无障碍阅读 关怀版

༄༅། ། ལོ་ཙཱའི་ལས་དོན་ལས་ཐོན་པའི་ཉམས་མྱོང་དང་བསླབ་བྱ།

དུས་ཚོད། 2018-10-09 རྩོམ་པ་པོ ཚེ་དབང་རྡོ་རྗེ། རྩོམ་སྒྲིག ཉི་མ་དོན་གྲུབ།

ནང་དོན་གནད་བསྡུས།

    དཔྱད་རྩོམ་འདིར་བོད་བཙན་པོའི་རིང་ལ་སྐད་གཉིས་ལོ་ཙཱའི་བྱ་བ་ཇི་ལྟར་གཉེར་བ་ངོས་འཛིན་དང་ཤེས་རྟོགས་ཡང་དག་བྱ་བ་དང་། རིག་གནས་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་ལས་ཐོན་པའི་ཡིག་སྒྱུར་བྱ་བའི་ཉམས་མྱོང་དང་བསླབ་བྱ་སྤྱི་བསྡོམས་བྱས་ཏེ། དེང་རབས་བོད་ཀྱི་ལོ་ཙཱའི་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས་པ་གླེང་ཡོད།��

བརྡ་ཆད་གཙོ་བོ། བོད་བཙན་པོའི་དུས། ལོ་ཙཱའི་ཉམས་མྱོང་། བསླབ་བྱ། མཛུབ་སྟོན། སྐུལ་འདེད།

    དེས་ན་བོད་བཙན་པོའི་དུས་སུ་ལོ་ཙཱའི་བྱ་བ་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་རླབས་ཆེན་གྱི་གྲུབ་འབྲས་འདི་ལྟར་ལོན་པ་ནི་སྟེས་དབང་ཙམ་མ་ཡིན་ཏེ། འདི་ལ་སྐབས་དེའི་བོད་རང་གི་འཚོ་གནས་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་སོགས་ཀྱི་རྒྱུ་རྐྱེན་ངེས་ཅན་ལྡན་པར་མ་ཟད། བཙན་པོའི་དབང་བསྒྱུར་གྱི་ཆབ་སྲིད་དགོས་མཁོ་དང་དམངས་ཡོངས་ཀྱི་དད་མོས་ཐད་ཀྱི་མཐུན་རྐྱེན་སོགས་ཀྱང་འཛོམས་པས་ཡིན། བོད་རྒྱལ་སྲོང་བཙན་སྒམ་པོ་ནས་ལོ་ཙཱའི་སྲོལ་གསར་དུ་ཚུགས་པ་ནས་བཟུང་བཙན་པོ་སྲིད་གཞུང་ནས་ནང་བསྟན་ལོ་ཙཱའི་བྱ་བར་རྒྱབ་སྐྱོར་དང་གཟིགས་སྐྱོང་བླ་མེད་མཛད་པ་སྟེ། དེ་ཡང་བཙན་པོ་རིམ་བྱོན་གྱིས་མི་ཤུགས་དང་དངོས་ཤུགས། སེམས་ཤུགས་གང་རུང་ནས་མཐུན་རྐྱེན་གང་ལེགས་སྦྱར་བ་དང་། གཞན་བོད་མི་དམངས་ཀྱིས་ཀྱང་རིག་གནས་ཀྱི་ལས་སྒོ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བླ་མེད་མཛད་པས་ན། ད་གཟོད་ལོ་ཙཱའི་ལས་དོན་གང་ཉིད་བདེ་བླག་སྐྱོན་བྲལ་ངང་འཕེལ་རྒྱས་བླ་མེད་བྱུང་བ་ཡིན།

    འོ་ན་ང་ཚོས་བོད་བཙན་པོའི་རིང་ལ་སྐད་གཉིས་ཡིག་སྒྱུར་གྱི་བྱ་བ་ཆེས་ཆེར་དར་རྒྱས་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་དང་རིག་གནས་སྒུལ་ཤུགས་དང་བཅས་པར་མཐའ་དཔྱོད་སྤེལ་བའི་དགོས་པའམ་དམིགས་ཡུལ་ནི། བོད་སྔ་མ་རྣམས་ཀྱིས་ལོ་ཙཱའི་ལས་སྒོ་འདི་ཉིད་ཚུལ་ཇི་ལྟར་གཉེར་བར་ངོས་འཛིན་དང་ཤེས་རྟོགས་ཡང་དག་ཅིག་བྱ་བའི་ཞོར་དུ། རིག་གནས་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་ལས་ཐོན་པའི་ཡིག་སྒྱུར་བྱ་བའི་ཉམས་མྱོང་དང་བསླབ་བྱ་སོགས་སྤྱི་བསྡོམས་བྱས་ཏེ། དེང་རབས་བོད་ཀྱི་ལོ་ཙཱའི་བྱ་གཞག་གོང་དུ་སྤེལ་བར་མཛུབ་སྟོན་དང་སྐུལ་འདེད་བྱ་བའི་གསོས་སུ་བསྒྱུར་རྒྱུ་དེ་ཡིན། བོད་བཙན་པོའི་སྐུ་རིང་དང་བསྟན་པ་ཕྱི་དར་སྐབས་བོད་ཀྱི་ལོ་ཙཱའི་བྱ་བ་གཉེར་སྟངས་དང་གྲུབ་འབྲས་སྤྱི་ལ་གཞིགས་ན། དེང་དུས་ང་ཚོ་ཕྱི་རབས་པ་རྣམས་ཀྱི་མིག་ལྟོས་སུ་འོས་པའི་ལོ་ཙཱའི་ཐད་ཀྱི་ཉམས་མྱོང་དང་བསླབ་བྱའི་སྐོར་ལ་གཙོ་བོ་གཤམ་གྱི་འདི་ལྟར་མངོན་ཏེ།

དང་པོ། ལོ་ཙཱ་བའི་དཔུང་སྡེ་སྟོབས་ལྡན་ཞིག་འཛུགས་པར་འབད་དགོས་པ།

    སྤྱིར་ན་མི་རིགས་དང་རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་འདྲ་སྟེ། སྐད་གཉིས་ལོ་ཙཱའི་བྱ་བ་བདེ་བླག་དང་རྒྱ་ཆེར་སྤེལ་བ་ལ་ཐོག་མར་རིག་གནས་ཀུན་གྱི་རྨང་གཞི་བརྟན་ཞིང་ཡིག་སྒྱུར་གྱི་བྱང་ཚད་མཐོ་བའི་ལོ་ཙཱ་བའི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་ཅིས་ཀྱང་ལྡན་དགོས། དེ་ཡང་བོད་བཙན་པོའི་དུས་སུ་སྲིད་གཞུང་ནས་འགྲོ་གྲོན་འབོར་ཆེན་བཏང་ནས་ཕྱིའི་མཁས་པ་གདན་འདྲེན་དང་རང་གི་བྱིས་པ་ཕྱིར་མངགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ། གནས་ལྔ་རིག་པར་དབང་འབྱོར་ཞིང་སྐད་གཉིས་ཡིག་སྒྱུར་བྱ་བར་ནང་བྱན་ཆུད་པའི་ལོ་ཙཱ་བ་དང་མཁན་པོ། པཎྚི་ཏ་ལ་སོགས་ཀྱི་དཔུང་སྡེ་ཧ་ཅང་སྟོབས་ཆེན་ཞིག་བསྐྲུན་པ་འདི་ནི། སྐབས་དེར་ལོ་ཙཱའི་བྱ་གཞག་སྐྱོན་བྲལ་བདེ་བླག་ངང་འཕེལ་རྒྱས་བྱུང་བའི་རྨང་རྡོ་དང་ནང་རྐྱེན་གཙོ་བོ་ཡིན། དེ་ཡང་ཕྱིས་སུ་བསྡོམས་རྩིས་བྱས་པ་ལྟར་ན། བོད་བཙན་པོའི་ལོ་ངོ་ཉིས་བརྒྱ་ཡས་མས་རིང་ལ་བྱུང་བའི་ལོ་ཙཱ་བའི་གྲངས་འབོར་ནི་མི་རིགས་ཤིག་ལ་མཚོན་ན་དེ་འདྲའི་མང་རྒྱུ་མེད་ཀྱང་། ཁོང་ཚོའི་རྣམ་དཔྱོད་ཀྱི་ཤེས་རབ་དང་གནས་ལྔ་མཁྱེན་པའི་ཡོན་ཏན། ལྷག་ཏུ་སྐད་གཉིས་ལོ་ཙཱའི་བྱ་བར་བཅང་བའི་དད་འདུན་དང་ཆོད་སེམས། མི་ཚེ་ཧྲིལ་པོ་རླབས་ཆེན་གྱི་རིག་གནས་ལས་དོན་དེར་འབུལ་བའི་ཞུམ་མེད་ཀྱི་སྙིང་སྟོབས་བཅས་ནི་རང་བཞིན་དཀྱུས་མ་ཞིག་མ་ཡིན་ཏེ། དེ་དང་དེ་ལྟ་བུའི་མཐུན་རྐྱེན་སྣ་ཚོགས་འཛོམས་པ་ལས་ད་གཟོད་འགྱུར་གྱི་གྲངས་མང་ཞིང་རྫོང་མཐུག་ལ། སྤུས་ཚད་སོགས་གང་གི་ཐད་ནས་ཀྱང་འཛམ་གླིང་གི་ཡང་རྩེར་སོན་པའི་རླབས་ཆེན་གྱི་གྲུབ་འབྲས་འདི་ལྟར་མིག་མཐོང་ལག་ཟིན་དུ་བླངས་པ་ཡིན། དེ་བཞིན་དུ་བསྟན་པ་ཕྱི་དར་སྐབས་ལ་མཚོན་ནའང་འདྲ་སྟེ། ལོ་ཙཱ་སློབ་པའི་འགྲོ་གྲོན་སྒེར་གཞུང་གཉིས་ནས་བཏང་སྟེ། ཉི་ཟླ་ལྟ་བུའི་ལོ་ཙཱ་བ་མང་པོ་བྱུང་བས། བོད་ཀྱི་ལོ་ཙཱའི་ལས་དོན་ལ་ད་གཟོད་བསྟན་པ་སྔ་དར་ལས་ཀྱང་ལྷག་པའི་གོང་འཕེལ་བྱུང་ལ་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་བླངས་པ་ཡིན། འདི་ལས་ང་ཚོས་གྲངས་ཀ་ལས་སྤུས་ཀ་གཙོ་ཆེ་བའི་གནད་དེའང་ཞོར་དུ་རྟོགས་ནུས་སོ། །

    འོན་ཀྱང་དེང་དུས་བོད་ཀྱི་ལོ་ཙཱའི་གནས་བབ་ལ་གཞིགས་ན། སྐད་གཉིས་ཡིག་སྒྱུར་ལས་ལ་འཇུག་པའི་མི་འབོར་ནི་སྔར་ལས་མང་ཞིང་། ལྷག་ཏུ་ཡིག་རིགས་གཉིས་ཤེས་པ་ཐམས་ཅད་སྐབས་བསྟུན་དུ་ལོ་ཙཱའི་ལས་སྒོར་ཞུགས་པས། ཕྱི་བལྟས་སུ་གྲངས་འབོར་སོགས་ཀྱི་ཆ་ནས་དགའ་འོས་པའི་རྣམ་པ་ཞིག་འཆར་འོང་མོད། འོན་ཀྱང་ལོ་ཙཱ་བྱ་བའི་མཇུག་འབྲས་སུ་རྒྱ་མིན་བོད་མིན་གྱི་མིང་དང་ཚིག་གིས་ལུང་བ་བཀང་ཞིང་ས་ཁེབས་ནས། མི་རིགས་གཞན་པའི་རིག་གནས་ཀྱི་ཉིང་བཅུད་ཇི་བཞིན་ལོན་པ་ལྟ་ཞོག ཐ་ན་བོད་རང་གི་སྐད་ལུགས་གཙང་མ་འདིར་དགོས་མེད་ཀྱི་བསླད་མང་པོ་བཟོས་དང་བཟོ་བཞིན་པའི་གནས་ཚུལ་ཡང་གཅིག་མིན་དུ་འབྱུང་བཞིན་པ་འདི་ངེས་པར་དུ་ཁས་ལེན་དགོས། ད་ལྟ་མི་རིགས་སློབ་ཆེན་སོ་སོ་ན་སྐད་གཉིས་ཡིག་སྒྱུར་ཐད་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་གནང་བཞིན་པ་འདི་ནི་དངོས་གནས་རྗེས་སུ་ཡི་རང་བྱ་དགོས་པའི་གནས་ཤིག་ལགས་མོད། འོན་ཀྱང་དོན་དངོས་ཀྱི་ལོ་ཙཱའི་གཞུང་ལུགས་ཆུ་ཚད་དང་སྒྱུར་རྩལ། ལྷག་པར་དུ་རིག་གནས་ཕྱོགས་ཡོངས་ཀྱི་ཤེས་བྱའི་བྱང་ཚད་བཅས་ལ་གཞིགས་ན། ད་དུང་ཅུང་ཉག་ཕྲ་བ་དང་ཉམས་ཞན་པའི་དུས་སུ་གནས་འདུག དེས་ན་གནའ་དེང་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་རྨང་གཞི་བརྟན་ཞིང་ལག་ལེན་གྱི་སྦྱོང་བརྡར་དང་ཉམས་མྱོང་ཕུན་སུམ་ཚོགས་པ། གཞན་རིག་གཞུང་གང་ཞིག་བསྒྱུར་བ་དེའི་སྐོར་གྱི་ཆེད་ལས་ཤེས་བྱར་ནང་བྱན་ཆུད་པ་སོགས་ཀྱི་ཡོན་ཏན་མངའ་བའི་ལོ་ཙཱ་བའི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་བསྐྲུན་རྒྱུ་ནི། མིག་སྔར་བོད་ཀྱི་ལོ་ཙཱའི་ལས་དོན་གོང་དུ་སྤེལ་བར་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་གནད་འགག་ཅིག་ཡིན་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་མཛད་དགོས་པའི་རིག་གནས་ལས་དོན་ཧ་ཅང་གལ་ཆེན་ཞིག་ཀྱང་ཡིན་ནོ། །

གཉིས་པ། མིང་བརྡ་རྣམས་དུས་ལྟར་དུ་གཅིག་གྱུར་དང་ཚད་ལྡན་དུ་བཏང་ནས་མ་དག་རྒྱུན་འབྱམས་ཀྱི་ལོག་ལམ་ལས་སྐྱོབ་དགོས།

    སྤྱིར་ལོ་ཙཱ་ནི་གཞན་གྱི་རིག་གནས་ཤེས་བྱ་རང་ཡུལ་ལ་འདྲེན་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་ལས་གཞན་ད་དུང་མི་རིགས་རང་ལ་སྔར་མེད་ཀྱི་བརྡ་དང་ཐ་སྙད་གསར་པ་ནང་འདྲེན་དང་གསར་གཏོད་བྱ་བའི་ལས་སྒོ་མཆོག་གྱུར་ཞིག་ཀྱང་ཡིན། དེ་ཡང་སྤྱི་ལོ་དུས་རབས་བདུན་པར་བོད་དུ་ནང་བསྟན་བསྒྱུར་བའི་དབུ་ཚུགས་པ་ནས་བཟུང་དེར་འབྲེལ་གྱི་ཆེད་ལས་བརྡ་ཆད་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་མང་དུ་བྱུང་། གསར་བྱུང་གི་མིང་བརྡ་དེ་དག་ནི་དེ་སྔ་བོད་དུ་བྱུང་མ་མྱོང་བའི་བརྡ་གསར་ཁོ་ནར་ཟད་ཅིང་། ལྷག་པར་དུ་མི་རིགས་མི་འདྲ་བའི་སྐད་ཡིག་མང་པོ་ཞིག་ལས་ཐོན་པས་ན། དེ་དག་རང་སྐད་དུ་མིང་ཇི་ལྟར་གདགས་པའི་ཕྱོགས་སུ་ལོ་ཙཱ་བ་རྣམས་གཅིག་མཐུན་མ་བྱུང་བར་འདྲ་མིན་སྣ་ཚོགས་སུ་བསྒྱུར་བའི་སྣང་ཚུལ་བྱུང་། བརྡ་གསར་རྙིང་གི་སྤྱོད་སྟངས་དང་སྒྱུར་ཚུལ་མི་འདྲ་བ་ལས་བྱུང་བའི་མིང་གསར་ཐ་དད་པ་རྣམས་གཅིག་གྱུར་དང་ཚད་ལྡན་དུ་གཏོང་ཆེད། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་རྒྱལ་བློན་ལོ་པཎ་མང་པོ་གདན་གཅིག་ཏུ་འཛོམས་ཏེ་བོད་ཀྱི་ཡི་གེ་ལ་བསྟུད་མར་བཀས་བཅད་ཐེངས་གཉིས་མཛད་དེ། གསར་དུ་བསྒྱུར་བའི་མིང་བརྡ་རྣམས་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ཎའི་ལུགས་སོགས་དང་མཐུན་པར་བཅོས་ཏེ་དཀར་ཆག་ཏུ་བྲིས་ཤིང་། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་དུ་རུང་བར་གྱིས་ཤིག་ཅེས་བཀའ་བསྩལ། ལྷག་ཏུ་གསར་བསྒྱུར་གྱི་མིང་བརྡ་རྣམས་ལེགས་བོད་སྐད་གཉིས་ཤན་སྦྱར་གྱི་ཐོག་ནས་འགྲེལ་ཅིང་སྐད་གསར་བཅད་ཀྱིས་གཅིག་གྱུར་གྱི་གཏན་ལ་ཕབ། དེ་ཡངསྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོརུ་ཐ་སྙད་སྤྱིའི་རྣམ་གྲངས་ཉིས་བརྒྱ་དྲུག་ཅུ་རེ་དགུ་དང་། བྱེ་བྲག་གི་ཐ་སྙད་དགུ་སྟོང་ལྷག་ཙམ་འཁོད་ཡོད། རིག་གནས་ཀྱི་ལས་སྒོ་ཆེན་མོ་འདིས་ནི་སྐབས་དེའི་གསར་བྱུང་གི་ཐ་སྙད་མང་པོ་དུས་ལྟར་དུ་གཅིག་གྱུར་དང་ཚད་ལྡན་གྱི་ལམ་དུ་བཙུད་ཅིང་། བཙན་པོའི་སྲིད་གཞུང་ནས་བཀས་བཅད་པ་ཡིན་ཙ་ན། ཕྱིས་ཀྱི་ལོ་པཎ་མང་པོས་ཀྱང་གསེར་གྱི་གཉའ་ཤིང་བཞིན་བཀུར་ནས་དེ་ལས་མི་འདའ་བར་མུ་མཐུད་ནས་བཀོལ་སྤྱོད་མཛད། ང་ཚོས་ཤེས་གསལ་བཞིན་ནང་བསྟན་གྱི་གཞུང་ནི་མི་རིགས་དང་རྒྱལ་ཁབ་མང་པོ་ཞིག་གི་སྐད་དུ་འགྱུར་ཡོད་ནའང་། འབྲེལ་ཡོད་ཀྱི་མིང་བརྡ་རྣམས་ཚད་མཐོ་བའི་གཅིག་གྱུར་དང་ཚད་ལྡན་དུ་བྱུང་བ་ནི། རང་རེའི་བོད་ལྟ་བུ་ཞིག་གང་ལའང་ཐོན་མེད་ཅེས་དེང་དུས་འཛམ་གླིང་གི་མཁས་པ་མང་པོས་མགྲིན་གཅིག་དབྱངས་གཅིག་ཏུ་གདེང་འཇོག་དང་ཁས་ལེན་བྱེད་བཞིན་ཡོད། འདི་ནི་བོད་སྔ་མ་རྣམས་ཀྱིས་བོད་ཡིག་ལ་དུས་ལྟར་དུ་བཀས་བཅད་མཛད་པའི་བཀའ་དྲིན་ཡིན་ལ། ང་ཚོ་ཕྱི་རབས་པ་རྣམས་ཀྱི་མིག་ལྟོས་སུ་ཆེ་བའི་ཉམས་མྱོང་གལ་ཆེན་ཞིག་ཀྱང་ཡིན་ནོ། །

    དེ་ནས་ད་ལྟའི་བོད་ཀྱི་བརྡ་གསར་ལོ་ཙཱའི་གནས་བབ་ལ་གཞིགས་ཚེ། གཅིག་གྱུར་གི་རྩ་དོན་དང་ཚད་གཞི། བྱེ་བྲག་གི་སྒྱུར་སྟངས་སོགས་ལ་ངེས་གཏན་གང་ཡང་མེད་པར་སྐབས་བསྟུན་དུ་རང་གི་འདོད་མོས་བཞིན་མིང་གསར་རེ་སྦྱོར་བཞིན་འདུག ལྷག་པར་དུ་ཚན་རིག་ལག་རྩལ་སྐོར་གྱི་བརྡ་ཆད་རྣམས་བསྒྱུར་བ་ལ་དེའི་ཆེད་ལས་ཀྱི་བསྟན་དོན་ཇི་བཞིན་མ་ཐོན་པ་དང་། ཡང་ན་མིང་གཅིག་དོན་མང་དང་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་སོང་བའང་མང་དུ་སྣང་། དེ་ལྟར་ས་གནས་དང་ལས་ཁུངས། ཡང་ན་མི་སྒེར་སོ་སོ་ནས་བརྡ་གསར་པ་གང་མོས་སུ་སྦྱར་བ་དེའི་མཇུག་འབྲས་སུ། རྒྱ་མིན་བོད་མིན་གྱི་མིང་བརྡ་ཡ་མ་ཟུང་གི་ཀློང་བརྡོལ་ཞིང་། ལྷག་པར་དུ་བསྒྱུར་བྱ་གཅིག་ལ་འགྱུར་མིང་མི་འདྲ་བ་རེ་འགའ་བྱུང་བའང་རྒྱུན་ལྡན་དུ་གྱུར་ཡོད། འདི་ལྟར་བརྡ་དང་ཐ་སྙད་རྣམས་གཅིག་གྱུར་དང་ཚད་ལྡན་མ་ཡིན་པར་ཉ་ཉུང་མཉམ་བསྲེས་བྱས་པ་འདིས། གཞན་སྐད་ཀྱི་ཤེས་བྱ་གསར་པ་དང་རིག་གནས་གསར་པའི་བརྡ་འཕྲིན་ཇི་བཞིན་མི་ལོན་པ་དང་། གཞན་དེ་དག་བོད་ཡུལ་དུ་སློབ་གཉེར་དང་ཁྱབ་གདལ་བྱ་བར་ཡང་དགོས་མེད་ཀྱི་ཉོག་དྲ་མི་ཉུང་བ་ཞིག་བཟོས་འོང་། དེང་དུས་ལ་ལ་ཞིག་གིས་བོད་ཡིག་ལ་བཀས་བཅད་ཐེངས་བཞི་པ་བྱེད་རན་འདུག་ཅེས་འབོད་སྐུལ་གཏོང་བའང་མདོར་ན་གསར་བྱུང་གི་བརྡ་དང་ཐ་སྙད་རྣམས་གཅིག་གྱུར་མ་བྱུང་བར་མ་དག་རྒྱུན་འབྱམས་ཀྱི་ལོག་ལམ་དུ་འགྲོ་བཞིན་པའི་གནས་བབ་འདིར་དམིགས་པ་ཡིན། དེ་བས་ང་ཚོས་བོད་སྔ་མ་རྣམས་ཀྱི་ཉམས་མྱོང་དང་བསླབ་བྱ་དང་ལེན་བྱས་ཐོག ཀུན་གྱིས་ཁས་ལེན་ཞིང་ཚད་མར་འཛིན་རིགས་པའི་རྒྱལ་ཡོངས་རང་བཞིན་གྱི་མིང་བརྡ་གཅིག་གྱུར་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། དུས་ལྟར་དུ་གསར་བྱུང་གི་ཐ་སྙད་མང་པོ་གཅིག་གྱུར་དང་ཚད་ལྡན་དུ་བཟོས་ནས་ཁྱབ་པར་བསྒྲགས་ན། གཤམ་རིམ་གྱི་ལོ་ཙཱ་གཉེར་མཁན་དག་གིས་ཀྱང་དེ་ཉིད་བརྩི་སྲུང་དང་ལག་ལེན་མཐར་ཕྱིན་བྱ་བ་ལས་གང་འདོད་དུ་མིང་གསར་པ་སྦྱོར་མི་རུང་། དེ་ལྟར་རྩ་འཛུགས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་ཀྱི་མིང་བརྡ་རྣམས་གཅིག་གྱུར་བྱ་བ་དང་། གཅིག་གྱུར་བྱུང་བ་རྣམས་རིམ་གྱིས་ཚད་ལྡན་དུ་བཏང་ན་ད་གཟོད་དྲང་ལམ་དུ་འཇུག་ནུས་པ་མ་གཏོགས། ས་ཁུལ་དང་ཡུལ་སྐད་ཀྱི་དབང་དུ་སོང་བ་དང་། ཡང་ན་མི་སྒེར་གྱི་འདོད་མོས་བཞིན་བརྡ་གསར་པ་སྦྱར་ན། བོད་ཀྱི་མིང་བརྡ་རྣམས་དུས་ནམ་ཡང་མ་དག་རྒྱུན་འབྱམས་ཀྱི་གཡང་ས་ལས་སྐྱོབ་མི་ནུས་སོ། །

གསུམ་པ། འགྱུར་སྔོན་མ་རྣམས་ལ་ཞིབ་འཇུག་དང་མཐའ་དཔྱོད་སྤེལ་ནས་ལོ་ཙཱའི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས།

    དེ་ཡང་སྔ་མའི་འགྱུར་རྣམས་ལ་ཚིག་དོན་གཉིས་ཀྱི་ཐད་ནས་ཞིབ་འཇུག་དང་མཐའ་དཔྱོད་སྤེལ་ཏེ། ལེགས་ཉེས་ཀྱི་ཆ་རྣམས་ལྷག་ལུས་མེད་པར་དུས་ཐོག་ཏུ་གསལ་སྟོན་བྱེད་པ་དང་། འགྱུར་ལེགས་པོ་ལས་ཉམས་མྱོང་སྡུད་ལེན་བྱ་བ་དང་འགྱུར་ཉེས་པའི་སྐྱོན་རྣམས་བསལ་ཏེ་ཡང་དག་པར་བཅའ་རྒྱུ་ནི་ལོ་ཙཱའི་བྱ་བ་གང་ཉིད་སྐྱོན་བྲལ་བདེ་བླག་ངང་འཕེལ་རྒྱས་འབྱུང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པར་མ་ཟད། ལོ་ཙཱའི་ལས་དང་པོ་བ་རྣམས་ལ་ཤིན་ཏུ་ཕན་པའི་སྦྱོང་བརྡར་བྱེད་ཐབས་ཤིག་ཀྱང་ཡིན། ལོ་ཙཱའི་མཐའ་དཔྱོད་མང་དུ་སྤེལ་ནས་འགྱུར་ཡིག་གང་གི་སྐྱོན་ཡོན་དུས་ལྟར་དུ་གསལ་བོར་བཏོན་ན། འགྱུར་སྤུས་ཇེ་ལེགས་སུ་གཏོང་བ་དང་། བསྒྱུར་བྱའི་གཞུང་གང་ཉིད་ཀྱི་འཆད་ཉན་རྒྱས་པ། ལོ་ཙཱའི་གཞུང་ལུགས་འཐུས་ཚང་དུ་བསྒྲུབ་པ་བཅས་ལ་ཕན་ཡོན་དང་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཞིག་ཐོན་ངེས། དེ་ཡང་བོད་ཀྱི་ལོ་ཙཱའི་འཕེལ་རིམ་ཡོངས་ལ་ཕྱིར་ལྟ་མཛད་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་ནས་བཟུང་འགྱུར་དཔྱད་མཛད་པའི་སྲོལ་ཚུགས་པ་སྟེ།ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུདལས། "དེ་ནས་བཙན་པོ། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་ལ་བཀའ་བསྩལ་ནས་འགྱུར་སྐྱོན་ཐམས་ཅད་བསལ་ཏེ། མ་འགྱུར་བ་དང་། མ་གྲགས་པ་གཉིས། འགྱུར་ཆད་པ་དང་འགྱུར་ལྷག་པ་གཉིས། འགྱུར་ལོག་པ་དང་འགྱུར་འཁྲུགས་པ་གཉིས། འགྱུར་དམན་དང་འགྱུར་གཅོང་གཉིས་ཏེ། འགྱུར་སྐྱོན་བརྒྱད་ཀྱི་ཆ་ཅུང་ཟད་ཀྱང་མེད་པར་བྱས་ནས་འགྱུར་ཐམས་ཅད་དག་པར་བྱས།"ཞེས་སྔ་མའི་འགྱུར་རྣམས་ལས་བྱེ་བྲག་གི་འགྱུར་སྐྱོན་བརྒྱད་ཙམ་བཏོན་ནས་ཡང་དག་པར་བཅོས། དེ་བཞིན་བོད་ཀྱི་ལོ་རྒྱུས་སྟེང་བོད་ཡིག་ལ་བཀས་བཅད་ཐེངས་གསུམ་ཙམ་མཛད་པའང་དོན་གྱིས་སྔ་མའི་འགྱུར་རྣམས་ལ་གདེང་འཇོག་དང་མཐའ་དཔྱོད་སྤེལ་བའི་རྨང་གཞིའི་སྟེང་སྤེལ་བ་ཡིན་ལ། འགྱུར་སྐྱོན་རྣམས་དུས་ལྟར་དུ་བསལ་ནས་ཡང་དག་ཚད་ལྡན་དུ་འཇུག་པའི་རིག་གནས་ཀྱི་བཟོ་བསྐྲུན་ཆེན་པོ་ཞིག་ཀྱང་རེད། བོད་བཙན་པོའི་རིང་སྲོལ་ཚུགས་པའི་འགྱུར་དཔྱད་ཀྱི་ལས་དེ་ནི་བསྟན་པ་ཕྱི་དར་རིང་ནས་ཀྱང་མུ་མཐུད་དུ་རྒྱུན་བསྐྱངས་ཤིང་། མཇུག་མཐར་མཁས་དབང་དགེ་འདུན་ཆོས་འཕེལ་ལ་ཐུག་གི་བར་དུ་གནས་ཡོད། དེ་ལྟར་རང་གཞན་གྱི་འགྱུར་སྔོན་མ་དག་ལ་མཐའ་དཔྱོད་མང་དུ་སྤེལ་ནས་སྐྱོན་ཡོན་དུས་ལྟར་དུ་ཕྱེས་ཏེ་ཡང་དག་གི་ལམ་དུ་བཙུད་པ་འདིས། ད་གཟོད་བོད་འགྱུར་རྣམས་ཀྱི་སྤུས་ཀ་ལ་ཡིད་རྟོན་རུང་བའི་ཁག་ཐེག་མཛད་ཅིང་། ལོ་ཙཱའི་ལས་དོན་བདེ་བླག་སྐྱོན་བྲལ་ངང་གོང་འཕེལ་བླ་མེད་བྱུང་བ་ཡིན་ནོ། །

    དེས་ན་ང་ཚོས་ཀྱང་བོད་སྔ་མའི་ལུགས་སྲོལ་བཟང་པོ་འདི་ཁ་མིག་ཡར་བལྟ་བྱ་བའི་དཔེ་རུ་འཛིན་འོས་ཤིང་། ད་ལྟ་དང་མ་འོང་བའི་ལོ་ཙཱའི་ལས་དོན་གོང་དུ་སྤེལ་བའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཏུ་མཐོང་དགོས། ད་ལྟའི་བོད་རང་གི་ལོ་ཙཱའི་གནས་བབ་དངོས་ལ་གཞིགས་ན། སྐད་གཉིས་ལོ་ཙཱའི་གནས་ལ་འཇུག་པའི་མི་འབོར་ཅུང་མང་ཡང་སྔ་འགྱུར་རྣམས་ཀྱི་ལེགས་ཉེས་ལ་དཔྱད་བརྗོད་སྤེལ་མཁན་ཧ་ཅང་ཉུང་སྟེ། འགའ་རེ་བྱུང་བའང་མིང་དང་ཚིག་རེ་གཉིས་ཀྱི་འགྱུར་སྐྱོན་ཁོལ་དུ་ཕྱུང་བ་ཙམ་ལས། ཕྱི་ནང་གི་གཞུང་ལུགས་འཐད་ལྡན་རྣམས་ལ་གཞི་བཅོལ་ནས་ད་ལྟའི་ལོ་ཙཱའི་ལས་དོན་སྤྱི་ལ་ཁྱབ་པའི་གནད་དོན་གང་དག་མཆིས་པ་དང་། ལོ་ཙཱའི་རྩ་དོན་དང་ཚད་གཞི། བྱེ་བྲག་གི་སྒྱུར་སྟངས་སོགས་ཀྱི་ཆ་ནས་ཚད་མཐོ་ཞིང་གཏིང་ཟབ་པའི་སྒོ་ནས་ཞིབ་དཔྱད་སྤེལ་མཁན་ནི་དེ་བས་ཀྱང་དཀོན་ནོ། ། འགྱུར་དཔྱད་ལེགས་པོ་ཞིག་བྱ་བ་ལ་ཐོག་མར་ལོ་ཙཱའི་གཞུང་ལུགས་སྐོར་གྱི་བློ་སྦྱོང་ངེས་ཅན་ཞིག་ལྡན་དགོས་པའི་ཁར། ཡུན་རིང་ལ་ལག་ལེན་བརྒྱུད་པའི་ཉམས་མྱོང་དང་སྒྱུར་རྩལ་ཡང་མི་དམན་པ་ཞིག་དང་། གཞན་གནའ་དེང་ཕྱི་ནང་གི་རིག་པའི་གནས་སྤྱི་ལ་མཐོང་རྒྱ་ཐོས་རྒྱ་ཆེ་དགོས་པར་མ་ཟད། གང་ཞིག་བསྒྱུར་བ་དེའི་ཆེད་ལས་ཤེས་བྱ་དང་བཅས་པར་བྱང་ཚད་མཐོན་པོ་ཞིག་ཡོད་དགོས། དེ་ལྟར་ན་ད་གཟོད་འགྱུར་གང་ཞིག་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་མཐའ་དཔྱོད་མཐའ་འཁྱོལ་བ་ཞིག་འཁྱོང་ཞིང་། ལེགས་ཉེས་བླང་དོར་གྱི་ཆ་རྣམས་མ་འཁྲུལ་མ་འཛོལ་བར་སྤྱི་བསྡོམས་དོན་མཐུན་ཞིག་བྱ་ནུས་ལ། མི་རིགས་ཡོངས་ཀྱི་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་འབྱུང་བ་ལའང་ལམ་སྟོན་གྱི་སྒྲོན་མེ་དང་སྐུལ་འདེད་ཀྱི་གསོན་ཤུགས་བསྩལ་བ་ཡིན་ནོ། །

    མདོར་དྲིལ་ན་གཞན་གྱི་འགྱུར་ཡིག་མང་པོ་ལས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་མཛད་དེ། བཟང་གི་ཉམས་མྱོང་ལ་སློབ་སྦྱོང་དང་ལད་མོ་བྱེད་པ་དང་། ཉེས་པའི་བསླབ་བྱ་ལ་གཟབ་ནན་དང་གཡོལ་ཐབས་བྱས་ནས་རང་གི་སྒྱུར་རྩལ་ཇེ་མཐོར་དང་འགྱུར་སྤུས་ཇེ་ལེགས་སུ་གཏོང་བ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ནོ། །

བཞི་པ། གནའ་དེང་གི་བཅུད་འདུས་ཤིང་དུས་རབས་ཀྱི་དགེ་ཐོན་པའི་ལོ་ཙཱའི་གཞུང་ལུགས་ཤིག་བསྐྲུན་པར་འབད་བརྩོན་བྱ་དགོས།

    སྤྱིར་རིག་གཞུང་གང་ཞིག་ཀྱང་ཡུན་རིང་གི་ལག་ལེན་བྱ་བ་ལས་ཐོན་པའི་ཉམས་མྱོང་དང་ཆོས་ཉིད་རྣམས་སྤྱི་བསྡོམས་མཛད་པ་ལས་གཞུང་ལུགས་བསྐྲུན་པ་དང་། གཞུང་ལུགས་དེས་ཀྱང་ཕྱིར་ལག་ལེན་ལ་མཛུབ་སྟོན་དང་སྐུལ་འདེད་བྱས་ཏེ་འཕེལ་རིམ་གསར་པ་ཞིག་ཏུ་སྐྱེལ་བ་ནི་ཆོས་ཉིད་ཡིན་ཏེ། གཞུང་ལུགས་དང་ལག་ལེན་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་གྲུབ་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ནས་དབུ་ཚུགས་པའི་ནང་བསྟན་བོད་དུ་བསྒྱུར་བའི་རིག་གནས་ལས་འགུལ་དེ་ནི་རིམ་གྱིས་འཕེལ་ཏེ། ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་རིང་ལ་སླེབས་དུས་དར་རྒྱས་ཀྱི་ཡང་རྩེར་སོན། ཡུན་རིང་གི་ལོ་ཙཱའི་ཕྱག་ལེན་ཁྲོད་དུ་བསྒྱུར་གྱི་རྩ་དོན་དང་བྱེ་བྲག་གི་ཐབས་ལམ་ལ་སོགས་སྣ་མང་ཞིག་བེད་སྤྱོད་བཏང་ཡོད་པ་གོར་མ་ཆག་ལ། ཡིག་སྒྱུར་གྱི་བྱ་རིམ་དང་སྒྲིག་སྲོལ་ཡང་ཕྲ་ཞིང་ཞིབ་ལ་ཚགས་དམ་པ་ཞིག་གཏན་ལ་ཕབ་ཡོད། སྔོན་ཆད་ཀྱི་འགྱུར་མ་དག་པ་དང་གོ་དཀའ་བའི་བརྡ་རྙིང་མང་བ། གསར་བསྒྱུར་གྱི་ཐ་སྙད་རྣམས་གཅིག་གྱུར་མ་འོང་བ་ལ་སོགས་པའི་འགལ་རྐྱེན་མང་དུ་བྱུང་བས་ན། ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ་ལོ་ཙཱ་བ་རབ་དགུས་གཙོ་བྱས་ཏེ། སྡེ་སྣོད་མང་པོར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་། ལེགས་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོདསྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོཞེས་པ་བསྒྲིགས། ལྷག་པར་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་རྒྱ་བོད་ཀྱི་ལོ་པཎ་མང་པོ་བསྡུས་ནས་བོད་ཡིག་ལ་གཞི་རྒྱ་ཆེ་ཞིང་ཤན་ཤུགས་ཟབ་པའི་བཀས་བཅད་ཐེངས་གཉིས་པ་མཛད་ཅིང་།བཀས་བཅད་པའི་ཡིག་ཆ་ལ་གཏན་དུ་ཁེལ་བའི་སྒྲ་སྦྱོར་བམ་གཉིསནི་ཀུན་གྱིས་ཁས་ལེན་པའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཐོག་མ་ཡིན་ནོ། །

    དེ་ལྟར་གཅིག་གྱུར་གྱི་མིང་མཛོད་དང་གཞུང་ལུགས་བྱུང་བ་ནས་བཟུང་རྒྱལ་རབས་རིམ་བྱུང་གི་ལོ་ཙཱ་བ་རྣམས་ཀྱིས་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་བཞིན་བརྩིས་ཏེ། ལོ་ཙཱའི་ལག་ལེན་བྱ་བར་ཁུངས་གཏུག་སའི་གཞུང་དང་རྒྱབ་བརྟེན་སའི་གཞི་ཡོད་པར་གྱུར་ཞིང་། བོད་བཙན་པོའི་དུས་ཙམ་མ་ཟད་བསྟན་པ་ཕྱི་དར་ནས་དེང་དུས་བར་དུ་མཛུབ་སྟོན་དང་སྐུལ་འདེད་ཀྱི་ནུས་པ་རྒྱ་ཆེན་པོ་ཐོན་དང་འདོན་བཞིན་པ་ནི་སུས་ཀྱང་བསྙོན་དུ་མེད་དོ། །ཡིན་ནའངསྒྲ་སྦྱོར་བམ་གཉིསནི་གཙོ་བོ་ནང་དོན་རིག་པ་བོད་དུ་བསྒྱུར་བའི་གནས་བབ་དང་དགོས་མཁོ་ཁྱད་པར་བའི་འོག་བསྒྲིགས་ཤིང་། ཡིག་རིགས་ཀྱི་ཆ་ནས་ཀྱང་གཙོ་བོ་ལེགས་བོད་སྐད་གཉིས་ཀྱི་འབྲེལ་བ་དམིགས་བསལ་ཅན་ལས་བྱུང་བ་ཡིན་ཙ་ན། དེར་གཞུང་ལུགས་མཛུབ་སྟོན་གྱི་སྤྱི་ཁྱབ་དོན་སྙིང་གལ་ཆེན་ལྡན་པ་སྨྲས་མེད་ཡིན་མོད། འོན་ཀྱང་ཡུལ་དུས་སོགས་ཀྱི་ཚད་བཀག་དང་རྒྱུ་རྐྱེན་ལས་ལྟོས་མེད་ཀྱི་འཐུས་ཚང་དང་བདེན་ལུགས་མཐར་ཐུག་ཅིག་ཏུ་གྲུབ་མེད་པའང་མངོན་གསལ་ཡིན། རིག་པའི་གཞུང་ལུགས་གང་ཞིག་ལ་མཚོན་ནའང་འདྲ་སྟེ། དུས་རབས་དང་སྤྱི་ཚོགས་ཀྱི་མདུན་བསྐྱོད་དང་། ལག་ལེན་དངོས་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རང་ཉིད་ཀྱང་དུས་བསྟུན་ལྷན་སྐྱོད་ཀྱིས་གོང་སྤེལ་གཏོང་དགོས་པ་ཆོས་ཉིད་ཡིན། དེ་བས་དུས་རབས་གསར་བའི་གནས་བབ་དང་དེང་དུས་ལོ་ཙཱའི་འཕེལ་ཕྱོགས་ཀྱི་དགོས་མཁོ་ལྟར་གཞུང་དེ་ལ་ཁ་སྣོན་དང་ལེགས་བཅོས་མཛད་དགོས་པའང་སྨྲས་མ་དགོས་ལ། ལྷག་པར་དུ་རྒྱལ་ཁབ་དང་མི་རིགས་གཞན་གྱི་ལོ་ཙཱའི་གཞུང་བཤད་ལས་ལེགས་ཆ་བླངས་ནས་བོད་རང་གི་ལོ་ཙཱའི་གཞུང་ལུགས་ལ་ཁ་བསྐངས་ནས་འཐུས་ཚང་དུ་སྒྲུབ་དགོས། མདོར་ན། གནའ་དེང་གི་བཅུད་འདུས་ཤིང་དུས་རབས་ཀྱི་དགེ་ཐོན་པའི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་ཞིག་བསྐྲུན་རྒྱུ་ནི། ང་ཚོ་སྐད་ཡིག་བྱ་བ་གཉེར་བའི་ཕྱི་རབས་པ་རྣམས་ཀྱི་ཕྲག་ལ་བབས་པའི་བཟློག་མེད་ཀྱི་འགན་འཁྲི་ཡིན་ལ། དུས་སྐབས་གསར་པའི་བོད་ཀྱི་ལོ་ཙཱའི་ལས་དོན་བདེ་བླག་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བའི་དགོས་མཁོའང་ཡིན་ནོ། །

ལྔ་པ། ལོ་ཙཱའི་ཀུན་སློང་ཡང་དག་ཅིག་དགོས་ལ། ཕྱི་ནང་གི་འབྲེལ་ཡོད་ཀྱི་རིག་གནས་མཐའ་དག་ལ་བརྩོན་པ་ཆེར་བསྐྱེད་སྒོས་ལོ་ཙཱའི་བློ་སྦྱོང་གོང་དུ་སྤེལ་དགོས།

    བསྟན་པ་སྔ་དར་དང་ཕྱི་དར་དུས་ཀྱི་ལོ་ཙཱའི་འཕེལ་རིམ་ལས་ཤེས་གསལ་ལྟར་ན། སྐད་གཉིས་ཡིག་སྒྱུར་གྱི་བྱ་བ་གཉེར་མཁན་ཞིག་ཡིན་ན། བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་མཁས་དགོས་པར་མ་ཟད། གཞན་མི་རིགས་གཉིས་ཀའི་རིག་གནས་སྤྱི་དང་ལྷག་ཏུ་སོ་སོའི་བརྡ་གོམས་སྲོལ་གྱི་སྦྱོར་ལུགས་དང་། ཐུན་མོང་མ་ཡིན་པའི་བསམ་པའི་འཁྱེར་སོ། མཛེས་རྟོག་གི་ལྟ་བ། བརྡ་སྤྲོད་དང་ཚིག་རྒྱན་གྱི་སྦྱོར་ལུགས་སོགས་ལའང་བློ་སྦྱོང་ངེས་ཅན་ཞིག་ལྡན་དགོས་པའི་ཁར། རིག་པའི་གནས་སྤྱི་དང་། ལྷག་ཏུ་བསྒྱུར་བྱའི་གཞུང་གང་གི་ཆེད་ལས་ཤེས་བྱ་དང་བཅས་པར་མཐོང་རྒྱ་དང་ཐོས་རྒྱ་ཆེ་དགོས། བོད་རང་གི་སྲོལ་རྒྱུན་གྱི་འབོད་སྟངས་ལྟར་ན། "ལོ་པཎ"ཞེས་ལོ་ཙཱ་བའི་མཚན་དེ་པཎྚི་ཏའི་གོང་དུ་སྦྱར་ནས་དེའི་གོ་གནས་མཚོན་པ་སྟེ། ལོ་ཙཱ་བ་ཞིག་ཡིན་ན། ཐོག་མར་རིག་པའི་གནས་ལྔ་ལ་དབང་འབྱོར་བའི་པཎྚི་ཏ་ཞིག་ཡིན་དགོས་པར་བསྟན། དེས་ན་ལོ་ཙཱ་བ་ཞིག་ཡིན་ཕྱིན་གང་བསྒྱུར་བ་དེའི་རིག་པའི་གནས་མཐའ་དག་བྱང་ཆུབ་པ་ཞིག་ཡིན་དགོས་པའི་ཁར། ཐོག་མར་བསམ་པའི་གོ་རྟོགས་ཀྱི་ཆ་ནས་འཛོམས་དགོས་པའི་ཆ་རྐྱེན་དང་། དེ་འཛོམས་པའི་ཕན་ཡོན་དང་མ་འཛོམས་པའི་ཉེས་དམིགས་སོགས་ལ་ལྕང་སྐྱ་རོལ་བའི་རྡོ་རྗེས། "དེ་ལ་སྤྱིར་རྒྱལ་བའི་གསུང་རབ་རིན་པོ་ཆེ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ། གྲོལ་བ་དོན་དུ་གཉེར་བ་རྣམས་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་གསལ་བར་བྱས་པ་ཤ་སྟག་ཡིན་པས། སྒྱུར་བྱེད་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་ཏེ། ཁེ་འདོད་དང་གྲགས་འདོད་ཀྱི་ཕྱོགས་སུ་ལྷུང་བའི་ཡིད་སྤངས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལའང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཤིང་རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པར་འགྱུར་བས་བསོད་ནམས་ཀྱི་ཕུང་བོ་གཞལ་དུ་མེད་པ་འཐོབ་པར་འགྱུར་གྱི། གཞན་དུ་ན་རང་ཉིད་མཁས་པ་མིན་ཀྱང་མཁས་པར་རློམ་པས་དྲེགས། གཞན་མཁས་པར་གྱུར་ཀྱང་དེ་ལ་ཕྱོགས་སུ་ལྷུང་བའི་ཡིད་ཀྱིས་སྡང་བས་བློ་མིག་་་་་་་་་་་་་LLབསྒྲིབས། དམ་ཆོས་ལ་གལ་ཆུང་དུ་བཟུང་བས་ཉི་མ་འཕུད་ཐབས་ཀྱིས་སྦྱོར་བས་པོ་ཏི་ཇི་མང་མང་དུ་བསྒྱུར་བ་ལ་དགའ་བ་དག་གིས་ནི། སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལ་ལོག་བཤད་ཉེས་བཤད་ཀྱི་བཙོག་ཆུས་བསླད་པའི་འབྲས་བུ་རང་གཞན་ཀུན་ལ་འདི་ཕྱིར་བཟོད་པར་དཀའ་བའི་སྡུག་བསྔལ་འབྱུང་བ་ལ་ཅིར་ཡང་མི་སེམས་པར་ཟད་དོ། །"ཞེས་གསུངས་པ་འདི་ནི་དམ་པའི་ཆོས་བསྒྱུར་བ་ལ་ཆེད་དུ་དམིགས་ནས་བཏོན་པའི་བསམ་བློའི་ཀུན་སློང་ཐད་ཀྱི་ཆ་རྐྱེན་ཡིན་མོད། དེང་དུས་སྐད་གཉིས་ཡིག་སྒྱུར་བྱ་བ་གཉེར་མཁན་དག་ལའང་མིག་ལྟོས་སུ་འཛིན་པའི་དགོས་གལ་ཧ་ཅང་ཆེ། དེང་དུས་ང་ཚོས་གཞུང་གང་ཞིག་བོད་ཡིག་ཏུ་བསྒྱུར་བ་དང་ཐ་ན་གསར་བྱུང་གི་ཐ་སྙད་ཅིག་བསྒྱུར་བ་ལྟ་བུར་མཚོན་ནའང་། འདི་ལྟར་བསྒྱུར་ན་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་བོད་མི་བྱིངས་ཀྱིས་གོ་ནུས་མིན་དང་། བོད་རང་གི་བརྡ་སྤྲོད་རྣམ་གཞག་དང་སྐད་ཆའི་ལུགས་སྲོལ་སོགས་དང་མཐུན་མིན། འགྱུར་ལེགས་ན་དགེ་མཚན་དང་འགྱུར་ལོག་ན་ཉེས་དམིགས་ཅི་ཡོད་ལ་སོགས་པར་ངོས་འཛིན་ཡང་དག་ཅིག་དགོས་ལ། བསམ་བློའི་ཀུན་སློང་ཐད་ནས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་འཕེལ་རྒྱས་སུ་གཏོང་བ་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱ་བ་མ་གཏོགས། ཁེ་འདོད་དང་གྲགས་འདོད་ཁོ་ནའི་དབང་དུ་སོང་བའི་སླ་བཅོས་ཀྱི་ལས་དེ་ནི་འགོ་བའི་ནད་ཇི་བཞིན་རིང་དུ་སྤངས་དགོས་སོ། །

མཆན་འགྲེལ།

ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988:289.

ལྕང་སྐྱ་རོལ་བའི་རྡོ་རྗེ། དག་ཡིག་མཁས་པའི་འབྱུང་གནས། མི་རིགས་དཔེ་སྐྲུན་ཁང་། 1999:13.

ཡོངས་ཁུངས།   སྒང་ལམ་པའི་རྩོམ་རིག