无障碍阅读 关怀版

༄༅། ། ལྕགས་ཀྱི་བསྟན་བཅོས།

དུས་ཚོད། 2017-06-13 རྩོམ་པ་པོ གུང་ཐང་བསྟན་པའི་སྒྲོན་མེ། རྩོམ་སྒྲིག སྐྱིད་ལུས།

མེ་ཡིས་དྲོད་ཙམ་བྱས་པ་ཡི།།

ལྕགས་ལ་ངར་ནི་ཆེར་མི་འབྱུང་།།

ལེགས་བཤད་ཅུང་ཟད་ཐོས་ཙམ་གྱིས།།

སེམས་ལ་དད་པ་གཏིང་སྐྱེས་དཀའ།།

ཐོ་བ་ནམ་མཁར་འདེགས་པ་ན།།

ལྕི་ཡང་ལག་པས་འཇལ་བར་བྱེད།།

རྒྱལ་བའི་གསུང་མཛོད་ལེགས་བཤད་ལ།།

ཕྲ་ཞིབ་རིག་པས་བརྟག་དཔྱད་བྱ།།

རྣོ་ཡང་ཁབ་ལ་བུ་ག་མེད།།

སྐུད་པ་རྗེས་སུ་འདྲེན་མི་ནུས།།

བློ་ལྡན་སྙིང་རྗེ་མེད་པ་ན།།

གདུལ་བྱ་རྗེས་སུ་འཁྲིད་མི་ནུས།།

ཁབ་ལམ་དྲངས་པའི་སྐུད་པ་དེ།།

ཅི་ནས་དྲང་པོ་འོང་བ་ལྟར།།

བསྟེན་སའི་བཤེས་གཉེན་མ་ནོར་ན།།

བློ་ཁ་རིམ་གྱིས་བདེ་བར་དཀྲི།།

རྡོ་དང་ལྕགས་གཉིས་འཕྲད་པས་ན།།

མེ་སྟག་འབྱུང་བ་ཤིན་ཏུ་སླ།།

དད་བརྩོན་ཚོགས་པའི་བླ་སློབ་ཟུང་།།

ཡོན་ཏན་སྐྱེ་བར་ཐེ་ཚོམ་མེད།།

ལྕགས་ཀྱི་གདུང་མ་སྦོམ་ན་ཡང་།།

བརྩོན་པས་བརྡར་བས་རིམ་གྱིས་གཅོད།།

མི་ཤེས་དྲ་བ་དཔུང་མཐུག་ཀྱང་།།

ཐོས་ལ་བརྩོན་པས་རིམ་གྱིས་གཞོམ།།

ལེ་ལོ་སྤངས་པའི་བརྩོན་འགྲུས་ཀྱིས།།

ལེགས་ལམ་གང་བརྩམས་མཐར་ཐོན་བྱེད།།

ལྕགས་ཀྱི་རྐང་སྟེགས་འཕྲུལ་སྤྱད་ལ།།

བརྟེན་པས་ཐང་ཆེན་མྱུར་བར་བགྲོད།།

གདུལ་བྱའི་དོན་སྤྱོད་ལ་ཞུགས་ཚེ།།

དགའ་དང་ཕན་ཚུན་འགྲན་བཞིན་དགོས།།

གསེར་དངུལ་འདྲེན་འདོད་ཤིང་རྟ་ལ།།

ལྕགས་ཀྱི་གཟེར་མིག་ཟུང་འབྲེལ་གཅེས།།

སྟོབས་ལྡན་ལག་པས་རབ་བཟུང་བའི།།

རྣོ་ངར་སྤུ་གྲིས་འཁྲི་ཤིང་གཅོད།།

གཞི་ནས་བརྟན་པའི་ཤེས་རབ་ཀྱི།།

རལ་གྲིས་མཐར་འཛིན་དྲ་བ་གཅོད།།

རྣོ་ངར་ལྡན་པའི་ལྕགས་ཀྱི་མདའ།།

འབེན་གྱི་གཏིང་ལ་ཐུག་པ་ལྟར།།

ཆོས་ཉིད་མངོན་གཟིགས་ཡེ་ཤེས་ཀྱིས།།

ཡུལ་གྱི་གནས་ཚུལ་ཇི་བཞིན་གཟིགས།།

རལ་གྲིས་སྟོབས་ཀྱིས་དགྲ་ལས་རྒྱལ།།

རལ་གྲི་མགར་བའི་དྲིན་ལས་བྱུང་།།

ཐུབ་པའི་ལེགས་བཤད་རྨད་བྱུང་རྣམས།།

ཐམས་ཅད་བླ་མའི་དྲིན་ལས་བྱུང་།།

དགྲ་ཀུན་མང་སར་ནོར་ལས་ཀྱང་།།

གོ་ཁྲབ་མཚོན་ཆ་གཅེས་སྤྲས་དགོས།།

སྙིགས་དུས་རྐྱེན་ངན་རུ་འཛིངས་སྐབས།།

བྱི་དོར་སེམས་ལ་བྱ་བ་གཅེས།།