
བཞི་པ། དཔྱད་རྩོམ་སྐུར་ཡུལ།
ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་མི་རིགས་བྱང་ལམ་སྒོ་རྟགས་ཨང་༧པ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)རྩོམ་སྒྱུར་ཁྲུའི་ལོ་ཙཱ་བའི་མཐུན་ཚོགས་གཞུང་ལས་ཁང་།
འབྲེལ་གཏུག་བྱ་ཡུལ། བློ་བཟང་ནོར་བུ། བདེ་སྐྱིད།
འབྲེལ་གཏུག་ཁ་པར། ༡༣༩༨༩༠༩༩༦༥༦ ༡༨༨༩༨༠༠༠༦༡༦
ལྔ་པ། དེ་མིན་གྱི་སྐོར།
བརྡ་ཐོ་འབྱོར་མ་ཐག་ཚན་པ་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲེལ་ཡོད་ཀྱི་མི་སྣ་སྒྲིག་འཛུགས་ཀྱིས་དཔྱད་རྩོམ་འབྲི་རྒྱུར་སྐུལ་སློང་བྱ་དགོས་ཤིང་། ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཁོངས་མིའམ་ཡང་ན་ལོ་ཙཱའི་ལས་རིགས་ལ་དགའ་ཞེན་ཡོད་པའི་མི་སྣས་ཐེངས་འདིའི་ལོ་ཙཱའི་རིག་གཞུང་བགྲོ་གླེང་ལ་ཧུར་ཐག་གིས་ཞུགས་པར་མཁྱེན།
དཔྱད་རྩོམ་ལག་སོན་བྱུང་རྗེས། ངེད་མཐུན་ཚོགས་ཀྱིས་ཆེད་ལས་མཁས་དབང་སྒྲིག་འཛུགས་བྱས་ནས་འདྲ་མཉམ་དྲང་གཞག་གི་རྩ་དོན་རྒྱུན་འཛིན་ཐོག རྩོམ་ཡིག་ལ་ཞིབ་དཔྱད་གང་ལེགས་བྱས་ནས་ཕུལ་བྱུང་དཔྱད་རྩོམ་ལ་གཟེངས་བསྟོད་བྱ་རྒྱུ་དང་དུས་མཚུངས། བདམས་ཐོན་བྱུང་བའི་དཔྱད་རྩོམ་ཁག་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་དང་། ཀྲུང་གོ་ལོ་ཙཱ་བ་མཐུན་ཚོགས་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ལྷན་གཉིས་ཀྱིས་མཉམ་གཉེར་བྱས་པའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་དགུ་པའི་ཚོགས་ཞུགས་དཔྱད་རྩོམ་ལ་འོས་སྦྱོར་བྱ་རྒྱུ་མ་ཟད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་ནས་གཙོ་གཉེར་བྱས་པའི་དུས་དེབ《བོད་སྐད་ཡིག་ལས་དོན》ཐོག་སྤེལ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)
བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས།
༢༠༢༠ལོའི་ཟླ་༥ཚེས་༡༢ཉིན།