༄༅། ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ།
ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ་ནི་བོད་ལ་ལོ་ཙཱ་བ་མང་དུ་འཁྲུངས་པའི་ཁྲོད་ནས་མཚན་སྙན་ཡོད་པ་ཞིག་ཡིན་ལ། དགུང་ལོ་ཆུང་ངུའི་དུས་ནས་ལོ་ཆེན་གྲགས་པ་རྒྱ་མཚོ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་ཀྱི་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་ཡིག་རིགས་མི་འདྲ་བ་སྣ་ཚོགས་སྦྱངས་ཏེ་ལོ་ཙཱ་བ་ཆེན་མོའི་མཚན་གནས་ཐོབ། ཕྱིས་སུ་རྒྱ་གཞུང་དུ་མ་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་པོད་བཅུ་ཕྲག་ལང་བ་ཡོད་དོ། །
ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་ནི་གཙང་ཞ་ལུ་གསེར་ཁང་གི་ཁང་གསར་གོང་མ་ཞེས་བྱ་བའི་རུས་རྒྱུད་དུ་ཡབ་བསམ་གྲུབ་དཔལ་བཟང་དང་། ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་བྱ་སྤྱི་ལོ1441ལོར་སྐུ་བལྟམས། མཚན་ཆོས་སྐྱོང་འབུམ་ཞེས་གསོལ། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྒྱལ་རྩེ་སྡེ་བ་དང་རིན་སྤུངས་པ་གཉིས་དམག་འཁྲུག་བྱུང་སྟེ་ཡབ་ཀྱང་དམག་འཁྲུག་གི་ཁྲོད་སྐུ་གཤེགས་སོང་། དེ་ནས་རྒྱལ་རྩེ་ཆོས་རྒྱལ་བཀྲ་ཤིས་འཕགས་པའི་ཞབས་འབྲིང་དུ་མངགས། དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་མཁན་ཆེན་དཀོན་མཆོག་བཟང་པོའི་དྲུང་དུ་རབ་དུ་བྱུང་། མཚན་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་རྗེ་དོན་གྲུབ་གྲགས་པས་མཁན་པོ་དང་། དཀའ་བཅུ་བ་བསོད་ནམས་གྲགས་པས་ལས་སློབ། མཁར་གྲགས་པ་བསོད་ནམས་བློ་གྲོས་ཀྱིས་གསང་སྟོན་གནང་སྟེ་དཔལ་འཁོར་ཆོས་སྡེར་བསྙེན་པར་རྫོགས། དེ་ནས་ཁོང་གིས་མཁས་པའི་དབང་པོ་མང་པོའི་ཞབས་ལ་གཏུགས་ཏེ་མཁས་པའི་ཕ་རོལ་ཏུ་ཕྱིན། དགུང་ལོ་ང་གསུམ་པར་རྒྱ་སྟོན་ལྕགས་རི་བའི་གདན་སར་དབང་བསྐུར། དགུང་ལོ་ང་ལྔ་བར་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་དབང་བསྐུར་བ་ནས་བཟུང་ཕྱིས་སུ་བཞུགས་ཡུལ་གཙོ་བོ་དེར་མཛད། དགུང་ལོ་དོན་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་སྐུལ་བཞིན་ཞ་ལུར་ཕེབས་ཏེ་མདོ་སྔགས་སྤྱི་དང་། ལྷག་པར་ཐུན་མོང་གི་རིག་གནས་བཤད་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་དོན་དྲུག་པར་སྡེ་པ་ཡར་རྒྱབ་པས་གདན་ཞུས་ལྟར་སློབ་གྲྭ་ཐང་དུ་ཕེབས་ནས་སྐུ་ཚེའི་མཐའ་མ་བར་བཞུགས། མཐར་དགུང་གྲངས་གྱ་བདུན་ལ་ཕེབས་པ་རབ་བྱུང་དགུ་བའི་མེ་ཕག་སྤྱི་ལོ1527ལོར་སྐུ་གཤེགས།
ལོ་ཆེན་གྱི་འགྱུར་གྱི་སྐོར་ལ་མདོ་སྔགས་རིག་གནས་ཀྱི་སྐོར་དང་། སུམ་རྟགས་སོགས་བརྡ་སྤྲོད་རིག་པའི་སྐོར་གྱི་བསྟན་བཅོས་སོགས་མང་དུ་མཛད་ལ། མདོར་ན་གཞུང་མང་པོ་ལ་འགྱུར་བཅོས་སམ་ཧོར་ཀོང་བསབས་པ་སོགས་ཀྱི་སྒོ་ནས་ལེགས་པར་མ་འགྱུར་བ་དང་། ལོག་པར་བསྒྱུར་བ། འགྱུར་ཆད་པ་སོགས་མཐའ་དག་གི་དྲི་མ་བཀྲུས་ནས་ཅི་ལྟ་བ་ཇི་སྙེད་པའི་རིག་གནས་ཀྱི་རྒྱུན་བཟང་པོ་ཤིན་ཏུ་གསལ་བར་མཛད་པར་མ་ཟད། བསྟན་བཅོས་ཀྱང་མང་པོ་གཞི་བསྒྱུར་དང་བརྩམས་གནང་བཅས་གངས་རིའི་ཁྲོད་ཀྱི་ལོ་ཙཱ་བ་ཆེན་མོ་དང་། ལྷག་པར་རིག་གནས་ལ་ཕྱག་རྗེས་ཤིན་ཏུ་ཆེ།
ལོ་ཆེན་འདི་ཡི་ཐུགས་སྲས་ལ་མཚོན་ན། ས་ལོ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དང་། ལོ་ཙཱ་བ་རནྟ་བྷ་དྲ། མཐུ་སྟོབས་ཆོས་ཀྱི་ངག་དབང་བསོད་ནམས། ཉིད་ཀྱི་དབོན་པོ་ལོ་ཆེན་པད་མ་དཀར་པོ། སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས། གཡའ་བཟང་མཁས་བཙུན་དབང་བོ་སོགས་ལོ་ཆེན་དགུ་དང་། སྔགས་ཀྱི་བཤད་རྒྱུན་འཛིན་པའི་སློབ་མ་མཁས་གྲུབ་ཨོ་རྒྱན་རྫོང་བ། རྩེད་ཐང་འབུམ་རམས་པ། མཁན་པོ་ཆོས་གྲུབ་སེང་གེ་སོགས་མང་དུ་བྱུང་ནས་གངས་ཅན་གྱི་ལྗོངས་ཐམས་ཅད་དུ་ཁྱབ་པར་གྱུར།
ལོ་ཆེན་འདིའི་གསུང་རྩོམ་ཐད་ལ། ཀ་ཙན་སྤྱི་དོན་དང་། འགྲེལ་བ་རྣམ་པ་གཉིས། བྱིངས་མདོའི་བསྡུས་དོན། ཀ་ལཱ་བའི་ས་བཅད། ཉེར་བསྒྱུར་གྱི་འགྲེལ་བ་རྒྱས་འབྲིང་བསྡུས་གསུམ། དག་ཡིག་ཟ་མ་ཏོག ཨཥྚའི་བྱིངས་སྒྲུབ་སོགས་སྔགས་ཀྱི་བྱིངས་སྒྲུབ་མང་པོ། མཚམས་སྦྱོར་གྱི་འགྲེལ་བ་གཉིས། སུམ་རྟགས་ཀྱི་འགྲེལ་བ་བརྡ་སྤྲོད་རིག་པའི་སྐོར་གྱི་བསྟན་བཅོས་ཀྱང་མང་དུ་གསར་མཛད་དོ། །
དུང་དཀར་ཚིག་མཛོད་ལས་དྲངས།