无障碍阅读 关怀版

༄༅། །སྐྱིད་ཟུར་ལགས་ཀྱིས་འཚོ་བའི་ཡོ་བྱད་སྐོར་ལ་བྲིས་པའི་ཀ་བཤད།

དུས་ཚོད། 2018-05-18 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

ཀ་བའི་ལོག་ལ་རྟ་མགོ་སྤུས་ལེགས་གཅིག །

ཁ་ཤའི་པགས་པའི་ཇ་ཁུག་མགོ་འབྲེལ་གཅིག །

ག་སོང་བློ་ཀྱོག་ཆུང་འདྲིས་སྙིང་སྡུག་གཅིག །

ང་རའི་དུས་ཀྱི་ཐུག་ཁོག་ལུང་ཆག་གཅིག །

ཅ་གས་བསྐྱངས་པའི་མེ་ཏོག་ཁོག་མ་གཅིག །

ཆ་མེད་ཡ་མེད་རྟ་སྒྲོ་རྙིང་སོང་གཅིག །

ཇ་ཁུ་ལྡིར་བྱེད་ཨུ་ལུ་ཁ་དུམ་གཅིག །

ཉ་ཤ་གཙབ་བྱེད་ཨན་རྡར་གས་ཆག་གཅིག །

རྟ་མེད་སྒ་མེད་སྲབ་སྨད་ཆད་དུམ་གཅིག །

ཐ་མག་གང་ཟག་ཐ་ཁུག་རང་འགྲིག་གཅིག །

ད་ལྟ་ཟ་བྱེད་ལ་ཕུག་ཆག་པ་གཅིག །

ན་རྟེན་ཤི་རྟེན་གཡང་ཌམ་དཀར་པོ་གཅིག །

པ་ཕའི་དུས་ཀྱི་འབོག་ཐོ་རྙིང་སོང་གཅིག །

ཕ་མའི་དུས་ཀྱི་ཁ་གདན་རལ་པོ་གཅིག །

བ་མོ་མེད་པའི་འོ་ཟོ་རྐུབ་རྡོལ་གཅིག །

མར་འདྲ་བྱུང་ན་བླུག་བྱེད་མར་ཀག་གཅིག །

རྩྭ་ཡིས་བརྒྱངས་པའི་འབོལ་གདན་རྙིང་རུལ་གཅིག །

ཚྭ་ཁུག་ནང་དུ་ཚྭ་དོག་ཆུང་ངུ་གཅིག །

ཛ་ཛོར་བླུག་སའི་ཤིང་སྒམ་ཁེབས་མེད་གཅིག །

ལྦ་ནག་ཞྭ་མོ་མུག་པས་བཟས་པ་གཅིག །

ཞྭ་ཐུལ་སྤུ་ཟད་རྒྱབ་ཤ་རལ་པ་གཅིག །

ཟ་འཐུང་བྱེད་པའི་ལྷོ་རོང་སྐྱ་ཕོར་གཅིག །

འབ་རྒྱུ་མེད་པའི་རྒྱ་ཁྱི་ཐིགས་རལ་གཅིག །

ཡ་རྡོ་མེད་པའི་རྡོ་གཏུན་གཏིང་རིང་གཅིག །

རྭ་ཅོའི་ཡུ་བའི་གྲི་ཆུང་ལེགས་ཙམ་གཅིག །

ལ་ཕུག་རྡོར་སའི་ལབ་རྡར་ཟད་ཏོ་གཅིག །

ཤ་ཚལ་བྱུང་ན་གཏུབ་བྱེད་ཚལ་གྲི་གཅིག །

ས་ཁྲིའི་སྟེང་དུ་བཙུགས་ཕྲུག་སྤུ་ཟད་གཅིག །

ཧ་ཅང་མཛེས་པའི་གཡུ་རྩིའི་ཁོག་ལྡིར་གཅིག །

ཨ་མས་བསྐུར་བའི་བུ་རམ་རྩྭ་སྒོར་གཅིག །

དེ་མིན་རིན་ཐང་ཆེ་བ་གང་ཡང་མེད།

བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་སྤྱི་སྟེགས་ལས་བཏུས།