无障碍阅读 关怀版

༄༅། ། ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰི་བྷ་དྲ།

དུས་ཚོད། 2018-12-27 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

                  རྗེ་འདི་ཉིད་ཡབ་ཚོང་དཔོན་ཆེན་པོ་ས་མ་ཛ་ཡའི་སྲས་སུ་རབ་བྱུང་གཉིས་པའི་མེ་ལུག(1127)ལོར་ཀ་སྨིར་འཁུངས། དགུང་ལོ་བཅུ་ནས་རིག་པའི་གནས་ལྔ་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉེར་གསུམ་པར་རབ་ཏུ་བྱུང་། དེ་ནས་རྒྱ་གར་ཤར་ཕྱོགས་སུ་ཕེབས་ནས་ཚད་མ་དང་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་མཛད་དེ་འཛམ་གླིང་ན་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོར་གྱུར། རབ་བྱུང་དང་པོའི་མཇུག་སྟེ་དུས་རབས་བཅུ་གསུམ་པའི་ལོ་འགོར་ནུབ་ཕྱོགས་དུ་རུ་ཀའི་དམག་དྲངས་ནས་རྒྱ་གར་ལྷོ་ཕྱོགས་དང་ཤར་ཕྱོགས་མ་གཏོགས་དེ་འཕྲོས་མང་ཆེ་བ་དུ་རུ་ཀའི་མངའ་འོག་ཏུ་ཚུད་དེ་མཁས་པ་དང་རབ་བྱུང་མང་ཆེ་བ་རྒྱ་གར་ཤར་ཕྱོགས་འབར་མ་དང་། ཐེ་ལན། ཁམ་ཕུ་ཁྲེ་ཡ་སོགས་སུ་བྲོས་ཕེབས་ཤིང་། ཁ་ཆེ་པན་ཆེན་སོགས་ཉུང་ཤས་ཤིག་རྒྱ་གར་བྱང་ཕྱོགས་བོད་ཀྱི་གྲོ་མོ་ས་ཁུལ་དང་ཐག་ཉེ་བའི་བེེདྰུརྱའི་ཚོང་འདུས་སུ་བྲོས་ཕེབས། དེར་ལོ་གཅིག་ཙམ་བཞུགས་མཚམས་ཁྲོ་ཕུ་ལོ་ཙྰ་བ་བྱམས་དཔལ་གྱིས་རབ་བྱུང་གསུམ་པའི་ཤིང་བྱི(1204)ལོར་གྲོ་མོ་བརྒྱུད་ནས་དབུས་ཕྱོགས་སུ་གདན་དྲངས། དེ་སྐབས་ཁ་ཆེ་པན་ཆེན་དགུང་ལོ་དོན་བརྒྱད་ལ་ཕེབས་ཤིང་། ཁྲོ་ཕུ་ལོ་ཙྰ་བ་དགུང་ལོ་སུམ་ཅུ་ལས་ཕེབས་མེད་སྟབས་ཁོང་ལ་ཆོས་འགའ་ཤས་གསུངས་ནས་རྒྱ་གར་དུ་ཕྱིར་ཕེབས་དགོས་དགོངས་རུང་རྗེས་སུ་ཁོང་གི་སློབ་མ་འགའ་ཞིག་ཡོད་པ་རྣམས་དང་ཆོས་ཀྱི་གསུང་གླེང་གནང་བ་དེ་པན་ཆེན་གྱིས་ཞོར་ལ་གསན་པས་ཐུགས་མཉེས་ཏེ་བོད་ལ་ལོ་ཙྰ་བ་མཁས་པ་ཆེན་པོ་གཞོན་ནུ་འདི་འདྲ་ཡོད་པ་ངོ་མཚར་ཆེ་གསུངས་ནས་ཁོང་གིས་ཆོས་ནམ་གསུངས་ཀྱང་ལོ་ཙྰ་བ་ལ་སྐད་བསྒྱུར་གནང་དུ་བཅུག ལམ་བར་ཕག་རི་དང་ཁྲོ་ཕུ། མཚུར་ཕུ་སོགས་བརྒྱུད་ལྷ་སར་བྱོན། ཇོ་བོ་རྣམ་གཉིས་ལ་མཆོད་པ་རྒྱ་ཆེན་མཛད། མཚུར་ཕུ་བྱམས་པའི་སྐུ་བརྙན་ཆེན་པོ་བཞེངས། སྲིན་ཕུ་རིར་དབྱར་གནས་མཛད། མངོན་པ་ཀུན་འདུས་ཀྱི་རྣམ་བཤདསློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ་བསྒྱུར། དེ་ལྟར་བོད་དུ་ལོ་བཅུ་བཞུགས་རིང་བསམ་ཡས་དང་མཆིམས་ཕུ། རྭ་སྒྲེང་། ལྷོ་བྲག གཉལ། ཐང་པོ་ཆེ་སོགས་ཡུལ་ཁམས་མང་དུ་ཕེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཞིང་། དད་ལྡན་སྐྱེ་བོ་རྣམས་ཀྱིས་ཕུལ་བའི་ཕྱག་རྫས་རྣམས་གནས་སོ་སོའི་དགེ་འདུན་དང་རྟེན་བཞེངས་ཆེད་དུ་གནང་ནས་སྣེ་གཅིག་ཀྱང་བདག་གིས་མི་མཛད། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པ་རབ་བྱུང་བཞི་པའི་ཤིང་ཁྱི1214ལོར་ཀསྨིར་ཕྱིར་ཕེབས། ཁ་ཆེར་ཡང་ལོ་བཅུ་གཉིས་རིང་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མཛད་དེ་མཐར་དགུང་ལོ་གོ་དགུ་པ་རབ་བྱུང་བཞི་པའི་ཤིང་བྱ1225ལོར་སྐུ་གཤེགས།

བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་།ལས་བཏུས།