བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལས་ཀ་སྡེའི་ཆ་ཚན་བཤུས།
ཀ་བའི་སྟག་ཤེད་ཀྱིས།། གདུང་མས་ཕྲེད་ཉལ་བརྒྱབ།།
ཀ་ར་བཞིན་དུ་དྲང་དགོས།། ཀ་རྡོ་བཞིན་དུ་བརྟན་དགོས།།
ཀརྨ་པ་ལ་ཉེ་རིང་མེད།། ཨ་རི་སྦོ་ཀ་(སོག་པོའི་མིང་)རྒྱལ་གྱུར་ཅིག།
ཀ་གི་གུའི་ཡིག་གེ་མ་ཤེས་གོང་།། འབུམ་ཕྲ་མ་ཀློག་འདོན་བྱེད་ཀྱི་ཟེར།།
ཀ་ར་མེད་ན་གུར་མི་འབུབས།། འབངས་དང་བྲལ་ན་དོན་མི་འགྲུབ།།
ཀི་ཧོར་པས་བརྒྱབ་རྒྱུ་ཧོར་མོས་བརྒྱབ།། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག།
ཀུན་ལ་ཕན་པའི་སེམས་དང་།། འགྲོགས་ལ་མཐུན་པའི་ཚིག་དགོས།།
ཀུག་ཀུག་ན་ཆག་འགྲོ།། འཐེན་འཐེན་ན་ཆད་འགྲོ།།
ཀེར་ལེབ་སྒུར་གསུམ་གྱི་བདག་པོ་ལས།། ལུས་ངག་ཡིད་གསུམ་གྱི་སྡོམ་པ་དགའ།།
ཀེར་ཀེར་གྱི་ཕྱག་དང་།། སྒུར་སྒུར་གྱི་འབུལ།།
ཀོ་གྲུ་སྔ་བཙན་དང་།། བཀའ་ཤོག་རྗེས་བཙན།།
ཀོ་བ་སྐམ་ན་ཆུ་ལ་སྦོངས།། ངན་པ་ལང་ཤོར་བཙོན་ལ་ཆུག།
ཀོ་བ་གཅིག་ནས་དྲས་པའི་རྒྱུ་ན་བུ་དང་།། ཤ་ཁོག་གཅིག་ནས་གཏུབས་པའི་ཏིག་ག།
ཀོ་ཀོ་གཡག་ལ་རེ་མི་དགོས།། རྒྱ་ཚ་གླང་གི་ཀོ་བ་ཡོད།།
ཀོ་བ་སྐམ་པས་སྐུད་མི་ལེན།། སྦང་མ་རློན་པས་ཆུ་མི་ལེན།།
ཀོ་གླ་སྤྲོད་རྒྱུ་དང་།། རྒྱབ་ཆུ་བརྒལ་རྒྱུ།།
ཀོ་གྱོང་ཆུ་ལ་སྦངས་ནས་བངས་སྲིད་ཀྱང་།། རྡོ་ཆུ་ལ་སྦངས་ཀྱང་བངས་མི་སྲིད།།
ཀོང་པོ་ཀླུ་ནང་ལ་སླེབས་དུས།། ཨ་ཇོས་ཕ་ཡུལ་མི་དྲན།།
ཀྱག་ཀྱག་ཤིག་ལ་བྱས་ན།། བེམ་པོ་མེ་སྲེག་ཐེབས་ཡོང་།།
ཀྱག་ཀྱོག་གི་ལམ་ལ་མ་འགྲིམ་པར།། ཙ་རིའི་གནས་ཆེན་སྐོར་མི་ཐུབ།།
དཀའ་བའི་ལས་ཤིག་མ་བྱས་ན།། ཞིམ་པོའི་ཟས་ཤིག་ཅི་ལ་རག།
དཀའ་བའི་བྲག་དང་མ་ཐུག་ན།། བདེ་བའི་སྤང་ལ་སླེབས་མི་ཐུབ།།
དཀའ་ལས་རང་གིས་བརྒྱབ།། ལོངས་སྤྱོད་མི་ཡིས་བཏང་།།
དཀའ་ལས་རྒྱག་པའི་དཀའ་ཆང་དང་།། མཛོ་ཕོ་བསད་པའི་སྡིག་གླ།།
དཀའ་བའི་དུས་སུ་གྲོགས་པོའི་བཟང་ངན་རྟོགས།། འདམ་རྫབ་ནང་དུ་རྟ་ཕོའི་ཤེད་ཤུགས་ཤེས།།
དཀར་མོ་ནས་ཀྱི་གོ་ཐང་ཆོད་རྩ་ན།། གྲོ་དང་སྲན་མའི་གོ་ཐང་ཤོད་མི་དགོས།།
དཀར་པོ་གྱེན་འདེད་དང་།། ནག་པོ་ཐུར་འདེད།།
དཀྱིལ་དུ་བཞག་ན་ཕྲ་འདྲ།། ཟུར་དུ་བཞག་ན་རྒྱན་འདྲ།།
བཀའ་ཤོག་གོ་མ་ཆོད་རྒྱལ་པོའི་ཕྱག་རྩ་དང་།། མནའ་མ་གོ་མ་ཆོད་ཨ་མའི་སྒོ་རྩ།།
བཀའ་རྡོ་རྗེ་གཅོད་པ་དང་།། གསུང་སྤུ་གྲི་ངར་མ།།
བཀོལ་མི་ཤེས་ཡོན་ཏན་ཕན་མེད་རེད།། འདེབས་མི་ཤེས་ས་ཞིང་སྟོང་པ་རེད།།
བཀྲ་ཤིས་པའི་གླུ་ལེན་སར།། ལྟས་ངན་པའི་སྡུག་སྐད།།
བཀྲ་ཤིས་ཟེར་བར་བཀྲ་མི་ཤེས།། སྐྱེས་པའི་ཞོགས་པ་ཨ་མ་ཤི།།
རྐང་བཞི་ལ་ཁ་དང་།། གཡུ་ཆུང་སྒོ་རྒྱབ།།
རྐང་པར་ལྷམ་ཆུང་མེད་པར།། ཞབས་བྲོ་ཧྲག་སྒྲ་རྒྱག་འདོད།།
རྐང་པ་ཆུ་ལ་མ་རེག་པར།། ཉ་མོ་ལག་པས་འཛིན་ཐབས་མེད།།
རྐང་ཆུང་གོམ་པ་མ་བརྟན་ན།། མཐོན་པོའི་མགོ་བོ་ས་ལ་རྡེབ།།
རྐུ་མི་ཆོག་གསུང་མི་དཔོན་པོ་དང་།། རྒྱུ་མནངས་ཆེན་དགོས་མི་དཔོན་པོ་རེད།།
རྐུན་ཇག་བཟུང་ན་གཏེ་པོ་བཟུང་།། རྩྭ་ངན་བཀོག་ན་རྩ་བ་འདོན།།
རྐྱང་ཁ་དཀར་བཟུང་ནས་བློ་རྟ་བྱས།། འབྲོང་བྲེ་སེར་བཤུང་ནས་སྒོ་ཟོག་བྱས།།
བརྐྱངས་ན་མདའ་ཉན་པ།། བཀུག་ན་གཞུ་མི་ཉན།།
རྐྱལ་གོག་བླུགས་སྣོད་ནང་དུ།། རྩམ་པའི་བླུགས་སྣོད་མིན་ནོ།།
ལྐུགས་པས་རྨི་ལམ་རྨིས་པ་བཞིན།། བརྗོད་དུ་མེད་པའི་ཉམས་ཤིག་ཤར།།
ལྐུགས་པས་ལྐུགས་རྟགས་མ་བསྟན་ན།། རྒྱལ་པོའི་སྲས་དང་ནོར་ཉེན་ཡོད།།
ལྐོག་ལྐོག་སུད་སུད་བྱས་པ་དེ།། རང་སྐེ་རང་གིས་བཙིར་བ་ཡིན།།
སྐེ་རགས་ལྷམ་སྒྲོག་དམ་ན་དགའ།། ཁ་ལུད་སྣ་ལུད་མེད་ན་མཛེས།།
སྐདམ་སེང་གེ་དཀར་མོ་ཆེ་ཡང་།། ཕན་སྒོ་ཁྱི་ནག་པོ་ཐོགས།།
སྐད་ཆ་རིང་ན་མི་མི་དགའ།། དབྱུག་པ་རིང་ན་ཁྱི་མི་དགའ།།
སྐད་ཆ་སྙན་པོ་བྲག་ལ་བཤད་ན།། བྲག་ཆ་སྙན་པོ་ཚུར་ལ་ཐོས།།
ཧོར་ཁང་བསོད་ནམས་དཔལ་འབར་ལགས་སོགས་ཀྱིས་ཕྱོགས་བསྡུས་གནང་བའི་《བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་》ལས་ཚན་བཤུས་བྱས།



