无障碍阅读 关怀版

དམངས་གཞས་ཀྱི་གཞས་ཚིག་ཁག་གཉིས།

དུས་ཚོད། 2018-02-28 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

སྣེ་གདོང་གོང་པོ་རི།

སྣེ་གདོང་གོང་པོ་རི་ཡི་རྩེ་མོ་རུ།།

ཤིང་དེ་ཨ་ཀྱོག་བ་ཀྱོག་ཤིང་གཅིག་འདུག།

ཤིང་དེ་ཨ་ཀྱོག་བ་ཀྱོག་ཤིང་གི་སྟེང་།།

བབས་པའི་བྱེའུ་ཆུང་གསེར་བྱ་ཆ་གཅིག་འདུག།།

གསེར་བྱ་ང་གཉིས་མི་སྡོད་ལྷ་སར་འགྲོ།།

ལྷ་སའི་ཇོ་བོ་ཆེན་པོར་གསེར་གཤོག་སྒྲོན།།

སྣེ་གདོང་གོང་པོ་རི་ཡི་སྐེད་པ་རུ།།

ཤིང་དེ་ཨ་ཀྱོག་བ་ཀྱོག་ཤིང་གཅིག་འདུག།

ཤིང་དེ་ཨ་ཀྱོག་བ་ཀྱོག་ཤིང་གི་སྟེང་།།

བབས་པའི་བྱེའུ་ཆུང་གཡུ་བྱ་ཆ་གཅིག་འདུག།

གཡུ་བྱ་ང་གཉིས་མི་སྡོད་ལྷ་སར་འགྲོ།།

ལྷ་སའི་དཔལ་ལྡན་ལྷ་མོར་གཡུ་གཤོག་སྒྲོན།།

སྣེ་གདོང་གོང་པོ་རི་ཡི་རྩ་བ་རུ།།

ཤིང་དེ་ཨ་ཀྱོག་བ་ཀྱོག་ཤིང་གཅིག་འདུག།

ཤིང་དེ་ཨ་ཀྱོག་བ་ཀྱོག་ཤིང་གི་སྟེང་།།

བབས་པའི་བྱེའུ་ཆུང་དུང་བྱ་ཆ་གཅིག་འདུག།

དུང་བྱ་ང་གཉིས་མི་སྡོད་ལྷ་སར་འགྲོ།།

ལྷ་སའི་གསེར་འབྲས་དགའ་ལ་ཚོགས་དུང་འབུལ།།

འབྲས་སྤུངས།

དགའ་ལྡན་དབུ་འཕང་མཐོ་བ།།

འབྲས་སྤུངས་མཐོང་གསལ་ཆེ་བ།།

འབྲས་སྤུངས་གསེར་གྱི་འབྲས་སྤུངས།།

གནས་ཆུང་གཡུ་ཡི་གཞོང་པ།།

གནས་ཆུང་སྐྱིད་པོའི་དབུ་ལ།།

རྒོད་པོས་ལྡིང་སྐོར་རྒྱག་གིས།།

ལྕང་མ་སྦྱར་པའི་བར་ལ།།

བྱེའུ་ཆུང་གསུང་སྐད་སྙན་པ།།

རྒན་རྒོན་སྐོར་བ་རྒྱག་ས།།

གནས་ཆེན་ཆོས་འཁོར་ལྷ་ས།།

གཞོན་གཞོན་ཁྲུང་མ་རྒྱག་ས།།

སྐྱིད་པོའི་རྫོང་རྒྱབ་ཀླུ་ཁང་།།

ཕྱག་དང་མཆོད་པ་འབུལ་ས།།

གནས་མཆོག་གཙུག་ལག་ཁང་ཆེན།།

གསོལ་བ་སྨོན་ལམ་འདེབས་ས།།

ཇོ་བོ་ཐུགས་རྗེ་ཆེན་པོ།།