བོད་ཀྱི་བཙན་པོ་མཐའ་མ་འུ་དུམ་བཙན་པོ།

རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་ནམ་རྒྱལ་པོ་གླང་དར་མ་ནི། བོད་རྒྱལ་ཞེ་གཉིས་པ། རྒྱལ་པོ་འདི་ཉིད་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་བོད་ཆུ་ལུག་སྟེ་སྤྱི་ལོ་༨༦༣ལོར་འཁྲུངས་ཞེས་དང་ཤིང་ལུག་ལོ་སྟེ་སྤྱི་ལོ་༨༡༥ལོར་འཁྲུངས་སོགས་གསུང་ཚུལ་མི་འདྲ་བ་མཆིས། རྒྱལ་པོ་ཁྲི་རལ་པ་ཅན་བཀྲོངས་རྗེས་འདི་ཉིད་རྒྱལ་སར་བཏོན། བོད་ཀྱི་ཡོངས་གྲགས་ཆོས་འབྱུང་ལས་འབྱུང་བ་ལྟར་ན། རྒྱལ་པོ་འདི་ཉིད་བ་གླང་གི་ཤ་ཚུགས་འདྲ་ཞིང་། མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་གླང་དར་མར་བཏགས་ཞེས་དང་། ཆོས་འབྱུང་ལ་ལར་བདུད་དང་ཐེ་རང་གི་སྤྲུལ་པའམ་ཡང་ན་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་སྨིན་ལམ་ལོག་ལྟ་ཅན་དུ་བཏབ་ནས་བཙན་པོའི་གདུང་རྒྱུད་དུ་སྐྱེ་བ་བླངས་པ་སོགས་ཀྱི་གཏམ་རྒྱུད་ཀྱང་འདུག གང་ལྟར་དར་མ་རྒྱལ་པོའི་ཁྲི་ལ་འཁོད་རྗེས་རེ་ཞིག་རྒྱལ་སྲིད་ཚུལ་བཞིན་བསྐྱངས། ཁོང་གིས་འབྲི་ལྷ་ཁང་དང་། བཙུན་མོ་བཙན་མོ་འཕན་གྱིས་ཡར་ལུང་དཔག་བསམ་ལྗོན་ཤིང་། ཕུག་པོ་ཆེའི་ལྷ་ཁང་བཞེངས། དེ་ནས་གང་མཚམས་སོང་བས་ན་རྒྱལ་པོའི་ཐུགས་ལ་གདོན་བཞུགས་ནས་བློན་པོ་རྣམས་དང་བཅས་ཆོས་ཁྲིམས་བཤིག་པར་གྲོས། ཐོག་མར་ལྷ་སར་བཤིག་འགོ་བརྩམས་ནས་མར་མེ་མཛད་ཀྱི་སྒོ་སྲུང་ཕྱག་རྡོར་གྱི་མགུལ་ལ་ཐག་པ་བཏགས་པས་དེ་མ་ཐག་འདོགས་མཁན་ཁྲག་སྐྱུགས་ནས་དེ་ཀར་ཤི་བས་འཇིག་མ་ནུས། ཇོ་བོ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་ཆུ་ལ་བསྐྱུར་ཟེར་བ་ལ་བློན་པོ་ཆོས་ལ་དགའ་བ་འགས་བསྐྱུར་ཤིན་པ་སྐད་དུ་ཐབས་བྱས་ནས་སོ་སོའི་ཁྲི་འོག་ཏུ་སྦས། གཙང་ཁང་གི་སྒོ་བརྩིགས་ནས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག དེ་ནས་བསམ་ཡས་བཤིག་པར་བསྒོས་ནས་མཆོད་རྟེན་འོད་འབར་ཡིན་ཡང་ཟེར། ཁམས་གསུམ་དང་དབུ་རྩེའི་བར་ན་མཆོད་རྟེན་ནག་པོ་ཆུང་ངུ་ཞིག་ཡོད་ཀྱང་ཟེར་ཏེ་དེ་བཤིག་པས་ཐོག་བབས་ནས་བཤིག་མཁན་རྣམས་འཆི་བས་འཇིག་འཕྲོ་བཅད། ལྷ་ས་བསམ་ཡས་གཉིས་ཀར་དང་པོ་བཤས་ཁང་བྱས། ཕྱིས་ཧ་ཚང་དང་སྤྱང་ཚང་བྱས། གཞན་ཡང་ལྷ་ཁང་མང་དུ་བཤིག གསུང་རབ་གང་རྙེད་མེར་བསྲེགས། ཆུར་བསྐྱུར། ལ་ལ་སའི་འོག་ཏུ་སྦས། རྨ་རིན་ཆེན་མཆོག་དང་མྱང་ཏིང་འཛིན་བཟང་པོ་སོགས་སྐྱེས་བུ་དམ་པ་མང་དུ་བཀྲོངས། རབ་ཏུ་བྱུང་བ་ཕལ་ཆེར་ས་མཐར་བྲོས། མ་ཐར་བ་རྣམས་ཁྱིམ་པར་ཕབ། མ་ཉན་པ་བསད། ལ་ལ་འཁྲིད་ནས་རྒྱལ་བློན་རྣམས་ཀྱིས་རྟ་འབབ་འཇེག་བྱེད་སྟེགས་བྱས། ལ་ལར་རྔ་གཤང་བསྐུར་ནས་རྔོན་པ་ལ་གཏོང་སྐད། མདོར་ན་རྒྱལ་པོ་དེའི་སྐུ་རིང་ལ་བོད་སྤྱི་མཐུན་ལས་ཀྱི་བསོད་ནམས་སོས་ཀའི་འཁྱགས་རོམ་བཞིན་དུ་བཞུ། མི་རྗེ་ལྷའི་བསོད་ནམས་མཚོ་སྐམ་པའི་གཉེར་མ་བཞིན་དུ་ཡལ། བོད་ཁམས་ཡོངས་ལ་བཅས་པའི་རྒྱལ་ཁྲིམས་ནི་ནམ་ཞོད་ཆེ་བའི་རྩིག་པ་བཞིན་དུ་ཞིག སེར་ཆགས་ཡོངས་ལ་བཅས་པའི་འདུལ་ཁྲིམས་ནི་རྒས་གུད་འཛོམས་པའི་ཤེས་པ་བཞིན་དུ་ཉམས། བཟང་བྱེད་ལེགས་པའི་ཡོན་ཏན་ཐམས་ཅད་དགོང་ཀའི་ཉི་མ་བཞིན་དུ་ནུབ། རྒྱལ་བློན་རྣམས་ཀྱི་ཐུགས་ལ་གདོན་གསོལ་ཏེ་མངའ་རིས་ཟླུམ་བུ་ལ་ཕྱོགས་རིས་དུམ་བུར་ཆད།་ཅེས་ལོ་རྒྱུས་ཡིག་ཚགས་ནང་འཁོད་པ་ནས་སྐབས་དེའི་གནས་ཚུལ་རགས་ཙམ་མཁྱེན་ཐུབ། བཙུན་མོ་ཆེབ་སྣ་ནམ་བཟའ་དང་ཆུང་བ་ཚེ་སྤོང་བཟའ་ཁབ་ཏུ་བཞེས་པར་སྲས་ཡུམ་བརྟན་དང་འོད་སྲུང་བྱུང་། ཡུམ་བརྟན་ནི་སྲས་ངོ་མ་ཡིན་མིན་སྐོར་ལ་བཞེད་ཚུལ་སྣ་ཚོགས་ཡོད། མཐར་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྣུབས་པ་ཡེར་པ་བྲག་ལྷར་སྒོམ་དུ་བཞུགས་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་མཁྱེན་ནས་(བོད་ཆུ་ཁྲཡི་ལོ་སྤྱི་ལོ་༩༠༢ཞེས་དང་ཆུ་ཕག་ལོ་སྟེ་སྤྱི་ལོ་༨༤༣ཞེས་བཞེད་ཚུལ་མི་འདྲ་བ་)རྒྱལ་པོ་གླང་དར་མ་ལྷ་སའི་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་དང་བསྟུན་ནས་མདའ་འཕངས་པས་སྨིན་མཚམས་སུ་ཕོག་སྟེ་མདེའུ་སྟག་པར་ཕྱུང་། ཕྱག་གཉིས་མདའ་ནས་འཇུས་ཏེ་གྲོངས་སོ། དེ་ལྟར་སྤུར་རྒྱལ་བཙན་པོའི་གདུང་རྒྱུད་ཀྱིས་བོད་སྤྱི་ལ་ལདབང་བསྒྱུར་པའི་དུས་རབས་དེ་ནས་མཇུག་འགྲིལ་ལོ། བང་སོ་འཕྲུལ་དང་རྒྱལ་ཆེན་བར་དུ་བརྩིགས་པ་འཕྲོར་ལུས་སྐད།



