༄༅། ། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་བྱོན་པའི་ལོ་ཙཱ་བ་ཞིག་སྟེ། འཁྲུངས་ཡུལ་མྱང་སྟོད་སྟག་རྩེའི་ནང་སྟག་ཚལ་ནས་ཡིན། བཙན་པོའི་དགོངས་པ་ལྟར་གངས་ཏི་སེར་བཞུགས་པའི་སློབ་དཔོན་སངས་རྒྱས་གསང་བ་སྤྱན་འདྲེན་པར་ཕེབས་པ་དང་། ཕྱིས་སྤྱོད་རྒྱུད་མངོན་པར་བྱང་ཆུབ་པ་ཁྲོ་བོ་དམ་པ་རྒྱན་འཕྲེང་ལུང་སོགས་གསང་སྔགས་གསར་རྙིང་མང་དུ་བསྒྱུར་ཅིང་གཏན་ལ་ཕབ། མྱང་ཆོས་འབྱུང་དུ་སངས་རྒྱས་གསང་བ་སྤྱན་དྲངས་ཚུལ་བསྟན་པའི་སྐབས་སུ། སློབ་དཔོན་གྱིས་ཕྱི་ནང་གཉིས་ཀྱི་དབང་གདམས་པ་རྣམས་གསུངས་ཤིང་། ཆོས་རྣམས་བསྒྱུར་ཟེར་བས་བོད་ཀྱི་དཔེ་དང་དབང་གདམས་པ་ཆོས་དང་བཅས་རྒྱལ་པོ་དང་རབ་བྱུང་དགེ་བཤེས་རྣམས་ལ་སྐྱེས་སུ་ཕུལ་བ་ཡིན་ཞིང་། དེ་ལྟ་བུའི་དབང་ཆེན་གཉིས་ཀྱི་གཙོ་བོ་པཱ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་བཟང་པོ་ཡིན་ཞེས་བསྟན་ཡོད་པ་ནི། ལོ་ཙཱ་བ་འདི་ཉིད་ཀྱི་མཚན་ལས་མིང་ཕྱི་མ་རྒྱལ་པོ་དེ་ཉིད་བཟང་ལ་ཡི་གེ་འཇུག་ནོར་བྱུང་ངམ་ཡང་ན་སྐབས་དེར་པ་ཚབ་ཀྱི་རུས་སུ་ལོ་ཙཱ་བ་གཉིས་བྱུང་བ་དཔྱད་དགོས་ཤིང་། གཞན་པའི་ཆོས་འབྱུང་མང་ཆེ་བར་ལོ་ཙཱ་བའི་མཚན་བགྲངས་པའི་སྐབས་སུ་མཚན་འདི་གཉིས་ཀ་མཐོང་རྒྱུ་དཀོན། ལོ་ཙཱ་བ་འདི་ཉིད་སློབ་དཔོན་སངས་རྒྱས་གསང་བའི་ཆེད་མངགས་ལོ་ཙཱ་བ་མཛད་ཅིང་། ཁོང་ཉིད་བཞུགས་པའི་མཐིལ་པ་སྣམ་རྫོང་རྩེ་དང་། ཆོས་འཆད་པའི་དགོན་པ་སྒ་གདོང་། དེ་རུ་ཆོས་འཁོར་བསྐོར་ཅིང་བསྟན་པ་རིན་པོ་ཆེར་བྱ་བ་མཛད་པའི་བྱ་རྒྱུད་སྒ་གདོང་དགོན་པར་བཞུགས་ཀྱང་སྣ་སྣམ་དང་ཐུགས་ཤིན་ཏུ་མཛའ་ཞིང་གཅུགས་པ་ལ། འདི་དང་སྣ་ནམ་རྡོ་རྗེ་བདུད་འཇོམས་གཉིས་ལྷན་དུ་བཞུགས་ས་པ་སྣམ་རྫོང་འདི་རང་ཡིན་པས་ན་ལོ་པཎ་གྱི་མིང་གནས་ལ་ཆགས་པ་པ་སྣམ་ཞེས་གྲགས་སོ།།《མདོ་སྡེ་དྲན་པ་ཉེར་བཞག》གི་འགྱུར་བྱང་གི་གཤམ་དུ་བྱང་ཕྱོགས་པ་ཚབ་ཀྱི་ཡུལ་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་པོ་ཡིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་དབང་ཕྱུག་གཞན་པས་ཆེས་མཐོ་བ་དང་ལྡན་པ་རྭ་མ་པཱ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བའི་ཤས་ཞིག་འགྱུར་བའི་འགྲོ་ཡོངས་སུ་རྫོགས་པར་བྱས་ནས་བསྒྱུར་བའོ་ཞེས་གསལ། སློབ་སྤྲེའི་འགྲེལ་བ་སློབ་དཔོན་བཻ་རོ་ཙཱ་ནས་མཛད་པ་དང་། འདིས་བསྒྱུར་བའི་དམིགས་བརྟག་དང་། དེའི་འགྲེལ་པ་དཀར་ཆག་ལྡན་དཀར་མར་གསལ།