无障碍阅读 关怀版

བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ།

དུས་ཚོད། 2018-03-02 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

ཆུ་མགོ་གངས་དང་རི་རྒྱུད་རྫ་ཞེས་པ་ལྟར། ང་ཚོའི་མི་རིགས་འདིའི་ཡབ་མེས་གོང་མའི་གོང་མ་སྟེ། སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་བར་ལ་སྐུ་འཁྲུངས་ཤིང་། མཚན་ལ་གཉའ་ཁྲི་བཙན་པོ་རུ་ཞུ་བ་འདི་ནི་བོད་ཀྱི་རྒྱལ་པོ་ཐོག་མ་འདི་ཡིན།མཚན་གཞན་ལ་ཁྲི་བཙན་པོ་འོད་ལྡེ་ཡང་ཞུ་ཞིང་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་དུ་གྲགས།ཁོང་གི་ཞིབ་ཕྲའི་འཁྲུངས་བའི་དུས་ཚོད་ཀྱི་སྐོར་ལ་སྤྱི་ལོའི་སྔོན་གྱི་ལོ་༡༢༧དང་སྤྱི་ལོའི་སྔོན་གྱི་ལོ་༢༣༧སོགས་གསུང་ཚུལ་མི་འདྲ་བ་མང་། རྒྱལ་པོ་འདིའི་འབྱུང་ཁུངས་ཐད་བོད་ཀྱི་ལོ་རྒྱུས་ནང་གནམ་གྱི་ལྷ་ལས་མིའི་རྗེ་བོར་ཕེབས་ཞེས་དང་། རྒྱ་གར་ཤྰཀྱའི་རིགས་རྒྱུད་ཆེ་ག་གེ་མོ་ཞིག་ལས་བྱུང་ཟེར་བ། བོད་ཀྱི་སྤོ་བོའི་ཡུལ་ལས་ཡར་ལུང་དུ་བྱོན་ཞེས་པ་སོགས་བཞེད་ཚུལ་མི་འདྲ་བ་སྣང་། གང་ལྟར་ཡུལ་གང་ཞིག་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་ཕེབས་པའི་ཚེ་བོད་མི་རྣམས་ཀྱིས་མཐོང་སྟེ་མི་ལས་འདས་པའི་མཚན་མ་དང་ལྡན་པ་སྟེ། མིག་མས་འགེབས་པ། གཡུ་ཡི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ། སོར་མོ་ཤའི་དྲ་བས་འབྲེལ་བ་ཞིག་ཡོད་པས་ཡ་མཚན་སྐྱེས་ཏེ་བོད་ཁམས་ཀྱི་རྒྱལ་པོར་འོས་སོ་ཞེས་གཉའ་བར་བཏེགས་ནས་འོངས་བས་མཚན་ཡང་གཉའ་ཁྲི་བཙན་པོ་ཞེས་བརྗོད། གཉའ་ཁྲི་བཙན་པོས་བོད་ཀྱི་རྒྱལ་པོ་མཛད་པ་ནས་བཟུང་སྤུར་རྒྱལ་བཙན་པོའི་རྒྱལ་རབས་དབུ་བརྙེས་ཤིང་། དེ་ཡན་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལ་སོགས་པས་དབང་བསྒྱུར་པ་དང་། བོད་མི་རྣམས་བྲག་དང་ས་ཕུག་སོགས་སུ་སྡོད་སྐད། རྒྱལ་པོ་འདིས་མཁར་གྱི་དང་པོ་ཡུམ་བུ་བླ་མཁར་བརྩིགས། དེ་ནི་རྡོ་གཡམ་ཆེ་ཆུང་སྣ་ཚོགས་ཀྱིས་བརྩིགས་པའི་མཁར་ཐོག་ས་གསུམ་པ་ཞིག་ཡོད། སུམ་པའི་བོན་པོ་ཨ་ལོང་རྒྱལ་བ་བཏུལ། སྣབས་རྗེས་སྲིས་པ་ལ་སོགས་རྒྱལ་ཕྲན་དབང་དུ་བསྡུས་ཤིང་། སྐབས་དེའི་འགོ་དཔོན་ཁྲོད་དུ་དབུ་རྨོག་བཙན་ལ་སྙན་གྲགས་ཆེ་བ་ཞིག་བྱུང་། དེ་ལྟར་ཁོང་ནི་དམར་པོ་སྲོག་ལ་བབས་ན། དཔའ་རྒོད་མདུང་གིས་མི་ཕུགས་པ་ཞིག་དང་། གདུག་ཆེན་ཇག་ལ་ཐུག་ན། དམར་གཡག་སྟག་གི་སྡེར་ཁ་ཅན་ཞིག་ཡིན། རྒྱལ་པོ་འདིའི་དུས་སུ་བོན་གྱི་ཤེས་པ་ཅན་བཅུ་གཉིས་ཞེས་པ་བྱུང་ཞིང་སྨན་དཔྱད་དང་རྩིས་འདེབས་སོགས་ཀྱི་རིག་གནས་དར་བ་མ་ཟད། གཏམ་རྒྱུད་དང་སྒྲུང་རྒྱུད། སྡེབ་སྦྱོར། བཀའི་ཀུགས། བྲོ་གར། གླུ་གཞས། ཤོ་རྩེད་རྩེད་འཇོལ་སོགས་པ་བྱུང་ཞེས་གྲགས། རྒྱལ་པོ་འདིའི་སྐུ་བོན་ནི་མཚེ་མི་སྨུ་རྒྱལདང་། ཙོ་མི་ཕྱག་གར་གཉིས་ཀྱིས་བྱས། གནམ་མུག་མུག་གམ་མུ་ཚོ་བཟའ་ཁབ་ཏུ་བཞེས་པར་སྲས་མུ་ཁྲི་བཙན་པོ་འཁྲུངས། སྲས་ཆིབས་ཁ་ཐུབ་ཙམ་ན་ཡབ་གནམ་དུ་གཤེགས་པས་པུར་དང་བང་སོ་མེད་པར་གྲགས།