༄༅། ། རོང་ལོ་ཙཱ་བ་ཆོས་བཟང་།
ཁོང་ལ་རོང་ཟོམ་ལོ་ཙཱ་བ་ཆོས་བཟང་ཟེར་ཞིང་གཙང་གི་ཁུངས་རོང་དུ་འཁྲུངས། ཟུར་པོ་ཆེ་དང་ཧ་ལམ་དུས་མཉམ། པཎྜི་ཏ་སྨྲི་ཏི་དང་མཉམ་དུ་བོད་དུ་འོངས་པའི་པཎྜི་ཏ་ཕྲ་ལ་རིང་བས་གྲོང་འཇུག་བྱས་པས་རོང་པས་ཆོས་མང་པོ་རྡོལ་ཤེས་སུ་བྱུང་སྐད། གང་ལྟར་མདོ་རྒྱུད་དང༌། ཚད་མ། རིག་བྱེད། རིག་གནས་ཕྱི་ནང་ཀུན་ལ་མཁས་པ་ཆེན་པོ་ཞིག་ཡིན་ལ། རྒྱུད་སྡེ་རྩ་འགྲེལ་མང་པོ་བསྒྱུར། རང་ཉིད་ཀྱིས་ཀྱང་གསང་སྔགས་ཀྱི་བསྟན་བཅོས་དང་སྨྲ་སྒོ་མཚོན་ཆའི་འགྲེལ་པ་སོགས་བརྩམས། མདོ་སྒྱུ་སེམས་གསུམ་ཀའི་གསན་པ་དང་ཉམས་བཞེས་གཞན་ལ་ལེགས་འདོམས་ཀྱི་འཕྲིན་ལས་སྤེལ་ལོ། །
རོང་ལོ་ཙཱ་བ་ཆོས་བཟང་དང་། རོང་པ། རོང་ཟོམ་ཆོས་ཀྱི་བཟང་པོའང་ཞུ་བའི་རྗེ་འདི་ཉིད་ནི་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་སྲས་སུ་དུས་རབས་བཅུ་གཅིག་པའི་ནང་ཟུར་བོ་ཆེ་དང་ཧ་ལམ་དུས་མཉམ་སྤྱི་ལོ1002ལོར་རུ་ལག་གཙང་སྨད་ཀྱི་སྣར་ལུང་རོང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་མཚན་ཉིད་གསན་པ་དང་། བཅུ་གསུམ་མན་ཆད་ལ་གསན་པ་རྗོགས་པ་དང་འདྲ་བར་མཁྱེན་པ་ཆེ་བར་གྱུར། སྐྱེས་བུ་འདི་ནི་ཤེས་རབ་ཟབ་ལ་རྒྱ་ཆེ་བ་དྲི་མ་མེད་པ་དང་ལྡན་པས་རྒྱ་གར་གྱི་ཆོས་བཟང་པོ་མདོ་རྒྱུད་དམ་བསྟན་བཅོས་སུ་གཏོགས་པ་སྔར་མ་གཟིགས་པ་མཐའ་དག་ཚར་རེ་གཉིས་གཟིགས་པས་མཁྱེན་ཞིང་། ཚིག་དང་དོན་མ་ལུས་པ་ཐུགས་ལ་ཟིན་ནས་ཐམས་ཅད་མི་བརྗེད་པའི་གཟུངས་ཐོབ་ཅེས་གྲགས། གཞན་ཡང་ཙ་ན་ཀ་ལ་སོགས་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་། ཚད་མའི་བསྟན་བཅོས། རིག་བྱེད་ཀྱི་བསྟན་བཅོས། དོན་དུ་འགྱུར་བའི་ཚིགས་བཅད་དང་སྙན་དངགས་མང་པོ་མཁྱེན།
འདི་ཉིད་ཀྱིས་མཛད་པའི་ཆོས་ཐམས་ཅད་ལུང་དང་རིགས་པ་དང་བླ་མའི་ཉེ་བར་བསྟན་པ་དང་མི་འགལ་ཞིང་། སྒྲ་དོན་གྱི་སྐྱོན་དང་རྣམ་པར་བྲལ་བས་གཞན་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་མི་ནུས་པར་གྲགས་པའོ། ། དེ་བཞིན་དུ་སང་སྐྲི་ཏའི་སྐད་ལ་སོགས་པ་རྒྱ་གར་གྱི་སྒྲའི་བྱེ་བྲག་མང་པོ་དང་། སྒྲའི་བསྟན་བཅོས་ཀྱི་དོན་ལའང་མ་རྨོངས་པར་གྲགས། དུས་དེའི་ཚེ་ལོ་ཙཱ་བ་ཆེན་པོ་འདི་ཉིད་ལ་གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་དང་། མར་བ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་བོད་རུ་བཞིའི་ལོ་ཙཱ་བ་དང་མཁས་པ་མང་པོ་བཏུད་ཅིང་གསན་པར་གྱུར་ཏེ། གསན་པ་དེ་དག་གི་སློབ་བརྒྱུད་ཐམས་ཅད་ཀྱང་ཤིན་ཏུ་དད་པར་གྱུར་ནས་བླ་མ་དམ་པར་འཛིན་ནོ། ། དེ་ལྟར་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཞིང་། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་བ་མ་གཏོགས་པ་ཕ་རོལ་ཁྱད་དུ་གསོད་པའི་ངག་རྩུབ་ལ་སོགས་པ་ཐམས་ཅད་མི་གསུང་། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲི་ཝརྨ་དང་། མཉྫུ་ཤྲི་ཉྫ་ན་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད།
སྤྱིར་རྗེ་འདི་ཉིད་ཀྱིས་གསེར་དུ་བསྒྱུར་བའི་ཆོས་མང་དུ་ཡོད་ན་ཡང་མདོ་བསྡུས་ཙམ་ནི། རྡོ་རྗེ་འཇིགས་བྱེད་དང་། གཤེན་རྗེ་དགྲ་རྒྱུད། འཇམ་དཔལ་སྔགས་དོན། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། དུས་ཕྱིས་བླ་མས་གསུངས་པའི་དགོངས་པ་རྫོགས་པའི་ཕྱིར། བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་པའི་ཆེད་དུ་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་བ་ཚུལ་བཞིན་ཡན་ལག་བཅོ་ལྔ་བ་མཛད། མཉམ་སྦྱོར་ལའང་འགྲེལ་བ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་མཛད། དེ་བཞིན་ངན་སོང་སྦྱོང་རྒྱུད་དང་། འཇིགས་བྱེད། སྨྲ་སྒོ་ལ་སོགས་པའི་འགྲེལ་བ་དང་བསྟན་བཅོས་མང་དུ་མཛད་པ་མ་ཟད། ཐ་ན་འཇིག་རྟེན་པའི་འཚོ་ཚིས་ཞིང་ལས་དང་། ཕྱུགས་སྐྱོང་བ་དང་། དཀར་ཤེ་ཇི་ལྟར་སྒྲུབ་ཚུལ་གྱི་བསྟན་བཅོས་ཀྱང་མཛད་དོ། །
ཡོངས་འཛིན་དྲ་བ་ནས་བཏུས།