无障碍阅读 关怀版

༄༅། ། བོད་ཀྱི་ལོ་ཙཱ་བའི་སྐོར་གྱི་ལྟ་ཚུལ་ཕྲན་བུ།

དུས་ཚོད། 2018-11-28 རྩོམ་པ་པོ གསེར་ཀུན་དགའ། རྩོམ་སྒྲིག ཉི་མ་དོན་གྲུབ།

punctuation'>

དང་པོ། ལོ་ཙཱ་བ་ཞེས་པའི་གོ་དོན།

       ལོ་ཙཱ་བ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ལོ་ཀ་ཙཀྵུ་ལས་ཟུར་ཆགས་པ་ཞིག་ཡིན་ལ་བོད་སྐད་དུ་བསྒྱུར་ན་ལེགས་སྦྱར་བའམའཇིག་རྟེན་མིག་ལ་འཇུག ནང་དོན་ནི་སྐད་གཉིས་སྨྲ་བ་དེའོ། ། འོ་ན་ཉི་མའི་མངོན་པར་བརྗོད་པ་ལ་ཟླ་བོ་འཛུགས་ཕོད་ཅིང་འཇིག་རྟེན་ཀུན་ལ་འོད་ཀྱི་ཟེར་མ་འགྱེད་ཐུབ་པའི་ངེས་པ་དོན་གྱི་ལོ་ཙཱ་བ་ནི་དོན་དམ་པར་གང་འདྲ་ཞིག་ཡིན་ཞེ་ན། དེ་ནི་སྐད་རིགས་གཉིས་ཀྱི་ཚིག་དོན་གྱི་འཁྲུལ་བ་ཚར་གཅོད་པར་འཕྱང་མོ་ཨེན་ཙམ་ཉུག་མི་དགོས་ཤིང་ཚིག་དོན་དེ་གའི་ཤུགས་བསྟན་གྱི་ཡུལ་སྲོལ་གོམས་གཤིས་ལའང་མཁྱེན་པའི་སྤྱན་མངའ་ཞིང་ལྷག་དོན་སྒྲ་རིག་པའི་ཕྱོགས་ལ་སྦྱང་བ་སྔོན་དུ་སོང་བའི་ཤེས་ཡོན་མཁན་ཞིག་ལ་བྱ་ཞིང་། ཡང་བརྗོད་ཚུལ་གཞན་དུ་བསྒྱུར་བྱའི་མ་ཡིག་ལ་གོ་བ་དཔྱིས་ཕྱིན་ཞིང་སྒྱུར་བྱེད་ཀྱི་སྐད་ཡིག་གིས་བརྗོད་དོན་བདེ་བླག་དུ་གཏོང་ཐུབ་པའི་ཤེས་རབ་ལྡན་མཁན་ཞིག་ལ་བྱ། ཧྲིལ་གྱིས་བཤད་ན། འཇིག་རྟེན་གྱི་མི་རྣམས་ཀྱི་མཐོང་རྒྱ་གནམ་དུ་བསྐྱེད་པའི་ཡ་ཐོད་ཀྱི་མིག་ལྟ་བུ་ཞིག་ལ་ཟེར། རང་རེ་བོད་ལ་མཚོན་ན་དེ་འདྲའི་མིག་ཟུང་ལྡན་མཁན་གྱི་ཐོག་མ་ནི་ལྷོ་གཉལ་བ་ཁའི་བུ་ཆུང་ཐོན་མི་ཨ་ནུ་བྱ་བ་དེ་ལགས་སོ། །

གཉིས་པ། ལོ་ཙཱ་བའི་གསོལ་ཐང་།

       དེ་ཡང་གསོལ་ཐང་བྱ་བ་ནི་ཐོབ་ཐང་བཞེས་པའི་དོན་ཡིན་ལ་ལོ་ཙཱ་བའི་ཐོབ་ཐང་གི་སྐོར་ལ་«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་»ལས་སྒྲ་བསྒྱུར་ལོ་ཙཱ་བ་དེ་ལ་གསོལ་ཐང་ནི། བློན་ཆེན་པོ་ཀུན་དང་མཉམ་མོ། བློན་ཆེན་པོའི་ཟ་ཐང་ནི། རྒྱལ་པོས་གསོལ་བའི་གསུམ་ཆ་གཅིག་ཡིན་ནོ། ། རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ལ་ཡོད་དོ། ། ཞེས་བཙན་པོ་ཁྲི་སྲོང་སྡེ་བཙན་སྐབས་ཀྱི་ལོ་ཙཱ་བའི་གསོལ་བའི་ཐོབ་ཐང་ནི་རྒྱལ་པོའི་གསོལ་བའི་གསུམ་ཆ་གཅིག་སྟེ་སྐུ་སྲུང་དམག་སུམ་ཅུ་སོ་གསུམ་ལྷག་ཙམ་བསྡོམས་པའི་ཐོབ་ཐང་དང་མཚུངས་ལ། གཞན་ཡང་ཆོས་འབྱུང་དེ་རུ་གདན་ཁྲིའི་ཐོབ་ཐང་གི་སྐོར་གསལ་བ་མདོར་དྲིལ་ན་འདི་ལྟར་སློབ་དཔོན་བི་མ་ལ་མི་ཏྲ་ནི་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་ཆེན་པོ་ཡིན་པས་བཀའ་རྒྱ་མཚོ་སྔགས་ཕྱི་ནང་དང་། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་ཤེས་པས་གདན་སེང་གེའི་ཁྲི་ཉིས་བརྩེགས་ལ་བཞུགས་སོ། ། པཎྜི་ཏ་གཞན་རྣམས་ནི་གདན་སེང་གེའི་ཁྲི་རེ་རེ་ལ་བཞུགས་སོ། ། ལོ་ཙཱ་བ་རྣམས་ནི་ཁྲི་གབ་རྩེ་ལ་བཞུགས་སོ། ། ཞེས་པ་འདི་ལ་གཞིགས་ན་སྤྱིར་ང་ཚོས་དུས་རྣམ་ཀུན་ཏུ་ལོ་པཎ་ཞེས་བརྗོད་ཚེ་ལོ་ཙཱ་བ་ནི་ཚིག་གི་སྔ་མ་སྟེ་ཐོབ་ཐང་མཐོ་བ་དང་པཎྜི་ཏ་ནི་མིང་གི་གཞུག་མ་སྟེ་དེ་གཉིས་ལས་ཐོབ་ཅུང་དམའ་བའི་ཉམས་ཤར་མོད། འོན་ཀྱང་འདིར་གཞིག་ན་དེ་ལས་ལྡོག་སྟེ་གབ་རྩེའི་ཁྲི་བྱ་བ་ནི་དར་རས་ལས་གྲུབ་པའི་གདན་ལ་གོ་བས་ན་སེང་གེའི་ཁྲི་ལས་ཅུང་དམའ་འོ། ། བར་མཚམས་འདི་ནས་ང་ཚོས་ཤེས་ཐུབ་པ་ཞིག་ནི་ཚིག་དང་སྒྲ་ལ་ཅི་ཙམ་དཔྱིས་ཕྱིན་ཀྱང་མི་གཡོ་དོན་ལ་མཁས་པ་ནི་ནམ་ཞར་མཁས་པའི་ཁྱུ་མཆོག་ཏུ་བསྒྲེང་བ་དེའོ། །

གསུམ་པ། ལོ་ཙཱ་བའི་ནང་གི་རིམ་དབྱེ།

        པཎྜི་ཏ་ལ་ཆེ་ཆུང་ཡོད་པ་བཞིན་ལོ་ཙཱ་བ་ལའང་ཆེ་ཆུང་མངའ་སྟེ་«ཆོས་འབྱུང་མཁས་པའི་དགའ་སྟོན་»དུ། བཻ་རོ་ཙ་ན། ལྡན་མ་རྩེ་མང་། ཁ་ཆེ་ཨ་ནནྟ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་མ་གསུམ། རྐ་བ་དཔལ་བརྩེགས། ཅོག་རོའི་ཀླའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་སྟེ། ཞེས་པ་ལྟར་ལོ་ཙཱ་བ་ལའང་རབ་འབྲིང་ཐ་གསུམ་དུ་དབྱེ་བ་ཡོད། ཡང་ཁ་ཅིག་གིས་དེ་དག་ནི་དུས་རབས་ཀྱི་ཆ་ནས་སྔ་གཞུགས་ཡོདཔས་བཏགས་པ་ཙམ་ལས་ཡོན་ཚད་ལ་མ་བརྗོད་མོད། གཙོ་བོ་ནི་རང་གི་ཤེས་རིག་གི་ཡོན་ཚད་ཀྱིས་དབྱེ་བ་ཡིན་པ་གོར་མ་ཆག་གོ ། དཔེར་ན། རྔོག་ལོ་ཆེན་ལེགས་པའི་ཤེས་རབ་ཀྱིས་བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ།། རྐ་ཅོག་ཞང་གསུམ་ཉི་ཟླ་ཟུང་གཅིག་ལ།། རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་ཙམ།། ཁོ་བོ་དེའི་དྲུང་སྲིན་འབུ་མེ་ཁྱེར་བཞིན།།ཞེས་པ་དང་། དེ་མིན་སྔོན་གྱི་ཡིག་ཆ་དག་ཏུའང་ལོ་ཙཱ་བ་རབ་ཀྱིས་ཞུས་ཆེན་དང་། འབྲིང་གིས་བར་ཞུས།ཐ་མས་མཆན་བུའི་ལོ་ཙཱ་བྱེད་ཅེས་གྲགས། གཞན་དུ་ན་དུང་དཀར་ཚང་གིས་ཀྱང་ལོ་ཆེན་དང་ལོ་ཆུང་ཞེས་དབྱེ་བ་ཞིག་བཀར་ཡོད་མོད་གྲངས་ཀ་ཙམ་ལས་ནང་དོན་ནི་གོང་དང་ཤིན་ཏུ་མཚུངས་པས་འདིར་བཀོད་པ་ངལ་བ་ཙམ་ལས་མ་འདས། ཞོལ་དུ་བསྙད་འདོད་པ་ཞིག་ལ་དེང་གི་ལོ་ཙཱ་བར་ཁས་འཆེས་པ་མང་ཤོས་ཤིག་༼རང་འདུ།༽ནི་ཞུས་ཆེན་བྱེད་པར་ལྟ་ཅི་ཐ་མ་ཙམ་ལའང་མཐར་ཕྱིན་མེད་པ་ཆར་རྗེས་ཀྱི་ཤ་མོང་བརྡོལ་བ་བཞིན་ཤིན་ཏུ་མང་། དེ་ཡང་ཁག་ཆེར་མེད་དེ་བསྒྱུར་བྱའི་ནང་དོན་ལ་སྔོན་ཆད་ལྟར་ཚད་བཀག་མེད་པས་བསྒྱུར་བྱེད་ཀྱི་ཤེས་ཡོན་ལའང་སྔོན་ཆད་ལྟར་སྦྱངས་བ་བྱས་མེད་པས་སོ། །

བཞི་པ། ལོ་ཙཱ་བའི་དབང་ཆ།

        དེ་ཡང་སྔོན་གྱི་ལོ་ཆེན་རྣམས་ཀྱིས་གཞུང་བསྒྱུར་བ་ནི་རང་དབང་གིས་བསྒྱུར་ཆོག་པ་ཞིག་མིན་ལ་དེ་ནི་རྒྱལ་པོའི་དགོས་མཁོ་ལྟར་བསྒྱུར་དགོས་པ་ཞིག་ལགས། དཔེར་ན་«སྦ་བཞེད་»ལས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ད་སླན་ཆད་འོ་ཀོལ་བོད་རྗེ་བློན་འབངས་གང་གིས་ཀྱང་ཆོས་བྱ་བ་རྣམས་འདི་ལྟར་བྱ་སྟེ། རྒྱ་གར་གྱི་མཁས་པ་རབ་ཏུ་བྱུང་བར་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ་ཡོན་བདག་བྱས། ལོ་ཙཱ་བ་མཁས་པས་གཏན་ལ་ཕབ་པའི་ཆོས་དེ་ལ་འཇུག་པར་བྱའོ། ། རྒྱལ་པོས་ཡོན་བདག་མ་བྱས།ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་དེ་ལ་འཇུག་པར་མི་བྱའོ།།ཞེས་བཀའ་ནན་ཏུ་ཕབས་པ་ལ་དཔྱད་ན་ལོ་ཙཱ་བའི་འགན་དབང་ཆེ་ཤོས་ནི་གཞུང་ཕྱོགས་ཀྱིས་བཟུང་ཡོད་པ་མ་ཟད་བྱུང་རྒྱལ་དུ་བསྒྱུར་བའི་ཆོས་རྣམས་ཀྱང་ངེས་པར་དུ་རྒྱལ་པོའི་མིའི་༼འཕགས་བོད་ལོ་པན༽སྤྱན་བསྟར་ཕུལ་ནས་བརྟག་ཞིབ་བྱེད་དགོས་པ་ཞིག་ཆགས་འདུག བསྒྱུར་བྱའི་ནང་དོན་ཀྱང་གཞུང་ཡིག་༼ནང་ཆོས༽རྐྱང་བ་ཡིན་ལ། འགྱུར་ཡིག་གི་སྤུས་ཚད་ཀྱང་ཚད་ཧ་ཅང་མཐོན་པོ་རེད། རྒྱ་དཔེ་ཞིག་བསྒྱུར་བར་ལོ་ཙཱ་བའི་རྣམ་དཔྱོད་རྐྱང་བས་མི་ཆོག་སྟེ། རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་གཉིས་ཆ་རུ་བསྡེབས་དགོས་པ་མ་ཟད། དེའི་ཁ་རུ་ཞུས་ཆེན་དང་ཞུས་ཆུང་། ཡང་ཞུས། སུམ་ཞུས། བཞི་ཞུས། ལྔ་ཞུས། སོགས་དྲངས་ནས་བསྲེགས་བཅད་བརྡར་བའི་གསེར་བཞིན་ནན་གྱིས་འཇུག་གོ། འདི་ལྟ་བའི་ཚད་བཀག་དང་སྒྲིག་གཞི་ལྡན་པའི་ལོ་ཙཱའི་བྱ་བ་ཡ་མཚན་མངའ་བ་དེ་ནི་ལྷ་སྲས་དར་མའི་རིང་བར་དུ་རྒྱུན་བརྐྱངས་སོ། །

ལྔ་བ། དེ་ལས་འཕྲོས་པའི་ལྟ་ཚུལ།

        ང་ཚོས་འདི་ལྟར་སྔོན་བྱོན་གྱི་བཙན་པོ་དང་ལོ་ཆེན་རྣམས་ཀྱི་ཕྱག་ལས་ལ་བལྟས་ན་གསེར་སྲང་སྟོང་གི་ཉ་གར་གཞལ་ཡང་འཇལ་ཐབས་དཀའ་བའི་རིན་བྲལ་གྱི་ཤུལ་བཞག་རེ་མཇལ་ཡོང་ལ། ཡིད་གཏིང་མཆུ་མས་བརླན་ཞིང་སྐྱོ་གདུངས་སངས་ཐབས་བྲལ་བའི་སྐྱོ་གར་རིང་མོ་རེ་ཡང་ལན་རེར་ལྟ་ཐུབ། དཔེར་ན། མི་ལོ་སྟོང་ཕྲག་གཉིས་ལྷག་སྔོན་གྱི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དེའི་མདོ་རྒྱུད་གཉིས་ཀ་ལེགས་པར་བོད་སྐད་ལ་བསྒྱུར་ཞིང་དུས་ཀྱི་དྲགས་རླུང་ཅི་ཙམ་རྒོད་ཀྱང་མ་ཡིག་གི་བསྟན་དོན་མ་ཉམས་ཤིང་འགྱུར་ཡིག་གི་གོ་བ་དེ་ཡང་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་སུ་ཞིག་གིས་བལྟས་ཀྱང་བདེ་བླག་ཏུ་རྟོགས་ཐུབ་པ་ནི་སྔོན་གྱི་ལོ་ཆེན་རྣམས་ཀྱི་ལོ་ཙཱའི་སྤུས་ཚད་མཐོ་ཞིང་བསྒྱུར་ཐབས་༼སྒྲ་བསྒྱུར། དོན་བསྒྱུར། ཐད་བསྒྱུར། ཐད་ལོག་བསྒྱུར་༽ལེགས་པ་ལས་གཞན་གང་ཞིག་ཡིན། རེད་དེ་ཅུང་ཙམ་ཡིད་སྐྱོ་དགོས་པའི་གནས་ནི་སྔོན་གྱི་ལོ་ཙཱ་བ་རྣམས་ལ་རང་དབང་གིས་ལོ་ཙཱ་བྱེད་པའི་འགན་དབང་མེད་པ་དེ་རེད། ཁོང་རྣམས་ནི་རྒྱལ་པོའི་ཚད་བཀག་གི་ཤེས་ཡོན་པ་རུ་ཆགས་སྟབས། སྐབས་དེའི་བསྒྱུར་བྱ་གཙོ་བོའང་རྒྱལ་པོ་ལ་མཁོ་བའི་སངས་རྒྱས་ཆོས་ལུགས་རང་རེད། སྤྱིར་སྐབས་དེའི་གཙོ་རྒྱུགས་རིག་གནས་ནི་སངས་རྒྱས་ཆོས་ལུགས་ཡིན་མོད། འོན་ཀྱང་རྒྱ་གར་ལའང་སངས་རྒྱུས་ཆོས་ལུགས་ལས་གཞན་མེད་པ་མ་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྒྲུང་དང་རྒྱལ་རབས་ཁྲི་ཕྲག་གི་བརྩམས་གཞི། བདེན་རྫུན་གྱི་ཆོས་ལུགས་སྟོང་གི་ཨ་མའི་ཁྱིམ་ལྟ་བུ།ཞེས་རྒྱ་གར་ནི་ཆོས་རིག་སྟོང་གི་མ་ཡུམ་དུ་ཆགས་སྟབས། སྔོན་གྱི་ལོ་ཙཱ་བ་རྣམས་ལའང་གལ་ཏེ་རང་དབང་གིས་རྒྱ་དཔེ་བསྒྱུར་བའི་བསྐལ་བ་རེ་མནོག་ན་བོད་ཡུལ་འདི་ཡང་སྔར་ལས་ཀྱང་ཤེས་རིག་སྣ་མང་གི་མེ་ཏོག་ཁྲ་ལེམ་རེར་བཞད་སའི་མཛེས་ལྗོངས་ཤིག་ཀྱང་ཅི་ལ་མིན།

        ཡང་གཅིག་བཤད་ན་དེང་སྐབས་ཀྱང་རང་རེའི་མཁས་པ་རེ་གཉིས་ཀྱིས་རང་དགར་གྱིས་ཕྱི་ཕྱོགས་ཀྱི་བསམ་བློ་འགའ་ནང་དུ་བསྒྱུར་བ་དེ་ཡང་བོད་མི་མང་པོ་ཞིག་གིས་དང་ལེན་བྱེད་པ་ལྟ་ཅི། བདུད་ཀྱི་ཆོ་འཕྲུལ་ཏུ་བརྩིས་ནས་ཕྱགས་དར་ཁྲོད་དུ་དོར་བའི་ཐབས་སྐྱོ་བ་དེ་དག་ཀྱང་མཐར་གཏུག་ན་སྔོན་གྱི་སྲོལ་འདི་དག་ལ་ཐུགས་ཡོད། ཁ་དཔེ་རུ། སྔོན་གྱི་རྗེས་དེ་ཕྱི་མའི་ལམ་བཞིན་ནོ།། འདི་ལྟར་སྔོན་གྱི་དུས་ནས་ལོ་ཙཱ་བ་རྣམས་ལ་ཚད་བཀག་བྱས་མེད་ན། དེང་གི་བསམ་བློ་གསར་རྙིང་གི་འགལ་འདུ་དེ་ཡང་གནའ་ཞིག་ནས་ཐལ་བ་རྡུལ་གྱི་ཀློང་དུ་ཐིམ་ཟིན་ནོ། །