གཙང་རོང་རིན་སྤུངས་ཁུལ་གྱི་མགུལ་དར་གྱི་བཤད་པ།
༡ བུའི་དར་གྱི་བཤད་པ།
སྔོན་དུས་ཚོང་དཔོན་ནོར་བུ་བཟང་པོ་ཡིས།།
རྒྱ་ནག་བཀྲ་ཤིས་ཁྲི་སྐོར་ནས་གདན་དྲངས་པའི།།
རྒྱ་དར་དྲི་མེད་དཀར་གཙང་འདི།།
ཡ་གིའི་གནམ་ལ་འཕྱར་ཙ་ན།།
ནམ་མཁའ་འཇའ་ཡིས་ཁེངས་པའི་གཏམ་ཞིག་བྱུང་།།
མར་ས་གཞི་མར་ལ་འཕྱར་ཙ་ན།།
ས་གཞི་ནོར་གྱིས་ཁེངས་པའི་རྟེན་འབྲེལ་བྱུང་།།
བར་བཞུགས་གྲལ་འདི་ལ་འཕྱར་ཙ་ན།།
བཞུགས་གྲལ་སྣང་བ་སྤྲོ་བའི་རྟེན་འབྲེལ་བྱུང་།།
རྒྱ་དར་དྲི་མེད་རབ་དཀར་འདིར།།
ཕྱི་ལ་བཀྲ་ཤིས་རྟགས་བརྒྱད་ཡོད།།
ནང་ལ་བཀྲ་ཤིས་རྫས་བརྒྱད་ཡོད།།
བར་དུ་གཡུ་འབྲུག་ཁ་སྦྱོར་ཡོད།།
རྒྱ་དར་དྲི་མེད་རབ་དཀར་འདིར།།
མ་ཚང་མ་འཐུས་གཅིག་ཀྱང་མེད།།
དེ་རིང་ལྷ་སྲས་ཉིད་དང་འདྲ་བ་ཁྱེད་ཀྱི་མགུལ་ལ་འབུལ་ལོ།།
ན་མོ་ཀི་ཀི་སོ་སོ་ལྷ་རྒྱལ་ལོ།
༢ བུ་མོའི་དར་གྱི་བཤད་པ།
ཨོ་སྭོ་སྟི། བདེ་ལེགས་སུ་གྱུར་ཅིག།
གནས་ནོར་འཛིན་ཡངས་པའི་ཁྱིམ་འཛིན་མ།།
སྲས་མོ་ཁྱེད་ནི་མི་ཡི་བུ་མོ་མ་ཡིན་པར།།
ལྷ་ཡི་སྲས་མོ་ཡིན་པར་འདུག།
བརྒྱ་ཡི་དཀྱིལ་ནས་བདམས་པ་ཡིན།།
སྟོང་གི་དཀྱིལ་ནས་སྒྲུག་པ་ཡིན།།
བརྒྱ་སྟོང་གཉིས་ཀྱི་ཁྲི་ལ་བསྐྱོན།།
གཙོ་ཆེན་ཡབ་ཡུམ་གཉིས་ལ་གུས་ཞབས་དགོས།
རོགས་ཚེ་གྲོགས་བར་ལ་བསྟུན་མཁས་དགོས།
ཕར་སྤྱན་མིག་དཀྲིག་ཁའི་སྐྱེལ་མ་དགོས།།
ཚུར་སོ་དཀར་མཛུམ་གྱི་བསུ་བ་དགོས།།
གཡོག་རྒན་རྣམས་ལ་སྐུལ་མཁས་དགོས།།
གཡོག་གཞོན་པ་རྣམས་ལ་བྱམས་སྐྱོང་དགོས།།
སྲས་མོ་ཁྱེད་དང་དཔོན་པོའི་ཆིབས་སྒ་འདྲ།།
དགོང་མོ་ཕྱི་བའི་ཕྱི་རུ་འདྲ།།
སྔ་དྲོ་སྔ་བའི་སྔ་རུ་འདྲ།།
ཁྱག་པ་ཆེ་བའི་སོ་ཕག་འདྲ།།
འདི་ནི་དྲིན་ཆེན་ཕ་མའི་བསླབ་བྱ་ཡིན།།
རྒྱ་དར་དྲི་མེད་རབ་དཀར་འདི།།
མ་ཚང་མ་འཐུས་གཅིག་ཀྱང་མེད།།
བུ་གསུམ་པ་པང་དུ་ལེན་པའི་རྟེན་འབྲེལ་གྱི་མགུལ་དར་འབུལ་ལོ།།
ན་མོ་ཀི་ཀི་སོ་སོ་ལྷ་རྒྱལ་ལོ།།
༣ ཡབ་ཀྱི་མགུལ་དར་བཤད་པ།
ཨོ་སྭོ་སྟི། བདེ་ལེགས་སུ་གྱུར་ཅིག།
ཡབ་ཆེན་ཁྱེད་ནི་སྲིད་པའི་གངས་རི་འདྲ།།
དེ་ལ་གངས་ཕྲན་གཞན་གྱི་འདྲེས་པ་མེད།།
གངས་དེ་ལ་གངས་སེང་ཆ་གཅིག་འཁོར་ནས་བྱུང་།།
སེང་གེ་དེ་ལ་གཡུ་རལ་རྒྱས་ནས་བྱུང་།།
ན་མོ་ཀི་ཀི་སོ་སོ་ལྷ་རྒྱལ་ལོ།།
༤ ཡུམ་གྱི་མགུལ་དར་བཤད་པ།
ཨོ་སྭོ་སྟི། བདེ་ལེགས་སུ་གྱུར་ཅིག།
ཡུམ་ཆེན་ཁྱེད་དང་མ་ཕམ་གཡུ་མཚོ་འདྲ།།
དེ་ལ་ཆུ་ཕྲན་གཞན་གྱི་འདྲེས་པ་མེད།།
མཚོ་དེ་ལ་གསེར་ཉ་ཆ་གཅིག་འཁོར་ནས་བྱུང་།།
གསེར་ཉ་དེ་ལ་གསེར་གཤོག་རྒྱས་ནས་བྱུང་།།
ན་མོ་ཀི་ཀི་སོ་སོ་ལྷ་རྒྱལ་ལོ།།
རིན་སྤུངས་ཁུལ་གྱི་དམངས་ཁྲོད་རྩོམ་རིག་ལེགས་བསྡུས་ཞེས་པ་ལས་བཏུས།