无障碍阅读 关怀版

མཁན་ཆེན་ཞི་བ་འཚོ་འམ་ཨཱ་ཙརྱ་བོ་དྷི་སཏྭ།

དུས་ཚོད། 2018-03-02 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

མཁན་པོ་བོ་དྷི་ས་ཏྭའམ་མཁན་ཆེན་ཞི་བ་མཚོ་ནི་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ། འདི་ཉིད་བྷངྒ་ལའི་ཡུལ་དུ་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། དཔལ་ན་ལེནྡྲར་སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྦ་གསལ་སྣང་མངགས་ནས་བོད་དུ་གདན་དྲངས། བཙན་པོ་དང་ཞལ་མཇལ། ཕོ་བྲང་རླུང་ཚུབས་སུ་ཁ་ཆེ་ཨྰ་ནནྟས་ལོ་ཙྰ་བགྱིས་ཏེ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་བཤད་དེ་ཟླ་བ་ཁ་ཤས་སོང་བས་ན། ཕོ་བྲང་འཕང་ཐང་ཆུས་འཁྱེར་བ་དང་། དམར་པོ་རི་ལ་ཐོག་བརྒྱབ། མི་ནད་དང་ཕྱུགས་ནད་ལོ་ཉེས་སོགས་བྱུང་བས་བོད་འབངས་ཐམས་ཅད་ཁ་ལོག་ནས་བཙན་པོས་ཆོས་བྱས་པས་ལན་ཟེར་བས། བཙན་པོས་མཁན་པོ་ལ་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས་ནས་བཞུགས་ཤིག སླད་ཐབས་བགྱིས་ཏེ་ཆ་རྐྱེན་འཛོམས་མ་ཐག་ཏུ་སྤྱན་གཏོང་བར་བྱའོ་ཞེས་ཞུས། མཁན་པོས་ཀྱང་སླད་ཕྱིན་རྒྱལ་པོའི་དགོངས་པ་འགྲུབ་ཅིང་བོད་ཁམས་སུ་སུ་སངས་རྒྱས་ཀྱི་ཆོས་བགྱིད་པར་དམ་བཅའ་མཛད་ནས་བལ་ཡུལ་དུ་བཞུད། བཙན་པོས་བོ་དྷི་ས་ཏྭ་སླར་སྤྱན་འདྲེན་སྐབས་བོ་དྷི་ས་ཏྭས་པདྨ་འབྱུང་གནས་གདན་དྲངས་ཏེ་བོད་ཡུལ་དུ་ཕེབས་ནས་བཙན་པོ་དང་ཞལ་མཇལ། དུས་དེར་བོན་པོ་དང་བོན་བློན་རྣམས་ཁ་ལོག་ནས་ཆོས་མི་བྱེད་བོན་བྱའོ་ཟེར་བས། བོ་དྷི་ས་ཏྭ་ཞལ་ནས་ རྒྱལ་ཁམས་གཅིག་ཏུ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་པ་ཆེ། འོ་ཅག་རྩོད་པ་བྱེད་ལ་ཁྱེད་རྒྱལ་ན་ང་འགྲོ་བོན་སྤེལ། ཆོས་རྒྱལ་ན་བོན་བསྣུབས་ལ་དམ་པའི་ལྷ་ཆོས་བྱ་གསུངས་ནས་རྩོད་པ་ལས་བོན་ཁུངས་ངན་ལ་གཏན་ཚིགས་ཆུང་། ལྷ་ཆོས་ཁུངས་བཟང་ལ་གཏན་ཚིགས་རྒྱ་ཆེ་ཞིང་གཏིང་ཟབ་པས་མ་ཐུབ་ནས་བཙན་པོས་ཕྱིན་ཆད་བོན་བགྱིད་དོ་མི་གནང་བར་ཆད། བོན་གྱི་དཔེ་ཆ་ཀུན་ཆུ་ལ་བསྐུར། ལྷག་མ་རྣམས་ཕྱིས་མཆོད་རྟེན་ནག་པོར་མནན་ཞེས་ལོ་རྒྱུས་ཀྱི་ཡིག་ཚང་དུ་གསལ། དེ་ནས་མཁན་པོས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་དཔྱད་ཀྱི་མཛད། སློབ་དཔོན་ཆེན་པོ་པདྨས་བོད་ཀྱི་འདྲེ་སྲིན་རྣམས་བཏུལ། ད་ཕྱིན་ཆད་ལྷ་ཆོས་ཅི་དར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་རྩིགས་ཤིག་གསུངས་པ་ལྟར།བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས་པས་ལོ་ལྔ་ལ་ལེགས་པར་གྲུབ། དེ་རྗེས་ཤྲཱི་ཀ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཞི་བ་འཚོས་མཁན་པོ་མཛད་དེ་སད་མི་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།དེ་རྗེས་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་ནས་ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང༌། ཡེར་པ་དང༌། ཆུ་བོ་རི། མཆིམས་ཕུ་རྣམས་སུ་སྒོམ་གྲྭ་བཙུགས་ཏེ་རབ་བྱུང་ཐམས་ཅད་ལ་འཚོ་བ་བླ་ནས་བླར་སྦྱར། མདོ་སྔགས་ཀྱི་ཆོས་ཕལ་མོ་ཆེ་བསྒྱུར་ཅིང་ཉན་བཤད་ཀྱིས་གཏན་ལ་ཕབས། མཁས་དང་གྲུབ་པ་བརྙེས་པའི་སྐྱེས་བུས་གངས་ཅན་གྱི་ཡུལ་ཐམས་ཅད་མཛེས་པར་བྱས་སོ།།དེ་ལྟར་མཁན་པོས་བོད་དུ་བསྟན་པ་ཡུན་རིང་བསྐྱངས་ནས་མཐར་བྲག་དམར་ཕོ་བྲང་དུ་རྟས་བརྡབས་པའི་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན། ཞལ་ཆེམས་ལྟར་ཧས་པོ་རིའི་རྒྱབ་ཏུ་སྐུ་གདུང་མཆོད་རྟེན་བཞེངས་པའི་ཞལ་བོད་ཡུལ་དུ་ཕྱོགས་ནས་བཞུགས་སུ་གསོལ། །བསྟན་པའི་རྩ་བ་ཐེག་དམན་སོ་ཐར་གྱི་སྡོམ་རྒྱུན་རྣམ་ཐར་བསྙད་པ།