无障碍阅读 关怀版

ཁ་ཡི་བཤད་པ།

དུས་ཚོད། 2018-04-25 རྩོམ་པ་པོ བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག ཉི་མ་དོན་གྲུབ།

མི་བུ་རེ་ལ་ཁ་ཡི་མཚོན་ཆ་རེ།།
མི་བུ་རེ་ལ་ཁ་ཡི་རྒྱན་ཆ་རེ།།
མི་བཟང་ཁ་ནས་ལེགས་བཤད་ལྷང་སེ་ལྷང་།།
མི་ངན་ཁ་ནས་དམོད་མོ་དིར་སེ་དིར།།

ཀུན་ལ་གནོད་པའི་དམོད་མོ་བོར་ཡང་ཁ།།
ཀུན་ལ་སྨན་པའི་ལེགས་བཤད་གླེང་ཡང་ཁ། །
ཁ་ནས་བཤད་པའི་ཚིག་ལ་དོན་མེད་ན།།
ཁ་ནས་ཇི་ཙམ་བཤད་ཀྱང་སྟོང་པ་ཡིན།།

ཁ་ནས་རྩོད་ཀྱང་བདེན་པ་ཁ་ལ་མེད།།
ཁ་ནས་བཤད་ཀྱང་ཁ་རང་ངལ་བའི་རྒྱུ།
ཁ་ནི་ཉེས་པ་ཁ་མཆུ་རྡུང་རེས་རྒྱུ
ཁ་ནས་ཅི་ཤོད་རང་གིས་ཚོད་འཛིན་བྱ།།

ཁ་དང་ཁ་ཡིས་གཡོ་རྫུན་ཁྲིད་པ་མང་།།
ཁ་དང་ཁ་ཡིས་འཁྲུག་རྩོད་སློང་བ་མང་།།
ཁ་ངན་ཚིག་ངན་རང་གི་མཐོང་ཡང་གཅོག།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ།།

ཁ་དང་ཁ་ཡིས་དགེ་སློབ་མཛའ་མཐུན་སྦྲེལ།།
ཁ་དང་ཁ་ཡིས་གོང་འོག་སྦྲེལ་ཟམ་བསྐྲུན།།
འོས་འཚམ་ཁ་དེ་ཀུན་དང་མཐུན་པའི་གཞི།།
ཚོད་མེད་ཁ་དེ་ལུང་པ་དཀྲུག་པའི་རྒྱུ།

ཁ་འཇམ་སེམས་བཟང་བཟའ་ཚང་མཐུན་ཁ་འགྲིག།
ཁ་ངན་སེམས་ངན་ཁྱིམ་ཁང་རབ་ཏུ་འཁྲུག།
ཕྱུག་པའི་ནོར་ལས་ཁ་འཇམ་སེམས་མཐུན་དགའ།།
ཞེས་པ་དེང་གི་མི་བུ་མང་པོས་གླེང་།།

ཁ་དང་ཁ་ཡིས་དཀྲོག་གཏམ་བཟོས་པ་མང་།།
ཁ་དང་ཁ་ཡིས་ཡིད་ཆེས་བརླགས་པ་མང་།།
ཁ་དང་ཁ་ཡིས་མི་ཚེ་ཕུང་བ་མང་།།
ཁ་དང་ཁ་ཡིས་དུས་ཚོད་བསྐྱལ་བ་མང་།།

ཁ་ནས་འཆད་རྒྱུ་སེམས་ནས་དྲན་ཚད་མིན།།
ཁ་ཡི་འཇོན་ཐང་དཀར་ནག་ལྡོག་རྒྱུ་མིན།།
ཁ་མཁས་ཚིག་སྙན་སྤྲེལ་ལད་མང་དྲགས་།།
ཁ་སྐྱེངས་ངོ་ཚའི་གནས་སུ་ལྷུང་ཉེན་ཆེ།།

ཁ་དང་ཁ་ཡི་བར་ན་གསང་བ་མང་།།
ཁ་ཡི་གསང་བ་ཁ་ཡིས་བསྲུང་བར་བྱ།།
གཞན་གྱི་གསང་བ་དོན་མེད་ཤོད་མཁན་ཚོར།།
ཁ་མང་ཡོག་དཀྲུག་ཡིན་ཞེས་གནའ་ནས་སྨྲ།།

སེམས་བཟང་ཁ་དེ་ནམ་མཁའ་ཡིན་ཡང་ཆུང་།།
སེམས་ངན་ཁ་དེ་ཙི་ཁུང་ཡིན་ཡང་ཆེ།།
བདེན་པའི་ཁ་ལ་ཀུན་གྱིས་ཉན་པར་བྱ།།
རྫུན་མའི་ཁ་དེ་ཀུན་གྱིས་དོར་བར་བྱ།།

༢༠༡༨ལོའི་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་དུས་དེབ་དང་པོ་ནས་བཏུས།