༄༅། ། འབྲས་དཀར།
ལྷ་རྒྱལ་ལོ།
ལྷ་རྒྱལ་ལོ་ཟེར་བའི་རྟེན་འབྲེལ་འགྲིག།
ཀླུ་རྒྱལ་ལོ་ཟེར་བའི་རྟེན་འབྲེལ་འགྲིག།
འབྲས་དཀར་པོ་བསམ་པའི་དོན་གྲུབ་ང་།།
ད་ནངས་ཡོང་ཡོང་གང་ནས་ཡོང་།།
ད་ནངས་ཡོང་ཡོང་ཤར་ནས་ཡོང་།།
ཤར་རྡོ་རྗེ་གདན་གྱི་མདུན་ནས་ཡོང་།།
ད་ལྟ་འགྲོ་འགྲོ་གང་ལ་འགྲོ།།
ད་ལྟ་འགྲོ་འགྲོ་ནུབ་ལ་འགྲོ།།
ནུབ་སྣང་བ་མཐའ་ཡས་མདུན་ལ་འགྲོ།
ཇ་སྔ་ཇ་དང་པོ་དེ་ཚོ།།
ཁ་ལ་རེ་རེ་འཐུང་ནས་ཡོང་།།
ཕྱི་ཇ་གཉིས་པ་དེ་ཚོ།།
ཐབ་ལ་རེ་རེ་བཏབ་ནས་ཡོང་།།
མི་བོའི་སྐེ་ལ་འཇམ་པ་དེས།།
ལམ་སྣ་རེ་རེ་ཁྲིད་ནས་ཡོང་།།
གནས་ཆེན་ས་ལ་མེ་འབར་དེས།།
སྒོ་མོ་རེ་རེ་ཕྱེ་ནས་ཡོང་།།
ཐང་དཀར་རྒོད་པོ་མ་ཡིན་ཏེ།།
གཤོག་སྐྱོང་རེ་རེ་བརྒྱབ་ནས་ཡོང་།།
གྲོ་ཏིལ་རྐྱང་མོ་མ་ཡིན་ཏེ།།
ནམ་ཚོད་རེ་རེ་བྱས་ནས་ཡོང་།།
སྐྱ་ཀ་ཁྲ་མོ་མ་ཡིན་ཏེ།།
གྲོགས་སྐད་རེ་རེ་བརྒྱབ་ནས་ཡོང་།།
ཕོ་རོག་ནག་ཆུང་མ་ཡིན་ཏེ།།
ཤ་སྐད་རེ་རེ་བརྒྱབ་ནས་ཡོང་།།
འགྲོས་ཆེན་རྟ་ཕོ་མ་ཡིན་ཏེ།།
འགྲོས་རྒྱུག་རེ་རེ་བྱས་ནས་ཡོང་།།
རྒོད་མ་རྟེའུ་མ་ཡིན་ཏེ།།
རྟེའུ་རེ་རེ་འཁྲིད་ནས་ཡོང་།།
ལུང་པ་རྩྭ་མེད་རྣམ་གསུམ་ན།།
རྩྭ་སྣ་རེ་རེ་འཁྲིད་ནས་ཡོང་།།
ལུང་པ་ཆུ་མེད་རྣམ་གསུམ་ན།།
ཆུ་སྣ་རེ་རེ་འཁྲིད་ནས་ཡོང་།།
ལུང་པ་ཤིང་མེད་རྣམ་གསུམ་ན།།
ཤིང་སྣ་རེ་རེ་འཁྲིད་ནས་ཡོང་།།
ལུང་པ་རྡོ་མེད་རྣམ་གསུམ་ན།།
རྡོ་སྣ་རེ་རེ་འཁྲིད་ནས་ཡོང་།།
རྡོ་ཆེན་མཁར་གྱི་རྩིག་པ་རྩིག་བཞིན་ཡོང་།།
རྡོ་ཆུང་ཨ་མས་ལྷས་མ་སླ་བཞིན་ཡོང་།།
བརྩིགས་གཞིའི་རི་མོ་ཐར་སེ་ཐར།།
ཝ་མོ་སྟག་གི་བློ་ལ་བཟུང་།།
སྟག་རིས་ཤིགས་སེ་བཤད་པ་རྒྱག།
སྒོར་མོ་རིན་ཆེན་བློ་ལ་བཟུང་།།
ལྕེ་བར་སྣམ་འགྲམ་པ་ཤིགས་ཤེ་ཤིག།
འབྲས་དཀར་ང་ད་ནངས་ཡོང་བའི་ཡོང་ཚུལ།།
བཤད་པ་རྒྱབ་ན་དེ་འདྲ་ཡིན།།
བསྟོད་པ་ཕུལ་ན་དེ་འདྲ་ཡིན།།
ཁ་སང་འབྲས་དཀར་ཡོང་ལེ་དེ།།
འབྲས་དཀར་མ་རེད་འབྲས་རྫུན་རེད།།
དེ་རིང་འབྲས་དཀར་ཡོང་ལེ་དེ།།
འབྲས་དཀར་བསམ་པའི་དོན་གྲུབ་ཡིན།།
འབྲས་དཀར་ཕ་ཡི་མིང་ལ་ནི།།
འབྲས་དཀར་ཐང་ལྷ་དཀར་པོ་ཟེར།།
འབྲས་དཀར་མ་ཡི་མིང་ལ་ནི།།
འབྲས་མོ་ཀུན་དགའ་བློ་གྲོས་ཟེར།།
འབྲས་ཕྲུག་ང་རང་མིང་ལ་ནི།།
འབྲས་དཀར་བསམ་པའི་དོན་གྲུབ་ཟེར།།
ཕ་སྤོ་བོ་རྒྱུད་ཀྱི་འབྲས་དཀར་ཡིན།།
མ་སྲུ་མོའི་རྒྱུད་ཀྱི་འབྲས་དཀར་ཡིན།།
བུ་ཚ་བོའི་རྒྱུད་ཀྱི་འབྲས་དཀར་ཡིན།།
བཤད་པ་བསྟོད་པ་དེ་ག་ཙམ།།
ཡ། རང་ལུས་རྒྱལ་བའི་དཀྱིལ་འཁོར་དེར།།
བཤད་པ་ལན་གསུམ་ཕུལ་དང་ཟེར།།
བསྟོད་པ་ལན་གསུམ་ཕུལ་དང་ཟེར།།
བཤད་པ་དང་བསྟོད་པ་མེད་པའི་འབྲས་དཀར་ཞིག་གང་ནས་ཡོང་ཡོད་ཞུས་པས། ལ་ཧ་ཧ།
འབྲས་དཀར་ལ་ལའི་བཤད་པ་ནི།།
མགོ་ནས་མར་མར་མར་ལ་ཟེར།།
འབྲས་དཀར་ང་རའི་བཤད་པ་ནི།།
རྐང་ནས་ཡར་ཡར་ཡར་ལ་ཡིན།།
བཀྲ་ཤིས་ཡར་འགྲོ་མ་གཏོགས་པའི།།
མར་འགྲོ་བློ་ལ་ཡོང་གི་མེད།།
རྐང་པ་ཤ་ཡི་འབོག་རྡོ།།
འབོག་རྡོ་ས་ལ་བརྡབ་འདྲ་ཡོད།།
ཉ་རིལ་ཙན་དན་ལོ་མ་ནི།།
ཤིང་ལོ་མ་གནམ་ལ་བརྒྱན་འདྲ་ཡོད།།
པུས་མོ་ཆོས་ཀྱི་འཁོར་ལོ་ནི།།
ཆོས་ཁྲ་མོ་འཁོར་ལོ་བསྐོར་འདྲ་ཡོད།།
བརླ་ཤ་རྟ་རྒོད་མཇིང་པ་ནི།།
རྟ་དཀར་པོ་ཟིལ་ལོ་ངོམས་འདྲ་ཡོད།།
རང་ལུས་ཤ་ཡི་ཕོ་རྟགས་ནི།།
ཕོ་རྟགས་དྲིལ་ལྕེ་གཡུགས་གཡུགས་ཡིན།།
དཔྱི་ལུ་དུང་དཀར་གཡས་འཁྱིལ་ནི།།
དུང་དཀར་པོ་ཆ་ཁ་བརྡབས་འདྲ་ཡོད།།
སྐེད་པ་རྩལ་རལ་ལྷོགས་སེ་བྱས།།
འབྲོང་བྲེ་སེར་བརྒྱ་ལ་ཁ་སྐྱེངས་བཞག།
རྩིབས་མའི་འཁོར་ལོ་འཇོལ་ལེ་བྱས།།
ཁལ་སོ་དྲུག་བརྒྱ་ལ་ཁ་སྐྱེངས་བཞག།
རྒྱུ་དཀར་ལྷ་ཡི་ཞགས་པ་ཡིན།།
རྒྱུ་ནག་ཀླུ་ཡི་ཞགས་པ་ཡིན།།
སྐོར་མོ་བཙན་གྱི་ཞགས་པ་ཡིན།།
མཁལ་མ་ལྷ་ཧྲུག་ཀླུ་ཧྲུག་ཡིན།།
མཁལ་ཚིལ་མར་དཀར་ཌ་རུ་ཡིན།།
མཁལ་རྩེ་རྡོ་རྗེ་དྲིལ་བུ་ཡིན།།
མཆིན་པ་རྫ་རི་ནག་པོ་ཡིན།།
རྫ་ནག་པོ་གྲིབ་སོ་བཀབ་འདྲ་ཡོད།།
གློ་བ་གངས་རི་དཀར་པོ་ནི།།
གངས་ལ་ཉི་མ་ཤར་འདྲ་ཡོད།།
དྲན་པ་རྩ་བའི་བླ་མ་ཡིན།།
བླ་མ་སྒོམས་ལ་ཞུགས་འདྲ་ཡོད།།
ཨོ་ཀྲོང་ཤེལ་གྱི་མཆོད་རྟེན་ཡིན།།
ཤེལ་དཀར་པོ་མཆོད་རྟེན་བཞེངས་འདྲ་ཡོད།།
སོག་པ་མེ་ལོང་ཁ་སྤྲོད་ཡིན།།
དཔུང་པ་དགྲ་རྒོད་ལྡེབས་བརྒྱད་ཡིན།།
ལག་ངར་ཨ་ཅོག་ཞུམ་ཅོག་ཡིན།།
རྫོག་མགོ་ལྕགས་ཀྱི་ཐོ་བ་འདྲ།།
མཛུབ་གུ་རྒྱལ་བ་རིགས་ལྔ་ཡིན།།
སེན་མོ་ཐོ་རེངས་སྐར་ཆེན་ཡིན།།
ཡས་མཆུ་གསེར་གྱི་སྤུ་གྲི་ཡིན།།
མས་མཆུ་དངུལ་གྱི་སྤུ་གྲི་ཡིན།།
ཇ་ཁམ་དམར་འཐུང་བའི་རྡོ་ལེན་ཡིན།།
ཆང་ཨ་རག་འཐུང་བའི་དུག་ལེན་ཡིན།།
ཁ་ལྕེ་དར་དམར་ཡུག་གཅིག་ཡིན།།
སྣ་ཁུང་རག་དུང་ཆ་གཉིས་ཡིན།།
མིག་ན་ན་ཁ་པད་རྡོག་ཡིན།།
ཨམ་ཅོག་ཏིང་ཞག་ཆ་གཅིག་ཡོད།།
ཀླད་པ་རྒྱ་ཞོ་བསྙལ་འདྲ་ཡོད།།
ཀླད་གོག་རྒྱ་གུར་ཕུབས་འདྲ་ཡོད།།
དབུ་སྐྲ་སི་ལིང་ལྗང་པ་ཡིན།།
སྐུ་ལུས་རྩ་རིའི་སྨྱུག་འདྲ་ཡིན།།
བཤད་པ་བརྒྱབ་ན་དེ་ག་ཙམ།།
བསྟོད་པ་ཕུལ་ན་དེ་ག་ཙམ།།
འོ་ན་འབྲས་དཀར་ཁྱོད་འདྲ་སོང་ཟེར།།
འོ་ན་འབྲས་དཀར་ཁྱོད་འགྲིག་སོང་ཟེར།།
འབྲས་དཀར་ངའི་མགོ་ལ་གྱོན་པའི་ར་པགས་དཀར་པོ་འདིར།།
བཤད་པ་ལན་གསུམ་ཕུལ་དང་ཟེར།།
བསྟོད་པ་ལན་གསུམ་ཕུལ་དང་ཟེར།།
བཤད་པ་དང་བསྟོད་པ་མེད་པའི་འབྲས་དཀར་ཞིག་གང་ནས་ཡོང་ཡོད་ཞུས་པས། ལ་ཧཧ།
(འཕྲོ་མ་མུ་མཐུད་འགོད་རྒྱུ)
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི《བཤད་པ་ཡི་གེའི་འཕྱོར་གནས》ཞེས་པ་ལས་བཏུས།



