སྲོང་བཙན་སྒམ་པོ།

དུས་ཚོད། 2020-10-12 རྩོམ་པ་པོ རྩོམ་སྒྲིག

སྲོང་བཙན་སྒམ་པོ།

གངས་ཅན་ལྗོངས་སྐྱེ་འགྲོ་ཀུན་གྱིས་སྤྱི་བོར་བཀུར་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི། བོད་ཀྱི་ལོ་རྒྱུས་ཐོག་ཆེས་ཕུལ་དུ་བྱུང་བའི་བཙན་པོའི་རྒྱལ་རབས་ཀྱི་བཙན་པོ་ཞིག་ཡིན་ཞིང་། ཁོང་གིས་རྒྱལ་སྲིད་བསྐྱངས་ཏེ་ཆབ་སྲིད་དང་། དམག་དོན། ཁྲིམས་ལུགས། ཕྱི་འབྲེལ་སོགས་སུ་མཛད་རྗེས་བླ་ན་མེད་པ་བཞག་ཡོད།

སྲོང་བཙན་སྒམ་པོ་ཞེས་པའི་མཚན་ནི་ཁོང་གིས་སྲིད་དབང་བཟུང་རྗེས། བློན་པོ་རྣམས་ཀྱིས་གསོལ་བ་ཞིག་ཡིན། དེ་ཡང་རྒྱུད་དྲང་ཞིང་སྲོང་བ། ཁྲིམས་ལ་ཉེ་རིང་མེད་པས་བཀའ་བཙན་པ། མི་སུས་ཀྱང་ཁོང་གི་བསམ་ཚུལ་རྟོགས་མི་ཐུབ་པར་ཐུགས་སྒམ་པོ་ཡོད་པ་བཅས་ཀྱི་སྒོ་ནས་མཚན་དེ་ལྟར་བཏགས་པ་ཡིན། མི་རྗེ་འདི་ཉིད་ནི་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་མལ་གྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང་(དེང་སྐབས་གྲོང་ཁྱེར་ལྷ་སའི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཕོ་བྲང་ཤང་ཁྲི་སྒང་གྲོང་ཚོར་ཡོད)དུ་ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་ཚེ་སྤོང་བཟའ་རྒྱལ་ཡུམ་གཉིས་ཀྱི་སྲས་སུ་སྤྱི་ལོ་617ལོར་སྐུ་འཁྲུངས་པ་དང་། སྤྱི་ལོ་650ལོར་དགོངས་པ་རྫོགས།

ཁོང་གི་མཛད་རྗེས་མཐའ་དག་གི་ནི་འདིར་བརྗོད་པར་མི་ནུས་ཀྱང་། གཙོ་ཆེ་བ་ཙམ་གླེང་བ་འདི་ལྟ་སྟེ།

དང་པོ། དགུང་ལོ་ཆུང་དུས་རྒྱལ་སྲིད་བསྐྱངས་ཏེ། ཕྱི་ནང་དུས་ཟིང་བདེ་འཇགས་སུ་བཏང་ནས་བོད་ཡོངས་གཅིག་གྱུར་བཟོས།

སྐབས་དེར། བོད་ཀྱི་སྤྱི་ཚོགས་གནས་བབ་ནི། བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བརྩིས་པའི་རྒྱལ་རབས་སོ་གཅིག་པ་སྲོང་བཙན་གྱི་མེས་པོ་སྟག་རི་གཉའ་གཟིགས་ཀྱིས་སྲིད་དབང་བཟུང་དུས་སུ། བན་པ་རྗེ་དང་དྲང་གར་རྗེ་སོགས་རུས་རྒྱུད་ཚོ་པའི་རྒྱལ་ཕྲན་འགའ་ཞིག་མངའ་འོག་ཏུ་བསྡུ་བའི་འགོ་ཚུགས་ཤིང་། དེའི་སྲས་གནམ་རི་སྲོང་བཙན་གྱི་དུས་སུ་འཕན་ཡུལ་གྱི་ཟིང་པོ་རྗེ་དང་། གཙང་གི་རྒྱལ་པོ་མར་མུན། དྭགས་པོ་ས་ཁུལ་སོགས་མངའཁོངས་སུ་བཅུག་སྟེ། དབུས་གཙང་གི་རྒྱལ་ཕྲན་དང་རུས་རྒྱུད་ཚོ་པ་རྣམས་གཅིག་གྱུར་བྱེད་པའི་རྨང་གཞི་འདིང་བའི་རྣམ་པ་ཙམ་ཆགས་ཟིན། འོན་ཀྱང་གསར་དུ་བཙུགས་པའི་སྲིད་དབང་སྲ་ཞིང་བརྟན་པ་ཞིག་བྱུང་མེད་པ་སྟེ། གནམ་རི་སྲོང་བཙན་གྱིས་གཅིག་གྱུར་བྱ་གཞག་ལ་བྱས་རྗེས་ཆེན་པོ་འཇོག་མཁན་མྱང་དང་དབས་ཁྱུང་པོ་སོགས་བློན་པོ་གསར་པ་རྣམས་ལ་ཡུལ་དང་འབངས་ཁྱིམ་མང་པོའི་བྱ་དགའ་དང་བློན་ཆེན་གྱི་གོ་གནས་གནང་བར། བློན་པོ་ཪྙིང་པ་རྣམས་ཡི་རངས་པར་དབང་སྒྱུར་གྲལ་རིམ་གསར་ཪྙིང་བར་ནང་འགལ་བྱུང་བ་སྟེ། གནམ་རི་སྲོང་བཙན་གྱི་སྐུ་ཚེའི་སྨད་ལཡབ་འབངས་ནི་འཁུ། ཡུམ་འབངས་ནི་ལོག དྭགས་པོ་དང་ཀོང་པོ། མྱང་ཀུན་ཀྱང་ངོ་ལོག ཡབ་གནམ་རི་སྲོང་བཙན་ལ་དུག་དྲངས་ཏེ་བཀྲོངས་པསོགས་གསར་དུ་རྒྱ་བསྐྱེད་བཏང་མ་ཐག་གི་གཅིག་གྱུར་སྲིད་དབང་དེ་ཐོར་ལ་ཉེ་བའི་དུས་སུ་སླེབས།

གནས་ཚུལ་དེ་ལྟ་བུའི་འོག་ཏུ། སྲས་སྲོང་བཙན་དགུང་ལོ་བཅུ་གསུམ་ལ་སོན་མ་ཐག་པ་བཙན་པོའི་ཁྲི་ལ་མངའ་གསོལ་བ་དང་། ཁོང་གིས་དང་ཐོག་རང་ཉིད་དང་བློ་ཉེ་བའི་བློན་པོ་རྣམས་དང་མནའ་འབྲེལ་བཙུགས་ནས། ཕྱི་ནང་གི་དུས་ཟིང་སློང་མཁན་དང་ཡབ་ལ་དུག་འདྲེན་མཁན་རྣམས་མེད་པ་བཟོས་པ་མ་ཟད། དེ་སྔ་ཡབ་མེས་དུས་ཀྱི་ཆབ་འབངས་ངོ་ལོག་པ་མཐའ་དག་རིམ་བཞིན་སླར་ཡང་བཙན་པོའི་མངའ་འོག་ཏུ་བཀུག་པ་དང་། མྱང་མང་པོ་རྗེ་ཞང་སྣང་མངགས་ཏེ། སུམ་པའི་ཡུལ་ལ་དམག་འདྲེན་མི་དགོས་པར་འབངས་སུ་བཀུག  དེའི་རྗེས་སུ་བཙན་པོ་སྐུ་ངོ་མས་དམག་དཔུང་བྱང་རྒྱུད་དུ་དྲངས་ནས་འ་ཞ་སོགས་ལ་དཔུང་འཇུག་བྱས་ཏེ་དཔྱ་ཁྲལ་འཇལ་དུ་བཅུག་པས། ཁྱིམ་མཚེས་རྒྱལ་ཁབ་གཞན་དག་གིས་གོང་དུ་བཀུར་བ་དང་། མི་རིང་བར་ཞང་ཞུང་དང་གཉེན་མཛད་དེ། རང་ཉིད་ཀྱི་གཅུང་མོ་སད་མ་ཀར་ཞེས་པ་ཞང་ཞུང་གི་རྒྱལ་པོ་ལ་བག་མར་བརྫངས། རྗེས་སུ་དམག་དྲངས་ཏེ་ཞང་ཞུང་ཡོངས་རྫོགས་དབང་དུ་བསྡུས།

མདོར་ན། བོད་ཡོངས་གཅིག་གྱུར་བྱས་ནས་བཙན་པོའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཆེ་ཆེར་སྤེལ་བའི་མཛད་རྗེས་བསམ་བརྗོད་ལས་འདས་པ་བཞག་ཡོད་དོ།།

གཉིས་པ། སྲིད་དབང་གི་གནས་གཞི་ལྷ་སར་སྤོས་ནས་འཛུགས་སྐྲུན་རྒྱ་ཆེན་མཛད་པ།

སྲོང་བཙན་སྒམ་པོས་ཕྱི་ནང་གི་དུས་ཟིང་བདེ་འཇགས་སུ་བཏང་རྗེས། སྲིད་དབང་གི་གནས་གཞི་ལྷ་སར་སྤོས་པ་དེ་ནི་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པ་སྟེ། སྤྱི་ལོ་633ཙམ་ལ་སྲོང་བཙན་སྒམ་པོས་སྲིད་དབང་གི་གནས་གཞི་ལྷ་སར་སྤོས། རྒྱུ་མཚན་ནི། གོང་དུ་བཤད་པ་ལྟར་སྲོང་བཙན་སྒམ་པོས་རྒྱལ་སྲིད་བསྐྱངས་མ་ཐག་ཏུ། ཡུལ་དེར་གནས་པའི་བློན་འབངས་ངོ་ལོག་པ་རྣམས་ཀྱིས་ཟིང་འཁྲུག་བསླངས་པ་ཞོད་འཇགས་སུ་བཏང་རུང་། དེ་དག་གི་སྟོབས་ཤུགས་ལྷག་ལུས་རྩ་མེད་དུ་སོངམེད་པས། སྲོང་བཙན་སྒམ་པོས་འབྱུང་འགྱུར་རང་ཉིད་དང་རྒྱལ་སྲིད་ལ་གནོད་པར་དོགས་པས། ལྷཡུལ་གྱི་བཀོད་པ་དང་། སའི་དཔྱད་པ་སོགས་ལ་བརྟག་དཔྱད་ཞིབ་མོར་མཛད་པས། ཡུལ་ལྗོངས་ཉམས་དགའ་ལ། ས་གཞི་ཁོད་སྙོམས་པའི་དབུས་སུ་གཡས་གཡོན་གྱི་རི་རྒྱུད་གཞན་དང་མ་འདྲེས་པའི་རི་དེའུ་སེང་གེ་གནམ་ལ་མཆོངས་འདྲ་སྟེ། ད་ལྟའི་ཕོ་བྲང་པོ་ཏ་ལ་ཆགས་ཡུལ་དམར་པོ་རི་འདི་ཉིད་དཔྱད་ཁྱད་དུ་འཕགས་ཤིང་། དེའི་རྩེ་མོ་ཁོར་ཡུག་གི་སྣང་ཚུལ་མ་ལག་མཐིལ་དུ་བླངས་པ་ལྟར་མཐོང་ཐུབ་པ་སོགས་ཕ་རོལ་པོ་གནོན་པའི་དགེ་མཚན་ལྡན་པ་གཟིགས་པ་དང་།  དེ་བཞིན་ཁུལ་དེ་ནི་དེ་སྔ་ཟིང་པོ་རྗེའི་གནས་གཞི་འཕན་ཡུལ་གྱི་ཁོངས་སུ་གཏོགས་པ་དང་། ཟིང་པོ་རྗེའི་སྟོབས་འབྱོར་ནི་གཞན་ལས་ལྷག་ཅིང་། མངའ་འོག་ཏུ་རྒྱལ་ཕྲན་གཞན་མང་པོ་ཞིག་ཡོད་པས། ཆབ་སྲིད་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོད། གནམ་རི་སྲོང་བཙན་གྱིས་དེ་མངའ་འོག་ཏུ་བསྡུས་རྗེས། བློན་འབངས་ཚང་མས་ཁ་ཞེ་གཉིས་མེད་ཀྱིས་བཙན་པོར་བརྩི་བཀུར་བྱེད་ཀྱིན་ཡོད། སྲོང་བཙན་གྱིས་དུས་ཟིང་ལྷིང་འཇགས་གཏོང་སྐབས། གཙོ་བོ་ཁོ་ཚོའི་སྟོབས་ཤུགས་ལ་བརྟེན་པ་དང་། དམག་ཤུགས་ཀྱི་ཡོང་ཁུངས་ཡང་གཙོ་བོ་དེ་དག་ཡིན་པའི་སྟབས་ཀྱིས། དབུས་ཀྱི་དམག་ཤུགས་དམ་འཛིན་བྱེད་་པ་དང་། བློན་པོ་ཪྙིང་པའི་འཆིང་རྒྱ་ལས་ཐར་བ་བཅས་ཀྱི་ཆེད་དུ་སྲིད་དབང་གི་གནས་གཞི་ལྷ་སར་སྤོས་པ་དང་། དེ་ནི་སྲོང་བཙན་སྒམ་པོས་སྲིད་དབང་སྲ་བརྟན་དུ་གཏོང་བའི་ཐད་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན།

སྲོང་བཙན་སྒམ་པོས་བོད་ཀྱི་གནའ་བོའི་འཛུགས་སྐྲུན་ཐད་ལའང་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་པ་སྟེ། ཁོང་གིས་སྲིད་དབང་གི་གནས་གཞི་ལྷ་སར་སྤོས་རྗེས། ཕ་བོང་ཁར་ཕོ་བྲང་དགུ་ཐོག་བསྐྲུན། བལ་བཟའ་དང་རྒྱ་བཟའ་བཙུན་མོར་གདན་དྲངས་རྗེས། དམར་པོ་རིའི་སྟེང་གི་ཕོ་བྲང་རྒྱ་བསྐྱེད་དེ་ཐོག་བརྩེགས་དགུ་ཡོད་པ་བསྐྲུན་པ་དང་། ཇོ་ཁང་དང་ར་མོ་ཆེ། དེ་བཞིན་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་དང་། གྲོང་མིའི་གྲོང་རྡལ་བཅས་རིམ་བཞིན་རྒྱ་སྐྱེད་བྱུང་བ་དེ་དག་ད་བར་ལོ་ངོ་ཆིག་སྟོང་གསུམ་བརྒྱ་ལྷག་འདས་ཟིན་ཀྱང་། ངོ་མཚར་གྱི་གནའ་བོའི་འཛུགས་སྐྲུན་འགའ་ཞིག་དེང་གི་དུས་སུ་ཡང་ང་ཚོའི་མིག་གིས་མཐོང་རྒྱུ་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་དང་ལྟ་སྐོར་དུ་ཕེབས་མཁན་ཚང་མས་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་ཁྱེར་འདིར་ཕེབས་སྐབས། སྲོང་བཙན་སྒམ་པོའི་མཛད་རྗེས་རླབས་ཆེན་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད།།

གསུམ་པ། འཛམ་གླིང་གི་ཆེས་སྔོན་ཐོན་གྱི་ཡི་གེའི་གྲས་སུ་སླེབས་པའི་བོད་ཡིག་གསར་གཏོད་མཛད་པ།

དེང་སྐབས་ང་ཚོས་བེད་སྤྱོད་བྱེད་མུས་ཡིན་པའི་བོད་ཡིག་འདི་གསར་གཏོད་མཛད་པ་པོ་ནི་ཐོན་མི་ཡིན་མོད། འོན་ཀྱང་ཐོན་མིས་ཐོག་མར་སྲོང་བཙན་གྱི་བཀའ་ལྟར། རྒྱ་གར་ཡུལ་དུ་ཕེབས་ནས་སྔོན་ཐོན་གྱི་ཡིག་རིགས་མང་པོར་སློབ་སྦྱོང་དང་ཞིབ་འཇུག་མཛད་རྗེས། བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་སྒྲ་སྦྱོར་གྱི་བོད་ཡིག་འདི་གསར་བཟོ་གཅིག་གྱུར་གནང་བ་ནི་བཙན་པོ་སྲོང་བཙན་སྒམ་པོས་རྒྱབ་སྐྱོར་དང་སྐུལ་མ་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། རྗེ་བློན་འདི་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་དེང་གི་བོད་ཡིག་འདི་བྱུང་བ་བཤད་མ་དགོས། རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་ཀྱིས་དང་ཐོག་རང་དཔེ་གཞན་སྟོན་གྱིས་ཐོན་མི་སློབ་དཔོན་དུ་བསྟེན་ནས་བོད་ཡིག་དང་རིག་པའི་གནས་ཚང་མར་ལེགས་པར་སློབ་སྦྱོང་མཛད་ཅིང་།  བོད་ཀྱི་བློན་འབངས་ལ་སྐུལ་སློང་གིས་སློབ་ཏུ་བཅུག  རྒྱ་དཀར་ནག་དང་ཁ་ཆེ་བལ་པོ་སོགས་ཀྱི་པཎྜི་ཏ་དང་ལོ་ཙཱ་བ་འགའ་ཞིག་གདན་དྲངས་ནས་ནང་དོན་རིག་པ་དང་། སྒྲ་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྐར་རྩིས་ལ་སོགས་པ་མང་དུ་བསྒྱུར་དུ་བཅུག་པ་དང་། བོད་མི་རིགས་རང་ཉིད་ཀྱི་མཁས་པ་གསོ་སྐྱོང་མཛད་པས། སྐབས་དེའི་བོད་ཀྱི་ཤེས་རིག་དེ་ཐང་རྒྱལ་རབས་དང་འདྲ་བའི་གྲལ་དུ་སླེབས་ཐུབ་པ་དང་། མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་བོད་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་སྤེལ་བའི་མཛད་རྗེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལོ་རྒྱུས་དེབ་ཐེར་ཡོངས་སུ་གྲགས་པ་ལྟར་རོ།།

བཞི་པ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་ཁྲིམས་ལུགས་གཏན་ལ་ཕབ་ནས་རྒྱལ་ཁམས་བདེ་བར་བསྐྱངས་པ།

སྲོང་བཙན་སྒམ་པོའི་གོང་དུ། རྗེ་བློན་འབངས་བཅས་ཕན་ཚུན་མནའ་འཇོག་པའི་སྲོལ་ལས་ཞིབ་ཕྲའི་ཁྲིམས་སྲོལ་གསལ་པོ་གཏན་འཁེལ་མེད་པའི་རྐྱེན་གྱིས་མངའ་འབངས་ཀྱི་གཅིག་གྱུར་དང་བདེ་འཇགས་ལ་སྐྱོན་ཚབས་ཆེན་པོ་འབྱུང་གིན་ཡོད། སྲོང་བཙན་གྱིས་རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་མཛད་རྗེས། གསར་དུ་བཙུགས་པའི་སྲིད་དབང་སྲ་བརྟན་དང་མངའ་ཁོངས་བདེ་འཇགས་སུ་འཁོད་ཆེད་དུ་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ཀྱི་ཁྲིམས་སྲོལ་ཅུང་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་གཏན་འབེབས་མཛད་ཡོད། སྐབས་དེར་གཏན་འབེབས་མཛད་པའི་ཁྲིམས་སྲོལ་སྤྱིའི་མིང་ལ་ཁོད་སུམ་ཅུ་སོ་དྲུག་ཟེར་བ་དེ་དག་ནི།

༡ བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག  དེའི་ནང་དུ་སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང་། སྲིད་འཛིན་དང་དམག་དོན་གྱི་སྒྲིག་གཞི། བློན་པོ་སོགས་དཔོན་རིགས་ཀྱི་གོ་གནས་དང་ལས་འགན། ཞིང་འབྲོག་གི་དབང་རིས། འཇལ་ལ་གཤོར་འདེགས་གསུམ་གྱི་ཚད། རྗེ་བླུན་གྱི་བླང་དོར་རིམ་པ་སོགས་ཁྲིམས་ལ་གཏོགས་པ་དང་། མིའི་སྤྱོད་བཟང་ལ་གཏོགས་པའི་གནད་དོན་ཧ་ཅང་མང་པོ་ཚུད་ཡོད།

༢ བཀའ་གྲོས་ཆེན་པོ་དྲུག རྒྱལ་སྲིད་སྐྱོང་ཐབས་ཀྱི་སྒྲིག་སྲོལ་གཙོ་ཆེ་བ་འགའ་ཞིག་གཏན་ལ་ཕབ་པའི་སྐོར་ཡིན།

༣ ཡིག་ཚང་དྲུག བློན་འབངས་བྱས་རྗེས་ཅན་གཟེངས་བསྟོད་ཀྱི་རིམ་པ་ཇི་ལྟར་གཏན་ལ་ཕབ་པའི་སྐོར་ཡིན།

༤ ཕྱག་རྒྱ་དྲུག རྒྱལ་པོའི་མཛད་པ་གཙོ་བོ་རིགས་མི་འདྲ་བ་སོ་སོའི་མཚོན་བྱེད་ཀྱི་རྟགས་མཚན་གཏན་ལ་ཕབ་པའི་སྐོར་ཡིན།

༥ རྐྱེན་དྲུག བཟང་ལ་བྱ་དགའ་དང་། ངན་ལ་དམའ་འབེབས་གཏན་ལ་ཕབ་པའི་སྐོར་ཡིན།

༦ དཔལ་མཚན་དྲུག རྒྱལ་ཁམས་ཀྱི་བདེ་འཇགས་དང་། མཐའ་མཚམས་བརྟན་སྲུང་གི་བྱས་རྗེས་ཡོད་པའི་དཔའ་བོར་གཟེངས་བསྟོད་བྱེད་ལུགས་ཀྱི་སྐོར་གཏན་ལ་ཕབ་པ་བཅས་ཡིན།།

ལྔ་པ། ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་གྱི་བྱ་ཐབས་ལག་བསྟར་བྱས་པ།

སྲོང་བཙན་སྒམ་པོས་ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་གཙོ་བོ་ནི་རུས་རྒྱུད་ཚོ་པར་དབང་བའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་དེ་ཡིན། སྲོང་བཙན་གྱིས་སྐབས་དེའི་གནས་ཚུལ་དངོས་ལ་དམིགས་ཏེ། ཞིང་འབྲོག་གི་དབང་བའི་ལམ་ལུགས་ཐད་ནས། ཞིང་ཕྱུགས་ཀྱི་དབང་ཆ་རྒྱལ་པོ་ལ་དབང་བའི་རིགས་གཉིས་བཅས་དྲུག་ཏུ་དབྱེ་ཡོད། དཔེར་ན། རྒྱལ་པོར་དབང་བའི་རིགས་དང་པོ་ནི། རྗེ་ཞིང་སྟེ་སྤྲོད་ལེན་གྱི་དབང་ཆ་བཙན་པོར་ཡོད་ཀྱང་། དེའི་ཐོན་འབབ་དཔྱ་ཁྲལ་རྣམས་སྲིད་གཞུང་ལ་དབང་ཞིང་ཡོང་འབབ་ཀྱི་ཁོངས་སུ་གཏོགས། བཙན་པོ་ལདབང་བའི་རིགས་གཉིས་པ་ནི། ས་ཞིང་རྣམས་བཙན་པོ་སྒེར་གྱི་ཁོངས་སུ་གཏོགས་བྲན་གཡོག་རྣམས་ལ་བགོས་ཏེ་འདེབས་ལས་བྱེད་དུ་བཅུག་ཐོག དེའི་ཡོང་འབབ་རྣམས་བཙན་པོ་རང་ཉིད་ལ་དབང་། བློན་པོར་དབང་བའི་ས་ཞིང་ལ་ཡང་རིགས་གཉིས་ཡོད་པ་སྟེ། དང་པོ་ནི་བློན་པོའི་མཛད་རྗེས་ཆེ་བར་དམིགས་བསལ་གྱི་བྱ་དགར་སྤྲད་པརྣམས་ཕ་ཚ་བུ་རྒྱུད་དུ་སྒེར་ལ་དབང་ཞིང་སྲིད་གཞུང་ལ་དཔྱ་ཁྲལ་འབུལ་མི་དགོས། བློན་པོ་ལ་དབང་བ་གཉིས་པ་ནི། རྔན་ཞིང་ཟེར་ཞིང་། དེ་ནི་བློན་གྱི་གོ་གནས་བཟུང་བའི་རིང་ལ་ཐོན་འབབ་དཔྱ་ཁྲལ་མེད་པར་སྒེར་ལ་དབང་བ་ལས། གོ་གནས་བརྗེས་པའམ་གནས་དབྱུང་བཏང་རྗེས་གོ་གནས་གསར་པ་འཛིན་མཁན་ལ་རྩིས་སྤྲོད་དགོས། རུས་རྒྱུད་ཚོ་པ་ཁག་ཐུན་མོང་ལ་དབང་བའི་ས་ཞིང་སྟེ། རུས་རྒྱུད་ཚོ་པ་དེ་རྣམས་ས་ཁུལ་གཅིག་ཏུ་འདུས་སྡོད་བྱེད་ཀྱི་ཡོད་པས། རྒྱལ་པོ་སྲོང་བཙན་སྒམ་པོས་ཁོ་ཚོར་དབང་བའི་ས་ཞིང་རྣམས་རང་འཇགས་སུ་གནས་པ་བྱས་ཐོག་དཔྱ་ཁྲལ་འོས་འཚམས་ཤིག་སྲིདགཞུང་ལ་འབུལ་དགོས་པ། རུས་རྒྱུད་ཚོ་པའི་ཁོངས་གཏོགས་ཞིང་པ་སྒེར་ལ་དབང་བའི་ས་ཞིང་སྟེ་ཁོང་ཚོ་རང་ཉིད་ཀྱིས་གསར་སྦོལ་བྱས་པའི་ས་ཞིང་དང་། ལྡུམ་ར་སོགས་ས་ཞིང་གི་ཐོར་བཀོད་ནས་ལོ་རེ་དུས་ཚོད་ངེས་ཅན་གྱི་དཔྱ་ཁྲལ་མི་ཉུང་བ་ཞིག་ཕུལ་རྗེས། ས་ཞིང་དེ་དག་གི་ཐོན་འབབ་ཁོ་ཚོ་སྒེར་ལ་དབང་བ་ཡིན། གཞན་ཡང་ཞིང་གི་རྒྱ་ཁྱོན་འཇལ་བར་དོར་ཀ་བརྩི་སྟངས་གཏན་འབེབས་ཀྱང་བྱས་ཡོད།

གོང་གསལ་ས་ཞིང་དབང་བའི་ལམ་ལུགས་རིགས་དྲུག་གི་ཐོག་ནས་བཀས་བཀོད་རྒྱུད་འཛིན་གྱི་མྱུ་གུ་འབུས་ཟིན་པ་མཟད། ཞིང་འབྲོག་ཐོན་སྐྱེད་ལ་གོང་འཕེལ་གསར་པ་བྱུང་བ་དང་། དེ་དང་ཆབས་ཅིག་ཏུ་མི་རིགས་རང་ཉིད་ཀྱི་ལག་ཤེས་བཟོ་ལས་དང་ཚོང་ལས་ལ་ཡང་སྔར་བས་ཡར་རྒྱས་བྱུང་ཡོད།།

དྲུག་པ། ཁྱིམ་མཚེས་རྒྱལ་ཁབ་དང་སྤུན་ཟླའི་མི་རིགས་དབར་མཛའ་མཐུན་གྱི་འབྲེལ་བ་བཙུགས་པ།

རྒྱལ་པོ་སྲོང་བཙན་སྒམ་པོས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ནང་བསྟན་བཅས་དར་སྤེལ་གཏོང་བའི་ཆེད་དུ། སྔ་རྗེས་སུ་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བཙུན་མོར་བླངས་ཏེ། ཁོང་ཚོའི་སྔོན་ཐོན་གྱི་རིག་གནས་དང་། ལག་རྩལ། སྲིད་སྐྱོང་བའི་ཉམས་མྱོང་། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་རིས་དངོས་རྣམས་བོད་དུ་གདན་དྲངས་པ་དེས། གཅིག་ནས་རྒྱལ་ཁབ་ཕན་ཚུན་བར་དང་མི་རིགས་བར་མཐུན་སྒྲིལ་མཛའ་བཤེས་ཀྱི་འབྲེལ་བ་བཙུགས་པ་དང་། གཉིས་ནས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། རིག་གནས། ལག་ཤེས་བཟོ་ལས་བཅས་གང་གི་ཐད་ལའང་སྔར་ལས་ལྷག་པའི་གོང་འེའཕེལ་གསར་པ་ཞིག་ཡོང་རྒྱུར་སྐུལ་མ་ཐེབས་ཡོད།།

རྩོམ་སྒྲིག་པ།  སྐྱིད་ལུས།