无障碍阅读 关怀版

༄༅། ། ཁྲིམས་ལུགས་བརྡ་ཆད原告དང་被告གཉིས་ཀྱི་བོད་འགྱུར་ལ་ཟུར་ཙམ་དཔྱད་པ།

དུས་ཚོད། 2019-10-19 རྩོམ་པ་པོ ཞང་ཞུང་བ་སྲིད་ཆོས། རྩོམ་སྒྲིག ཉི་མ་དོན་གྲུབ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་རྒྱ་ནག་སྐད་ཀྱི་原告དང་被告གཉིས་ཇི་ལྟར་བོད་འགྱུར་བྱས་པའི་བརྒྱུད་རིམ་དང་། འགྱུར་སྐྱོན། ཡང་དག་པར་བོད་འགྱུར་བྱེད་ཕྱོགས་སོགས་ཀྱི་ཐད་རྩོམ་པ་པོས་རང་གི་ལྟ་བ་དང་རྒྱུ་མཚན་བཅས་རིམ་པར་དྲངས་ནས་གླེང་ཡོད།

བརྡ་ཆད་གཙོ་བོ། གྱོད་བདགགྱོད་ཡ།

     མིའི་རིགས་ཀྱི་སྤྱི་ཚོགས་འཕོ་འགྱུར་འཕེལ་རྒྱས་འགྲོ་བའི་འགྲོས་དང་མཚུངས་པར་མི་རྣམས་ཀྱི་ཁྲིམས་ལུགས་དགོས་མཁོ་ཡང་ཉིན་བཞིན་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ལ། ཁྲིམས་སྐྱོང་འཆམ་མཐུན་གྱི་དྲང་བདེན་སྤྱི་ཚོགས་ཤིག་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་འགྲོ་མི་སྤྱི་ལ་མངའ་བའི་ཕུགས་འདུན་བླ་མེད་ཅིག་ལོས་ཡིན། རང་རྒྱལ་དུ་༡༩༩༧ལོར་ཏང་གི་ཚོགས་ཆེན་བཅོ་ལྔ་བའི་ཐོག་ཏུ་དངོས་སུ་རྒྱལ་ཁབ་ཚུལ་བཞིན་སྐྱོང་བ་དང་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་དགོས་པའི་བླང་བྱ་སྒམ་བརླིང་ངང་བཏོན་གནང་བ་དང་། དེ་རྗེས་༡༩༩༩ལོར་སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏུ་རྩ་ཁྲིམས་དག་བཅོས་ཀྱི་འཆར་ཟིན་གྲོས་འཆམ་བྱུང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་སྐྱོང་བྱས་ཏེ་སྤྱི་ཚོཊ་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་རྒྱུ་ཞེས་དངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསནང་དུ་བཀོད་ཡོད། ཡང་༢༠༡༤ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཏུ་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་སྐོར་གྱི་ཆེད་དོན་གྲོས་ར་ཐོག་མ་བསྐོངས་ནསསྒོ་ཀུན་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བར་སྐུལ་འདེད་གཏོང་དགོས་པའི་གལ་ཆེའི་གནད་དོན་ཁ་ཤས་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབབསཞེས་པའི་གྲོས་ཆོད་འགྲེམ་བསྒྲགས་གནང་ཡོད། དེ་བཞིན་བདག་ཅག་བོད་ཁུལ་དུ་མིག་སྔའི་གནས་ཚུལ་དང་ཕྱིན་ཆད་དུས་ཡུན་ངེས་ཅན་ཞིག་གི་འཕེལ་ཕྱོགས་ལ་དཔག་ན། བརྟན་ལྷིང་དང་འཕེལ་རྒྱས་གཉིས་ཀྱི་འགལ་འབྲེལ་དེ་གལ་ཆེའི་ནང་གི་དོན་ཆེན་ཞིག་ཡིན་སྲིད་པས་དེའི་གནད་དོན་ཐག་གཅོད་ཡང་དག་བྱེད་པའི་ཐབས་དམ་པ་ནི་སྲིད་ཀྱི་དྲག་གནོན་དང་དཔོན་གྱི་བཙན་བཀའ་ཁོ་ན་མ་ཡིན་པར་རིམ་བཞིན་ངེས་པ་དོན་མཐུན་གྱི་ཁྲིམས་ལྡན་སྤྱི་ཚོགས་འཛུགས་རྒྱུ་ལས་མ་འདས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་གསུངས་པ་ལྟར་ཁྲིམས་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངེས་ཤེས་གཏིང་ཚུགས་པ་བརྙེད་རྗེས་ལག་ལེན་ནི་འགག་རྩར་གྱུར་ཡོད་པ་དང་། ལག་ལེན་གྱི་གོམ་པ་དང་པོ་ནི་ཁྲིམས་ལུགས་ཀྱི་གཏན་འབེབས་དག་བོད་འབངས་མང་ཚོགས་ཀྱི་ཁྲོད་དུ་ལོ་ཙཱ་བྱས་ནས་དྲིལ་བསྒྲགས་བྱུ་རྒྱུ་དེ་ཡིན། འོན་ཀྱང་རྒྱ་བོད་ལོ་ཙཱའི་དངོས་ཡོད་གནས་བབས་ལ་བལྟས་ན་དཀའ་ཚེགས་དང་ལྷག་གནད་འབོར་ཆེན་ཞིག་ད་དུང་སྔར་མུས་བཞིན་གནས་ཡོད། དེ་འདྲའི་དགོས་པ་དང་རྒྱུ་མཚན་མང་དག་ཅིག་གི་ཀུན་སློང་ལ་བརྟེན་ནས་འདིར་སྐབས་སུ་བབས་པ་ཁྲིམས་ལུགས་བརྡ་ཆད原告དང་被告གཉིས་ཀྱི་བོད་འགྱུར་བྱེད་ཕྱོགས་ཐད་རང་བློས་ལྕོགས་ཚོད་དབྱེ་ཞིབ་བགྱི་ཁུལ་ལགས་ཀྱང་བདག་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ཕོངས་ཁར་སྦྱངས་སྟོབས་ཀྱི་ཡོན་ཏན་ཤིན་ཏུ་དམན་པས་ནོངས་འགལ་མཆིས་ན་གཟུར་གནས་མཁས་པའི་སྤྱན་སྔར་བཤག་གོ །

དང་པོ། ཁྲིམས་ལུགས་བརྡ་ཆད原告དང་被告གཉིས་ཀྱི་གོ་དོན་སྒྲ་བཤད།

སྐད་ཡིག་གི་བྱེད་ནུས་ནི་སྐད་ཀྱི་སྒྲ་གདངས་དང་ཡི་གེའི་གཟུགས་རིས་ལ་བརྟེན་ནས་བློ་ཡུལ་དུ་ཡོད་པའི་དོན་རྣམས་མ་འཁྲུགས་མ་ནོར་པར་སྟོན་པ་བྱ་རྒྱུ་ཁོ་ནར་ཟད།ནི་ཐོག་མ་དང་། གདོད་མ། ཕྱི་མོ། མ་གཞི། རྩ་བ། འབྱུང་ཁུངས། ས་ཐང་སོགས་ལ་འཇུག་པ་དང་། ནི་ཕོ་ཁེབ་སོགས་ལ་འཇུག་པའི་སྐབས་ཡོད་ཀྱང་། ཕལ་ཆེ་བར་གཞན་དབང་ཅན་དང་བྱ་བའི་ཡུལ་སྟོན་པའི་ཐ་སྙད་ཀྱི་གྲུབ་ཆ་ཞིག་ཡིན་པ་ལས་སྒེར་ཚུགས་རང་རྐྱ་འཕེར་བའི་དོན་སྟོན་ནུས་པ་ཡོད་མ་ཡིན།ནི་བཤད་དང་། ལབ། ཞུ། བསྒྲགས། གཏུག་སོགས་བྱ་བ་སྟོན་པའི་མིང་ལ་འཇུག་ཅིང་སྐབས་དོན་ཞུ་གཏུག་ལ་གོ་དགོས། དེ་བཞིན་དངོས་བསྟན་མཐོང་དུ་མེད་ཀྱང་ཞེས་པའི་ཡི་གེ་ཞིག་དོན་གྱིས་འཐོབ་ཡོད་ལ་དེས་བདག་སྒྲའི་ནུས་པ་བཏོན་ནས་གྱོད་དོན་ཞུ་གཏུག་བྱ་འགུལ་ཁྲོད་ཀྱི་ཁ་གཏད་དུ་གནས་པའི་ཕྱོགས་གཉིས་བསྟན་ཡོད་པ་རེད། དེ་ལྟར་ཡིག་འབྲུ་རེ་རེ་བཞིན་ཕྲལ་ནས་དོན་འགྲེལ་རོབ་ཙམ་ཞུས་ཁུལ་ལགས་ཀྱང་མིང་དང་བརྗོད་པ་ཁ་ཚང་གི་བསྟན་དོན་ལ་མ་བལྟོས་པར་ཐ་སྙད་དམ་ཡིག་འབྲུ་རེ་ཟུང་གི་སྒྲ་བཤད་ཁོ་ནས་དོན་ཆ་ཚང་ཡང་དག་འཕྱུགས་ཐལ་མེད་པ་ཞིག་སྟོན་མི་ནུས་ཕྱིར་མིང་ཚིག་ཞིབ་འགྲེལ་ཞུས་ན་འདི་ལྟ་སྟེ།原告ཞེས་པ་ནི་དམངས་དོན་གཏུག་བཤེར་དང་སྲིད་འཛིན་གཏུག་བཤེར་གྱི་བྱ་འགུལ་ནང་རང་ཉིད་དམ་ཡང་ན་རང་ཉིད་ཀྱི་མངའ་འོག་གམ་ཕྱོགས་གཏོགས་སུ་གནས་པའི་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་ཕྱིར། སོ་སོའི་མིང་ཐོག་ནས་མི་དམངས་ཁྲིམས་ལ་ཞུ་གཏུག་ཕུལ་ཏེ་གཏུག་བཤེར་གྱི་ལས་རིམ་སློང་མཁན་དེ་ལ་གོ་བ་ཡིན་ཞིང་།被告ཞེས་པ་ནི་དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱོད་གཞིའི་ནང་དུ། དོ་བདག་གཞན་དང་རྩོད་གཞི་བྱུང་བའམ་ཡང་ན་དོ་བདག་གཞན་གྱི་ཁེ་ཕན་རྩིས་མེད་རྡོག་རོལ་བཏང་བའི་མིང་ཐོག་ནས་ཞུ་སྦྱོར་བྱས་ཤིང་དམངས་དོན་འགན་འཁྲི་རྩད་གཅོད་བྱེད་འོས་པའི་རེ་འདུན་བཏོན་པ་མ་ཟད། མི་དམངས་ཁྲིམས་ཁང་བརྒྱུད་དེ་ཞུ་སྦྱོར་ངོས་བཅར་བྱེད་དགོས་པའི་འབོད་འགུག་བརྡ་ཐོ་སྦྱར་ཡུལ་གྱི་ཕྱོགས་དེར་གོ་བ་ཡིན། གཞན་ཡང་གསལ་འདེབས་ཅུང་ཙམ་ཞུ་དགོས་པ་ཞིག་ནི། ཉེས་དོན་གཏུག་བཤེར་གྱི་བྱ་འགུལ་ནང་དུ་原告ཞེས་དངོས་སུ་མི་འབོད་ཀྱང་གཞུང་གཏུག་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་མི་དམངས་ཁྲིམས་ཁང་ལ་ཉེས་གསོག་དོགས་ཅན་གྱི་ཉེས་དོན་འགན་འཁྲི་བདའ་དེད་དང་དེར་ཉེས་ཆད་གཅོད་པའི་རེ་འདུན་འདོན་བཞིན་ཡོད་སྟབས་དེའི་བྱེད་ལས་འདྲ་མཚུངས་སུ་སོང་ཡོད། དེ་དག་ནི་སྒྲ་དོག་འཇུག་དབང་གི་འགྲེལ་བཤད་ལགས་ཀྱང་དངོས་ཡོད་ལག་ལེན་གྱི་ནང་དུ་རང་བྱུང་མི་ཙམ་ཁོ་ནར་མ་ངེས་པར་ཁྲིམས་ཚན་དང་སྒྲིག་འཛུགས་གཞན་དག་ལའང་འཇུག་པའི་སྐབས་ཡོད་པ་ཤེས་དགོས་སོ། །

གཉིས་པ། ཁྲིམས་ལུགས་བརྡ་ཆད原告དང་被告གཉིས་ཀྱི་བོད་འགྱུར་དང་དེའི་འཕེལ་རིམ།

རང་ཅག་ཁ་བའི་ལྗོངས་ཀྱི་ཞིང་ཁམས་འདི་རུ་ནང་གསེས་ཞིབ་ཚགས་དགར་བའི་ཁྲིམས་ལུགས་རིག་ཚན་ད་ལྟ་ལྟ་བུ་བྱུང་མྱོང་མེད་ནའང་ཁྲིམས་ལུགས་ནི་མཐའ་མཚམས་བརྟན་སྲུང་དང་ནང་སྲིད་བདེ་འཇགས་ཡོང་བའི་ཉེར་ལེན་གྱི་རྒྱུ་གཙོ་བོ་ཡིན་སྟབས་ཞལ་ལྕེ་ཁྲིམས་ཀྱི་བསླབ་སྡོམ་ནི་སྔ་མོ་ཞིག་ནས་ཡོད་པ་སྨྲོས་མེད་རེད། ལྷག་པར་དུ་འཛམ་གླིང་ཟེ་རྩེའི་མཐོ་སྒང་འདི་རུ་བཀའ་དྲིན་ཁྱད་དུ་འཕགས་ཤིང་སྐུ་དྲིན་བླ་ན་མ་མཆིས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་བསྟན་སྲིད་ལུགས་གཉིས་མངའ་ཐང་རབ་ཏུ་རྒྱས་པའི་དབྱར་རྔ་འཛིན་མའི་ཁྱོན་ཀུན་གྲགས་སྐབས། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གིས་མཚོན་པའི་ཆོས་ཁྲིམས་དང་། ཁོད་སོ་དྲུག་གིས་མཚོན་པའི་སྲིད་ཁྲིམས་བཅས་ཡིག་ཐོག་གི་ཁྲིམས་སྲོལ་ཐོག་མ་བཅས་པ་ནི་ཚད་ལྡན་ལོ་རྒྱུས་འཁོད་པའི་དེབ་ཐེར་ཁག་ལས་མངོན། དེ་ནས་མུ་ཏིག་སྟར་ལ་བརྒྱུས་འདྲའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་ཕྲེང་བའི་ནང་དུ་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་དང་། ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ། གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག རྒྱལ་དབང་ལྔ་བ་ཆེན་མོའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་གསལ་ཤེལ་གྱི་མེ་ལོང་སོགས་རིམ་པར་བྱུང་ནས་འཇིག་རྟེན་སྲིད་པ་སྐྱོང་བའི་ཁྲིམས་ལུགས་འཐུས་སྒོ་ཇེ་ཚང་དུ་སོང་། འོན་ཀྱང་དམངས་ཁྲིམས་དང་། ཉེས་ཁྲིམས། རྩྭ་ཁྲིམས། ཞིང་ཁྲིམས། ཁྲལ་ཁྲིམས། གཉེན་ཁྲིམས་སོཊ་རྣམ་གྲངས་ཞིབ་ཏུ་དབྱེ་བའི་ཁྲིམས་ཚན་ཤིན་ཏུ་མང་བ་དང་དེ་འབྲེལ་གྱི་བརྡ་ཆད་ཆེས་ཕུན་སུམ་ཚོགས་པ་བྱུང་དང་འབྱུང་མུས་སུ་མཆིས་པ་ནི་ཀྲུང་གོ་གསར་པའི་དུས་རབས་ནས་འགོ་བརྩམས་ཡོད་ལ། ད་དུང་ཡང་སྟོང་ཆ་ངེས་ཅན་ཞིག་གསབ་དགོས་པར་ལུས་ཡོད།

ཁྲིམས་ལུགས་བརྡ་ཆད原告དང་被告གཉིས་ཀྱི་བོད་འགྱུར་དེ་ཡང་དུས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་གཞིགས་ནས་དང་ཐོག་ཁྲིམས་འབྲེལ་གཞུང་ཡིག་ཁག་གི་ཡིག་སྒྱུར་ལས་ཐོན་ཅིང་། རིམ་བཞིན་ཁྲིམས་ལུགས་ཡིག་རིགས་ཀྱི་ཡིག་སྒྱུར། ད་ལྟ་ལས་རིགས་ཁག་ཚང་མར་རྒྱ་ཁྱབ་ཏུ་སྤྱད་དང་སྤྱོད་མུས་སུ་མཆིས། འོན་ཀྱང་ཐོག་མར་被告འམ་被告人ཞེས་པ་ཁོ་ན་ཐོན་རྟག་པས་མནོ་བསམ་ཆེར་མ་དགོས་པ་ཤར་མར་གྱོད་ཡ་ཞེས་བསྒྱུར་ཡོད་ལ། མཐོ་དཔོན་ཞབས་གཡོག་ཀུན་ནས་ཀྱང་དེ་བཞིན་དུ་དང་ལེན་ཞུས་པ་མ་ཟད། ལོ་ཙྰའི་ཕྱག་ལས་གནང་མཁན་མི་ཉུང་བ་ཞིག་གིས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་དེ་ཁོ་ན་ཉིད་བེད་སྤྱོད་བྱས་ཡོད། དེ་ནས་被告ཞེས་པའི་ཁ་གཏད་དུ་འགྲེང་པའི་གྱོད་འབྲེལ་དོ་བདག་སྟེ་原告ཞེས་པའི་ཐ་སྙད་འདིར་དོ་སྣང་བྱུང་ཞིང་བོད་འགྱུར་ཐད་དེ་ཙམ་མི་འཐད་པའི་ཐུགས་དོགས་འཁྲུངས་ཀྱང་བཙུན་ཞིང་རན་པའི་མིང་ནི་མ་རྙེད། ཁ་ཤས་ཀྱིས་ད་དུང་རང་མགོ་རང་གཡོག་གི་ཚུལ་དུ་原告ཡི་ངོས་ནས་被告ཉིད་གྱོད་ཡ་ཡིན་ན།被告ཡི་ངོས་ནས་原告ཡང་གྱོད་ཡ་ཡིན་པའི་རྒྱུ་མཚན་ལྟར་སྣང་བདེན་བདེན་ལྟ་བུ་ཞིག་ལ་བསྙད་དེ་གཉིས་ཀར་གྱོད་ཡ་ཞེས་སླ་བཅོས་སུ་བསྒྱུར་ནས་དུས་ཡུན་དང་ཁྱབ་ཁོངས་ངེས་ཅན་ནང་དུ་དེ་ལྟར་རྒྱུན་འབྱམས་བཀོལ་སྤྱོད་བྱས་ཡོད། དེ་ནི་ཁོ་བོས་བསམ་བཞིན་དགོད་སློང་བའམ་ཡང་ན་ཧམ་གཏམ་བཙན་འགེབས་བྱས་པ་མ་ཡིན་པར་སྔོན་གྱི་ཡིག་ཚང་མང་པོར་མཐོང་དུ་ཡོད་པའི་དོན་དངོས་འབའ་ཞིག་ལགས་ན་ཞིབ་གཟིགས་གནང་དང་མཁྱེན་ཡོང་། ཡང་དེའི་རྗེས་སོར་ཐ་སྙད་དེ་གཉིས་ཁྱད་མེད་གྱོད་ཡ་ཞེས་བསྒྱུར་མི་རུང་བ་རྟོགས་མཁན་ཚོས་དོན་གྱི་ཁྱད་པར་ལ་དགོངས་པ་གཏད་དེ་ཐུགས་བསམ་བཞེས་སྐབསཞུ་གཏུག་བྱེད་པའི་དུས་ཀྱི་སྔ་ཕྱི་ལ་ཁྱད་པར་ཡོད་པ་མཁྱེན་ཏེ་原告ལ་ཞུ་སྦྱོར་སྔ་མ་དང་被告ལ་ཞུ་སྦྱོར་ཕྱི་མ་ཞེས་དབྱེ་བ་ཕྱེས་ཏེ་བསྒྱུར། ཡང་དེ་ནས་དུས་རབས་ཉེར་གཅིག་ཚུགས་མ་ཁ་ཙམ་ཞིག་ཏུ་ཁྲིམས་ལུགས་རིག་པའི་གཞུང་ལུགས་ལ་རྣམ་དཔྱོད་ཡངས་ཤིང་སྐད་གཉིས་སྨྲ་བའི་ལོ་ཙཱའི་ལག་ལེན་ལ་ཐུགས་མོས་ཆེ་བའི་མཁས་དབང་འགའ་ཡི་དགོངས་བཞེད་ལྟར་ཕྱིའི་རྣམ་པ་མངོན་པ་ལས་ནང་གི་ངོ་བོ་མཚོན་པ་གཙིགས་སུ་བཟུང་སྟེ་原告ལ་ཞུ་གཏུག་བྱེད་མཁན་དང་被告ལ་ཞུ་གཏུག་འཁེལ་མི་ཞེས་བསྒྱུར་པ་མ་ཟད། ཁྲིམས་འཛིན་ལས་ཁུངས་ནང་ཁུལ་དུ་རྩ་བའི་ཆ་ནས་གཅིག་གྱུར་བཟོས་ཡོད། འོན་ཀྱང་སྤྱི་ཚོགས་ཐོག་ཏུ་原告ནི་ཞུ་གཏུག་མཁན་དང་། ཞུ་གཏུག་རྒྱག་མཁན། ཞུ་གཏུག་བྱེད་མཁན། ཞུ་སྦྱོར་སྔ་མ། ཞུ་སྦྱོར་བྱེད་མཁན་སོགས་གདམ་ང་ཅན་དུ་སྤྱོད་ཅིང་།被告ནི་གྱོད་ཡ་དང་། ཞུ་སྦྱོར་ཕྱི་མ། ཞུ་གཏུག་འཁེལ་མི། ཞུ་གཏུག་ཕོག་མཁན་སོགས་ཅི་རིགས་ཏུ་བསྒྱུར་ཡོད་པ་རེད། །

གསུམ་པ། ཁྲིམས་ལུགས་བརྡ་ཆད原告དང་被告གཉིས་ཀྱི་རང་ལུགས་བོད་འགྱུར་དང་རྒྱུ་མཚན།

ད་ནི་སྐབས་སུ་བབས་པ་རང་ལུགས་ཚུགས་ཐུབ་ཅིག་བཤད་དུ་ཡོད་དམ་ཞེ་ན། དེའང་རྒྱུན་རིང་མནོ་བསམ་བསྐོར་ཅིང་དཔྱད་པ་ལན་མང་བྱས་འབྲས་སུ་ཡུལ་མིའི་ངག་སྒོ་རུ་དེང་གི་ཆར་ཡང་གྲུ་མ་ཆག་ཟུར་མ་ཉམས་པར་གནས་པའི་ཐ་སྙད་ཅིག་གིས་བདག་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་སྟེ་རིན་ཆེན་དང་པོ་རྙེད་ལས་ཀྱང་ལྷག་པར་དགའ། སྐབས་དེར་ཁོ་བོ་ནི་མདོངས་མཐའ་ཅན་གྱིས་དབྱར་གྱི་རྔ་གསང་ཐོས་ལྟར་གྱུར་ནས་ཐ་སྙད་ཀྱི་བསྟན་དོན་དང་སྤྱོད་སྒོ། མིང་དེ་རང་ཡུལ་འབྲོག་པའི་ཐོན་སྐྱེན་དང་འཚོ་བའི་ཁྲོད་དུ་རྒྱུན་ཆགས་སུ་གནས་པ་ཡིན་མིན་སོགས་དབུགས་ཐེངས་གཅིག་གིས་ཞིབ་པར་དྲིས་ཡོད་ལ་ཅུང་ཙམ་ཞིག་རིང་དཔྱད་གསུམ་བསམ་གཞིགས་ཀྱི་ཀློང་དུ་ཡང་ཚུད། རྒྱ་མིའི་ངག་རྒྱུན་དུ་(踏破铁鞋无觅处,得来全不费工夫)ལྕགས་ལྷམ་བུག་པར་བཙལ་ཡང་མི་རྙེད་རུང་། འཐོབ་འདོད་ན་དཀའ་ཚེགས་ཅི་ཡང་མེད་ཅེས་དང་། བདག་ཅག་འབྲོག་པའི་ཁ་དཔེར་འགྲོ་མི་དགོས་འབྲི་སྐམ་ལྷས་ལ་འཁོར་ཟེར་བ་ལྟར་ཡུན་རིང་དམངས་ཁྲོད་དུ་ཟབ་འཇུག་བྱས་ཤིང་རྟག་ཏུ་བསམ་གཞིགས་དང་དཔྱོད་ཤེས་ལྡན་ཚེ་ང་ཚོར་བསམ་ཡུལ་ལས་འདས་པའི་ནོམ་པ་རེ་ཡང་ངེས་པར་རྙེད་དུ་ཡོད།

དེ་ལྟར་དགའ་བ་འབུམ་གྱིས་མྱོས་པར་གྱུར་བའི་རྙེད་ནོར་དེ་གང་རེད་ཟེར་ན། མི་རྒན་མྱོང་བ་ཅན་གྱི་ངག་སྒོ་ལས་ཐོན་པའི་ཐ་སྙད“གྱོད་བདག”ཅེས་པ་དེ་རེད། ཐ་སྙད་དེ་ནི་ཁོ་བོས་གོང་དུ་ཞུས་པའི་ཁྲིམས་ལུགས་བརྡ་ཆད་原告ཞེས་པའི་བོད་འགྱུར་དུ་གྲི་གུ་ཤུབས་སུ་བཅུག་ལྟར་ཤིན་ཏུ་རན་ཞིང་ལྷག་ཏུ་འཕྲོད་པས་རང་ཆས་སུ་གྲུབ་པ་ལྟར་ཡོད་ཁར། ཁྲིམས་ལུགས་རིག་པའི་ཞིབ་ནན་ཆེ་ས་ནས་བཤད་ན་མ་ཡིག་གི་བསྟན་དོན་ལས་ཀྱང་ཚིག་བཙུན་ཞིང་དོན་འགྲིལ་བ་དང་། ཐ་སྙད་འཇུག་པ་བདེ་ཞིང་གཏན་ཚིག་ཤིན་ཏུ་བཙན་པར་སྣང་། དེ་ཕྱིར་原告དེ་གྱོད་བདག་ཅེས་བསྒྱུར་ན་被告ནི་གྱོད་ཡ་ཞེས་བསྒྱུར་དགོས་པར་རང་བཞིན་དུ་གྲུབ་ཡོད། དེར་བརྟེན་ཁོ་བོའི་རང་ལུགས་ངོ་མ་ནི་原告ཞེས་པ་གྱོད་བདག་དང་被告ཞེས་པ་གྱོད་ཡ་རུ་བསྒྱུར་དགོས་པར་འདོད། མཚམས་འདིར་ལོ་ཙྰའི་གཞུང་ལུགས་ལ་མཁས་ཤིང་ལག་ལེན་ལ་བྱང་བའི་ལོ་ཆེན་གསེར་ནག་གྱི་རི་འདྲ་བ་རྣམས་ལ་དེ་སྐོར་གྱི་རྒྱུ་མཚན་མང་དུ་ཞུས་ནས་གསལ་ཆེན་ཉི་མའི་ཁ་འོག་ཏུ་ཤིང་ཐུར་གྱི་སྒྲོན་མེ་བཏེགས་པའི་དགོས་པ་མ་མཆིས་ཀྱང་རང་མཉམ་ལོ་ཙཱའི་ལས་སུ་ཞུགས་བཞིན་པ་དང་འཇུག་པར་སྤྲོ་བའི་གྲོགས་རྣམས་ལ་བགྲོ་གླེང་གི་ཚུལ་དུ་གསལ་འདེབས་ཅུང་ཙམ་ཞུས་ན་བསྒྱུར་ཚུལ་འདི་ཉིད་ལས་རང་སྐད་འཁྲུལ་མེད་ཡིན་པ་དང་། མིང་དུ་གྲུབ་པ། འགྱུར་སྐྱོན་སེལ་བ། ཡིག་ཟོར་ཡང་བ། མ་ཡིག་གི་བསྟན་དོན་ཆ་ཚང་ཡང་དག་སྟོན་ནུས་པ་བཅས་ཀྱི་དགེ་མཚན་བླ་ལྷག་ལྡན་པར་མཐོང་ཞེས་ཀྱང་ཞུ་བར་འདོད།

༡༾རང་སྐད་འཁྲུལ་མེད་ཡིན་པ། གྱོད་ཡ་དང་གྱོད་བདག་ཅེས་པའི་ཐ་སྙད་འདི་གཉིས་ནི་གཞན་སྐད་ཀྱི་ཤན་དང་འགྱུར་དྲིའི་གཡའ་ཙམ་མ་ཞུགས་པར་རྩམ་དྲི་བསང་ངེ་འཐུལ་ནུས་པའི་བོད་སྐད་རྣལ་མ་ཡིན་པ་ནི་མྱོང་བ་དངོས་ཀྱིས་གྲུབ་པའི་བདེན་དོན་དུ་སེམས།

༢༾མིང་དུ་གྲུབ་པ། གྱོད་ཡ་དང་གྱོད་བདག་ཅེས་པའི་ཐ་སྙད་འདི་གཉིས་ནི་ཞུ་གཏུག་རྒྱག་མཁན་དང་ཞུ་གཏུག་ཕོག་མཁན་ལྟ་བུར་འགྲེལ་བཤད་ཀྱི་ཚིག་ཏུ་མ་སོང་པར་དོན་གྱི་ངོ་བོ་སྟོན་པའི་སྒྲ་སྟེ་མིང་དུ་གྲུབ་ཡོད་པར་འདོད།

༣༾འགྱུར་སྐྱོན་སེལ་བ། གྱོད་ཡ་དང་གྱོད་བདག་ཅེས་པའི་ཐ་སྙད་འདི་གཉིས་ཀྱིས་དོན་མི་སྟོན་པའམ་ཆ་ཚང་སྟོན་མི་ནུས་པ་དང་། བོད་སྐད་དུ་མ་གྱུར་པ། བརྗོད་བདེ་མིན་པ། རྣར་གཟན་པ། མིང་དུ་མ་གྲུབ་པ། འཐོམ་འཇུག་པ་སོགས་ཐོན་རྟག་པའི་འགྱུར་སྐྱོན་ཐམས་ཅད་ཡོངས་སུ་བསལ་ཡོད་སྙམ།

༤༾ཡིག་ཟོར་ཡང་བ། གྱོད་ཡ་དང་གྱོད་བདག་ཅེས་པའི་ཐ་སྙད་འདི་གཉིས་ནི་བརྗོད་བདེ་ཞིང་འབྲི་སླ་བ་མ་ཟད་རྒྱུན་གཏན་གྱི་ལོ་ཙྰའི་ལག་ལེན་ནང་རྟག་ཏུ་ཐོན་གྱིན་པའི་ཡིག་ཚོགས་མང་བའི་རྫོབ་སྐྱོན་ཡང་སེལ་ཡོད།

༥༾མ་ཡིག་དང་མཐུན་པ། གྱོད་ཡ་དང་གྱོད་བདག་ཅེས་པའི་ཐ་སྙད་འདི་གཉིས་ལ་ནང་དོན་གྱི་ཆ་ནས་མ་ཡིག་དང་བསྡུར་ན་ཆད་ལྷག་སྤུ་ཉག་ཙམ་མེད་ཁར་རྣམ་པའི་ངོས་ནས་མ་ཡིག་གི་ཡིག་འབྲུ་གཉིས་དེ་བུ་ཡིག་ཚེག་ཁྱིམ་གཉིས་ཀྱིས་ཆ་ཚང་ཡང་དག་མཚོན་པར་བྱུང་ཡོད།

མདོར་ན། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ཡིག་སྒྱུར་གྱི་ལས་སུ་གཞོལ་བའི་ལོ་ཙཱ་བའི་གྲངས་འབོར་ཆེས་མང་ཤོས་དང་ངེས་དོན་ལོ་ཙཱའི་ཆ་སྙོམས་སྤུས་ཚད་ཆེས་ཞན་ཤོས་ཡིན་པའི་དུས་སྐབས་འདིར་རྒྱ་བོད་ཡིག་སྒྱུར་ཐད་བཀས་བཅད་ཚད་ལྡན་མེད་པ་དང་འགྱུར་ཡིག་གཅིག་གྱུར་མེད་པའི་གནད་དོན་ཉིད་མངོན་གསལ་ལྷག་ཡོད་པ་མཐོང་ལགས་ན། ཀུན་ཀྱིས་ཐ་སྙད་རེ་ཟུང་ཙམ་གྱིས་ཅི་ཡང་མི་གནོད་དགོངས་ནས་བཏང་སྙོམས་སུ་མ་བཞག་པར་མིང་ཚིག་རེ་རེ་ནས་འགོ་བརྩམ་སྟེ་ཚད་ལྡན་དང་གཅིག་གྱུར་ཡོང་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་འབད་འབུངས་ལྷོད་མེད་བྱ་དགོས་ཞེས་སོར་བཅུའི་འདབ་མ་སྙིང་ཁར་ཟུམ་ནས་ཞུའོ། །

ཟུར་ལྟའི་ཡིག་རིགས།

(༡)ཚེ་དབང་རྡོ་རྗེའིབོད་ཀྱི་ཁྲིམས་ལུགས་ཀུན་འདུས་རྣམ་བཤདཀན་སུའི་མི་རིགས་དཔེ་སྐྲུན་ཁང་།

(༢)བོད་ལྗོངས་ཞིབ་འཇུག༢༠༡༢ལོའི་དེབ་གསུམ་པ། བོད་ལྗོངས་སྤྱི་ཚོགས་ཚན་རིགས་ཞིབ་འཇུག་ཁང་།

(༣)བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བསྒྲིགས་པའིཁྲིམས་ལུགས་ཐ་སྙདབོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

(༤)ཚེ་རིང་དོན་གྲུབ་ཀྱི་གཙོ་བསྒྲིགས་གནང་བའིརྒྱ་བོད་ཁྲིམས་ལུགས་ཚིག་མཛོདབོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

(༥)བློ་གྲོས་ཀྱིཁྲིམས་ལུགས་བརྡ་ཆད་གྱོད་ཡ་ཞེས་པའི་བོད་འགྱུར་གྱི་གནད་དོན་སྐོར་བསྐྱར་དུ་གླེང་བ(བོད་སྐད་ཡིག༢༠༠༦ལོ།)(རྒྱ་ཡིག)

(༦)སྤེན་པ་ལྷ་མོས་གཙོ་སྒྲིག་གནང་བའིབོད་ཀྱི་སྔ་རབས་ཁྲིམས་སྲོལ་བདམས་བསྒྲིགསབོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།