༄༅། ། བོད་ཀྱི་ཆང་གཞས་ཁག་གཉིས།
༡
ས་གཞི་མ་གིར་གཟིགས་དང་།།
བཟང་པོ་གསུམ་གྱི་ཞལ་འཛོམས།།
གཅིག་ཏུ་དཀར་མོ་ནས་འབྲུ།།
གཉིས་སུ་ཁྱུང་དཀར་མཛོ་བོ།།
གསུམ་དུ་གཉའ་ཤིང་ཐོང་གཤོལ།།
བཟང་པོ་གསུམ་གྱི་ཞལ་འཛོམས།།
བཞུགས་གྲལ་ཡ་གིར་གཟིགས་དང་།།
བཟང་པོ་གསུམ་གྱི་ཞལ་འཛོམས།།
གཅིག་ཏུ་ཡབ་ཆེན་ཨ་ཕ།།
གཉིས་སུ་ཡུམ་ཆེན་ཨ་མ།།
གསུམ་དུ་བུ་དང་མནའ་མ།།
བཟང་པོ་གསུམ་གྱི་ཞལ་འཛོམས།།
ནམ་མཁའ་ཡ་གིར་གཟིགས་དང་།།
གཅིག་ཏུ་དྲོ་འཇམ་ཉི་མ།།
གཉིས་སུ་སྐལ་བཟང་ཟླ་བ།།
གསུམ་དུ་སྨལ་པོ་སྨིན་དྲུག།
བཟང་པོ་གསུམ་གྱི་ཞལ་འཛོམས།།
༢
སྐྱེས་ཕོ་རབ་ཕོ་འབྲིང་ཕ་ཐ་གསུམ།།
སྐྱེས་ཕོ་རབ་ཆང་ཞིག་འཐུང་ཟེར་ན།།
སྐུ་ཟིལ་པ་ཕྲུམ་མེར་གཉིད་དུ་ཡུར།།
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ།།
སྐྱེས་ཕོ་འབྲིང་ཆང་ཞིག་འཐུང་བའི་དུས།།
ཆང་ཁ་ཡིས་མི་འཐུང་བློ་ཡིས་འཐུང་།།
གླུ་གར་སེམས་སྐོར་གཏོང་ནས་སྡོད།།
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ།།
ཕོ་ཐ་མ་ཆང་ཞིག་འཐུང་བའི་དུས།།
ཆང་ཁ་ཡི་མི་འཐུང་སྙིང་གིས་འཐུང་།།
སྙིང་ནག་རྩ་ནག་རྒྱས་ནས་སྡོད།།
གྲི་ནག་མདུང་ནག་འཇུས་ནས་སྡོད།།
ཙིར་རེ་འུར་རེར་འཁོན་ནས་སྡོད།།
《བོད་ཀྱི་ཆང་གཞས་ཕྱོགས་བསྒྲིགས》ཞེས་པའི་སློབ་དེབ་ལས་བཏུས།