无障碍阅读 关怀版

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཁག་གཉིས།

དུས་ཚོད། 2018-02-28 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

ཕལ་སྐད་གསོང་པོར་བརྗོད་པའི་ཀ་རྩོམ།

ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིང་དང་།།  ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས།།   ག་ས་གང་དུ་ཡོད་པའི་མི་འདི་རྣམས།། ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང་།།ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་།།ཆ་ལུགས་ཞི་དུལ་གནང་བ་ཁོང་ཚོ་ཡང་།། ཇ་མར་གོས་དང་པད་ཤག་མཐོང་བའི་ཚེ།།ཉ་པ་རྒད་པོའ་ིསེམས་དང་ཁྱད་མི་འདུག ཏ་རེན་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།།ཐ་མལ་མི་རྣམས་གཡོ་དང་སྒྱུ་ལ་དགའ།། ད་ལྟའི་ཕལ་ཆེར་ཐ་མག་ཆང་ལ་དགའ།།ན་གཞོན་རྣམས་ནི་མཆོར་སྒེག་ཉམས་ལ་དགའ།།པ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་།།ཕ་རོལ་རིགས་མ་མཐུན་ལ་སྡང་བ་སོགས།།བ་ལང་དང་ནི་རང་རེའི་མི་རྣམས་ཀྱི།།མ་བཅོས་སེམས་ཀྱི་རྒྱུ་དག་གཅིག་པར་མཐོང་།། ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན།། ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན།། ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།།ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།། ཞྭ་མོ་ཆོས་གོས་བ་དན་བླ་བྲེ་དང་།།ཟ་རྒྱུ་འཐུང་རྒྱུའི་མཆོད་པ་ཚོགས་འཁོར་སོགས།།འ་ཅག་རྣམས་ཀྱིས་ཅི་དང་ཅི་བྱེད་པ།། ཡ་མཚན་ལྟད་མོ་ཙམ་ལས་གཞན་མ་མཐོང་།། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས། ར་ཁང་ཁྱི་ཁང་ནང་དུ་སླེབས་པ་བཞིན།། ལ་ལུང་གང་ན་བདེ་སྐྱིད་མི་འདུག་ཀྱང་།། ཤ་ཁྲག་སྒྱུ་མའི་ལུས་འདི་མ་འཇིག་བར།། ས་སྟེང་འདི་རུ་མི་སྡོད་ཀ་མེད་ལགས།། ཧ་ཅང་དྲང་པོར་བཤད་པ་དེ་འདྲ་སྟེ།། རིགས་པའི་སེང་གེ་སཾགྷ་ངྷརྨའོ།།

ཨ་མཆོད་ཀྱི་ལོ་རྒྱུས་ཀ་རྩོམ།

ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ། ། ཁ་མངར་ཞིམ་དགུའི་ཟས་ཀྱི་མགྲོན་ཁ་ལ་བོས་ཚེ། ། ག་ལེར་ལོངས་སུ་སྤྱད་ནས་མགུར་དབྱངས་རེ་འཐེན་ནས། ། ང་རང་ཨ་མཆོད་ཚོ་ལས་སྐྱིད་པོ་ཞིག་སུ་ཡོད། ། ཅ་ཅོའི་གཏམ་བྲལ་ཁ་ཏོན་དགེ་སྦྱོར་ལ་བརྩོན་བཞིན། ། ཆ་ཡོད་ཡོན་བདག་རྣམས་ཀྱི་ཁྱིམ་ཕུག་ཏུ་འགྱིངས་ནས། ། ཇ་སོགས་ཟས་གོས་གང་བཟང་ཧབ་ཐོབ་རང་བྱེད་ལ། ། ཉ་འདོན་ཨ་མཆོད་ཆོ་ལ་འགྲན་ཟླ་ཞིག་སུ་ཡོད། ། ཏ་ལེན་ཕྲག་པར་ཁུར་ནས་ཡས་མས་སུ་སོང་ཚེ། ། ཐ་ན་དོང་ཚེ་རྡོག་གཅིག་རྙེད་པ་ཡང་དཀའ་མོད། ། ད་ལྟ་རྟ་ནོར་ལུག་གསུམ་ཐོབ་པ་ལ་བལྟས་ན། ། ན་རཀ་ཨ་མཆོད་ཚོ་ལས་བཙན་པོ་ཞིག་སུ་ཡོད། ། པ་ར་མི་ཏ་ལ་སོགས་གསུང་རབ་ཀུན་སྒྲོག་བཞིན། ། ཕ་རོལ་ཡོན་བདག་རྣམས་ཀྱི་མཆོད་ཡུལ་དུ་བཞུགས་ནས། ། བ་འབྲིའི་འོ་ཞོ་བཏུངས་ནས་སྐྱིད་པོ་རང་བྱེད་ལ། ། མ་བཟང་རྒོད་བྲོ་ཟེར་ལ་ཉན་རྒྱུ་རང་ཅི་ཡོད། ། ཙ་རི་དབུས་གཙང་བསྐོར་ནས་ཡོང་ལས་ཤིག་མ་འོང་། ། ཚ་གྲང་བཀྲེས་སྐོམ་མྱོང་བའི་སྡུག་བསྔལ་རང་མཐོང་ནས། ། ཛ་ཡའི་བསྟན་པ་ཀུན་ལ་ཕྱོགས་རིས་ཤིག་མེད་ན། ། ཝ་སྐྱེས་འདྲ་བའི་བླ་གྲྭ་བྱ་བཏང་ཚོས་ཅི་བྱེད། ། ཞྭ་མོ་རྩེ་རྣོ་གྱོན་ནས་གྲོང་ཡུལ་དུ་སོང་སྟེ། ། ཟ་ཚོལ་མཁན་པོ་ཨ་མཆོད་ང་རང་དང་འདྲ་བ། ། འ་འུར་དབྱངས་ཀྱིས་ཐར་མདོ་ཤུགས་དྲག་ཏུ་བཀླགས་ན། ། ཡ་མའི་བཤང་གཅི་འཆོར་ལ་ཐེ་ཚོམ་རང་ཅི་ཡོད། ། རྭ་ལྟར་གྱོང་བའི་ཨ་མཆོད་འདི་རྣམས་ཆོ་མེད་ན། ། ལ་ལུང་ལྷ་འདྲེ་མང་པོས་སེམས་ཅན་ལ་གནོད་ཡོང་། ། ཤ་ཁྲག་དཀོར་ལ་ཞེན་ཆགས་ཆེ་བ་ཞིག་མ་ཡིན། ། ས་སྟེང་གང་བའི་འགྲོ་བ་སེམས་ཅན་གྱི་དོན་ཡིན། ། ཧ་ཧ་བཤད་ཚད་ཐམས་ཅད་རྩེ་མོ་རང་ཡིན་ནོ། ། ཨ་མཆོད་རྣམས་ཀྱི་སེམས་ལ་འདི་འདྲ་ཞིག་ཟུངས་ཤིག

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྡུས་ལས་བཏུས།