无障碍阅读 关怀版

གཞས་ཚིག་ཁག་གཉིས།

དུས་ཚོད། 2018-04-25 རྩོམ་པ་པོ འབའ་ཚེ་སྨྱོན་ནམ་ཚེ་བརྟན་རྡོ་རྗེ། རྩོམ་སྒྲིག ཉི་མ་དོན་གྲུབ།

འབའ་ཡི་བུ་མོ།

འབའ་ཆུའི་འགྲམ་གྱི་བུ་མོ།།

འབའ་འབའ་ལུག་གུའི་རྗེས་ནས།།

གཞས་ཆུང་ངག་ལ་འགུག་བཞིན།།

དགོ་དགོ་དབྱངས་ཀྱིས་འདེགས་ཞོར།།

འབའ་ཡི་བུ་ཆུང་ང་ལ།།

ཕྱི་མིག་ཐེངས་ཤིག་གཟིགས་རོགས།།

རྣང་ཞིང་གྲུ་བཞི་བར་ནས།།

དགྱེ་སྒུར་ལས་ལ་བརྩོན་པའི།།

འབའ་ཡི་ན་ཆུང་བུ་མོ།།

གཅེས་པའི་འཛུམ་ཆུང་དྲོན་མོས།།

མགོ་དཀྲིས་དམར་པོའི་འོག་ནས།།

ཕྱི་མིག་ཐེངས་ཤིག་གཟིགས་རོགས།

འབའ་ཡི་ཐང་ཆེན་གཞུང་ནས།།

དབྱར་དགུན་དུས་ཚིགས་བཞི་ལ།།

ཕ་མའི་གམ་ན་འདུར་བཞིན།།

སྲི་ཞུའི་ལས་ལ་བྲེལ་བའི།།

ང་ཡི་སྙིང་གི་བུ་མོ།།

ཕྱི་མིག་ཐེངས་ཤིག་གཟིགས་རོགས།།

བོད་ཡིག་གི་འབོད་པ།

དབྱངས་གསལ་སོ་བཞིའི་བར་གྱི།།

ཚེ་སྲོག་ངག་ལ་རྒྱུས་པའི།།

མེས་པོ་ཐོན་མིའི་ཐུགས་ལས།།

འཁྲུངས་པའི་རིན་ཆེན་ནོར་བུ།།

འདས་མ་ད་གསུམ་དུས་ལ།།

ཚང་མས་བློ་ལ་ཉར་རོགས།།

ལོ་ངོ་སྟོང་གི་རིག་གནས།།

ལོ་ཟླའི་མཁའ་ལ་སྙེགས་དུས།།

དུས་ཀྱི་འཁོར་མོ་ཡུག་ཏུ།།

རླུང་ཁའི་དར་ལྕོག་ལྟ་བུའི།།

རྗེས་འགྲོ་མེས་པོའི་ཤུལ་བཞག།

ཚང་མས་མྱུར་གྱིས་སྐྱོབ་རོགས།།

གནའ་དེང་འགལ་ཟླའི་བར་གྱི།།

གསར་རྙིང་དུས་ཚོད་ཁྲོད་ཀྱི།།

སྔོན་ཐོན་རྗེས་ལུས་བར་ནས།།

སྲོལ་རྒྱུན་དེང་རབས་གླེང་ནས།།

མེས་པོའི་ཤུལ་བཞག་རིག་གནས།།

དགོས་མེད་ཆུ་ལ་མ་བསྐུར།།