无障碍阅读 关怀版

༄༅། ། ཡིག་སྒྱུར་གྱི་སྐོར་གླེང་བ།

དུས་ཚོད། 2019-10-25 རྩོམ་པ་པོ རིན་སྤུངས་ཉི་མ་དོན་གྲུབ། རྩོམ་སྒྲིག ཉི་མ་དོན་གྲུབ།

དེའང་དེང་གི་ཆར་ཡིག་སྒྱུར་གྱི་ཚ་རླབས་ཤིག་འཕྱུར་ཡོང་ནས། རྒྱ་བོད་སྐད་གཉིས་ཤེས་ཤིང་བོད་ཡིག་གི་ཆེད་ལས་ཡིན་པ་ཙམ་གྱིས་ཡིག་སྒྱུར་གྱི་བྱ་བར་ཞུགས་ནས་སྒྱུར་ཡིག་སྣ་མང་ཐོན་བཞིན་འདུག་པ་དེ་དགའ་འོས་པའི་དོན་ཞིག་ཡིན་ཀྱང་སྲིད། འོན་ཏེ་དེ་ལས་འཕྲོས་པའི་གནད་དོན་འགའ་ཞིག་ཡོད་པ་སྟེ།གཅིག་ནས་སྒྱུར་གྱི་སྤུས་ཚད་མ་འདང་བའི་རྐྱེན་གྱིས་བསམ་བློ་གསར་པ་འདྲེན་རྒྱུ་ཕར་ཞོག རྒྱ་ལུགས་ཀྱི་བརྡ་སྤྲོད་སྤྱད་དེ་བོད་ཡིག་གི་ལམ་ནས་བྲིས་པའི་འགྱུར་མ་དག་གིས་བོད་རང་གི་བརྡ་སྤྲོད་འཁྲུག་པར་བྱེད་པ། གཉིས་ནས་དེང་སྐབས་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ལ་བོད་ཡིག་དང་འབྲེལ་བའི་ལས་དོན་ཡིན་ཚེ་ཤེས་ཡོན་ཅན་གྱི་དཔུང་ཁག་ཏུ་བོད་ཡིག་གི་མ་རྩོམ་ལ་བལྟ་ཀློག་དང་བོད་ཡིག་ནས་འབྲི་བྱ་རྩོམ་བཞིན་ཡོད་པ་ལས།དེ་མིན་གྱི་གྲུ་ཟུར་ཡོད་རྒུ་ན་སྒྱུར་ཡིག་གི་འཇིག་རྟེན་བཞེངས་ཡོང་དུས།ལོ་ཙཱ་བས་བྲིས་པའི་སྐད་ཆ་ར་མ་ལུག་དག་གིས་བརྙན་འཕྲིན་དང་རླུང་འཕྲིན། འཕྲིན་ཕྲན་བཅས་བརྒྱུད་ནས་བོད་མིའི་སྐད་ཆ་འགྱུར་འགྲོ་བའི་ཤུགས་རྐྱེན་བཟོ་བཞིན་ཡོད་པ།གསུམ་ནས་ལོ་ངོ་ཆིག་སྟོང་སུམ་བརྒྱའི་སྔོན་དུ་ཐོན་མིས་བོད་ཀྱི་སྐད་ཆར་ཞིབ་འཇུག་བྱས་ནས་བཟོས་པའི་བརྡ་སྤྲོད་འདི། ད་ཆ་ལོ་ཙཱ་བས་སྒྱུར་ཡིག་གི་སྐད་ཆ་རྒྱ་ལུགས་ཀྱི་བརྡ་སྤྲོད་བཞིན་བྲིས་སྟབས། བོད་ཀྱི་དམངས་ཁྲོད་སྐད་ཆ་འགྱུར་ནས་ཐོན་མིའི་བརྡ་སྤྲོད་ཟུར་དུ་ཕན་མེད་དུ་ལུས་ཉེན་ཡོད་པ། བཞི་ནས་ལོ་ཙཱ་བས་དོན་གྱི་གལ་འགངས་ལ་གཞིགས་ནས་བོད་སྐད་ཡིག་གི་ཁྲག་རྒྱུན་དེ་གཞི་རྐང་ནས་ཇི་ལྟར་གསོ་དགོས་མིན་གྱི་བསམ་གཞིག་མི་བྱེད་པར།ལོ་ཙཱའི་ལས་དེ་ལོགས་སུ་དཀར་ནས་དགའ་དད་ཆེ་བའི་རྣམ་པ་རྩ་བ་བསྐྱུར་ནས་ཡལ་གར་ཞེན་པའི་ཚུལ་སྐྱོ་པོ་ཞིག་མངོན་པ།ལྔ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཕུགས་དང་མདུན་ལམ་ལ་མཁོ་བའི་རིག་ཚན་ཁག་གི་ཐབས་རྩལ་སོགས་སློབ་རྒྱུའི་གཞུང་ལུགས་མི་བསྒྱུར་བར་ཕྱི་ཡི་གད་སྙིགས་ཚང་མ་ཚུར་སྒྱུར་བྱེད་པ།དྲུག་ནས་བསྒྱུར་གྲུབ་པའི་རྗེས་སུ་ཕྱིར་འཚོང་ཐུབ་ཙམ་མ་གཏོགས།དེ་ཡིས་བོད་ཀྱི་སྤྱི་ཚོགས་ལ་ཕན་པ་ཡོད་མེད་ཀྱི་ཞིབ་དཔྱད་མི་བྱེད་ལ།ཕན་པ་མེད་པ་ཤེས་བཞིན་དུ་སྣང་མེད་ངང་མུ་མཐུད་བསྒྱུར་བཞིན་ཡོད་པ་བཅས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐོན་བཞིན་ཡོད།དེ་དག་ལས་ནང་དོན་ཕལ་ཆེ་བ་དེ་སྔོན་གྱི་རྩོམ་གོག་དག་ནས་ཞུས་ཚར་བ་ཡིན། དེ་རིང་སྐབས་སུ་བབ་པ་ནི་ཡིག་སྒྱུར་ལ་བརྟེན་ནས་ནང་འདྲེན་ཇི་ལྟར་བྱ་རྒྱུའི་སྐོར་ཡིན།

ནང་འདྲེན་བྱ་རྒྱུ་ནི་མཐར་གཏུགས་ནས་བཤད་ན་ཕྱི་སྲིད་ཀྱི་སྐུ་འདྲ་བཞེངས་ཚར་རྗེས་ནང་སྟོབས་ཀྱི་གཟུངས་ཞུགས་རྒྱོང་སྟངས་ལྟ་བུའི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ལ་ངོས་བཟུང་ན་ཆོགདེ་ནི་རྒྱལ་ཁོངས་ཞར་བྱུང་གི་མི་རིགས་ཤིག་གིས་ལས་སླ་པོར་ཐུབ་པ་མིན།འཛམ་གླིང་སྤྱི་ཡོངས་ལ་ཆ་བཞག་ནས་བརྗོད་ན། རྒྱལ་ཁབ་དང་མི་རིགས་ཁག་གིས་ཡིག་སྒྱུར་གྱི་བྱ་ཐབས་ལ་བརྟེན་ནས་རང་གི་སྲིད་འབྱོར་རིག་གསུམ་གོང་འཕེལ་ཡོང་རྒྱུར་འབད་བརྩོན་བྱས་པའི་ལོ་རྒྱུས་སྔ་ཤོས་ལ་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་བར་བསྙེགས་ཐུབ། འོ་ན། དུས་གང་མཚམས་ལ་ནང་འདྲེན་བྱེད་དགོས་སམ་ཞེ་ན། དེ་ལ་ང་རང་གི་ལྟ་ཚུལ་ལྟར་ན་ཆོས་ཉིད་ཅིག་ཡོད་དེ།སྤྱི་ནས་རྒྱལ་ཕྱི་རྒྱལ་ནང་དང་སྒོས་སུ་བོད་རང་གི་ལོ་ཙཱའི་ལོ་རྒྱུས་ལ་བལྟས་ཚེ། ནང་འདྲེན་འཕྲོད་ཤོས་ནི་རང་ལ་དཔལ་འབྱོར་དང་། ལྷག་པར་དུ་སྲིད་དབང་གི་སྟོབས་ཤུགས་ཆེར་ལྡན་དུས། ད་གཟོད་མི་རིགས་གཞན་གྱི་རིག་གནས་དག་ནང་འདྲེན་བྱེད་ཐུབ་པ་མ་ཟད། རང་ཕྱོགས་ལ་ཡོངས་སུ་སིམས་ནས་སོ་སོའི་རིག་གནས་ཕུན་སུམ་ཚོགས་སུ་འགྲོ་བའི་ཁྱད་ཆོས་ཞིག་ལྡན་ཡོད་པར་སྙམ། དཔེར་ན།ཕྱི་རྒྱལ་གྱི་གནའ་བོའི་ཨེ་ཅེབ་ཀྱི་ཞལ་ཆད་རྙིང་མ་གྷི་རི་སིའི་སྐད་དུ་བསྒྱུར་བ་དང་། གྷི་རི་སིའི་ཤེས་དཔལ་རོ་མན་གྱི་སྐད་ལ་བསྒྱུར་བ།རོ་མན་སྐད་ཀྱི་གྷི་རི་སིའི་རིག་གནས་ཨ་རབ་སྐད་དུ་བསྒྱུར་བ། ཨ་རབ་ཏུ་ཡོད་པའི་གྷི་རི་སིའི་རིག་གནས་ནུབ་ཕྱོགས་རིག་རྩལ་བསྐྱར་དར་ཆེན་མོའི་དུས་སྐབས་དང་བསྟུན་ནས་སླར་ཡང་ཡོ་རོབ་ཏུ་བསྒྱུར་བ་བཅས་ཀྱི་ཡིག་སྒྱུར་ལོ་རྒྱུས་ཀྱི་ཁྱད་ཆོས་ནི་དང་ཐོག་ནང་འདྲེན་རྒྱལ་ཁབ་བམ་མི་རིགས་རང་ངོས་ཀྱི་སྲིད་འབྱོར་རིག་གསུམ་གྱི་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་བྱུང་རྗེས། ད་གཟོད་གཞི་ནས་ནང་འདྲེན་བྱས་པ་ཤ་སྟག་ལས།རྒྱལ་ཁབ་བམ་མི་རིགས་དེ་ང་ཚོ་བཞིན་དབུགས་ལྷེམ་ལྷེམ་དུ་ལུས་པའི་ཉམས་ཞན་གྱི་དུས་ཤིག་ལ་བསྒྱུར་བ་རྩ་བ་ནས་མིན། ལྷག་པར་དུ་ཨེ་ཅེབ་ཀྱི་ཞལ་ཆད་རྙིང་མ་གྷི་རི་སིའི་སྐད་དུ་སྒྱུར་སྐབས་བརྡ་རྙིང་དང་ཡུལ་སྐད་ཀྱིས་ཁེངས་ནས་གྷི་རི་སིའི་སྐད་ཡིན་མིན་ལ་དོགས་པ་སྐྱེ་དགོས་པའི་གནས་སུ་ལྷུང་རུང་། ཕྱིས་དམ་པའི་གསུང་རབ་སྐད་རིགས་སྣ་ཚོགས་ལ་སྒྱུར་བའི་ཚེ་ན། ཨེ་ཅེབ་ཀྱི་ཞལ་ཆད་རྙིང་མ་དེ་མ་ཡིག་ཏུ་མི་བཟུང་བར་གྷི་རི་སིའི་འགྱུར་མར་དཔེ་བལྟ་དགོས་པ་ལྟ་བུའི་ནང་འདྲེན་ཧ་ཅང་ལེགས་པོ་བྱུང་ཡོད་པ་དང་། རོ་མན་གྱི་བརྩམས་ཆོས་ཐོག་མ་ཨོ་ཏ་སད་གྷི་རི་སིའི་སྐད་ནས་རོ་མན་སྐད་དུ་སྒྱུར་སྐབས་དེ་ནི་ཆེས་ཕུལ་བྱུང་གི་བརྩམས་ཆོས་ཤིག་མ་ཡིན་རུང་རོ་མན་རྒྱལ་དམངས་ཀྱིས་གྷི་རི་སིའི་ཤེས་དཔལ་ལ་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཆགས་ནས་སྐད་གྲགས་ཆེན་པོ་ཆོད་ཡོད་པ་རེད།དེ་དག་ཚང་མ་ནི་སྒྱུར་སྤུས་ལེགས་ནས་གནས་བབ་བཟུང་བ་ཞིག་མ་ཡིན་པར། འགྱུར་ཡིག་རྒྱལ་ཁབ་བམ་མི་རིགས་ཀྱི་སྟོབས་འབྱོར་དང་དབང་ཤུགས་ལྡན་པའི་མཐུན་རྐྱེན་གྱིས་ནང་འདྲེན་བྱས་པ་ཞིག་ཡིན།གཞན་དུ།རྒྱ་ནག་གི་ཧན་ཤར་མ་དང་།ཐང་རྒྱལ་རབས་ཀྱི་དུས་སྐབས།དེ་བཞིན་བོད་ཀྱི་བཙན་པོའི་སྐབས་ཀྱི་ཆོས་གཞུང་བསྒྱུར་བའི་དུས་སྐབས་བཅས་ཚང་མ་ནི་རང་ངོས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་བའི་སྐབས་སུ་འཁེལ་ནས་རིག་གནས་ནང་འདྲེན་ལ་གྲུབ་འབྲས་མངོན་གསལ་ཐོན་པ་ཤ་སྟག་ཡིན་པ་ལས། རང་ཕྱོགས་ལ་མཐུན་རྐྱེན་གང་ཡང་མེད་པར་གཞན་གྱི་འགྲོས་དང་བསྟུན་པ་ཞིག་མིན།  རྒྱ་ནག་གི་ལོ་ཙཱ་བ་ཀྲེ་ཆན་གྱིས་ཧན་ཤར་མའི་དུས་མཇུག་གི་ཟིང་འཁྲུག་སྐབས་སུ་ཆོས་གཞུང་འབོར་ཆེན་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་དེའང་ཁོང་གི་སྒྱུར་ལེགས་པ་ཁོ་ནས་རྒྱ་ནག་གི་ཡིག་སྒྱུར་ལོ་རྒྱུས་ཁྲོད་གནས་བབ་ངེས་ཅན་བཟུང་བ་ཞིག་མ་ཡིན་པར། ཝུའུ་རྒྱལ་ཁབ་ཀྱི་རྒྱལ་པོ་སུན་ཆོན་གྱིས་གཟིགས་མཐོང་ཐོབ་ནས་སྤེལ་བས་ན།ད་གཟོད་ཁོ་པའི་སྒྱུར་ཆོས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་ལ་བག་ཆགས་གཏིང་ཟབ་འཇོག་ཐུབ་པ་ཞིག་བྱུང་ཡོད།དེས་ན། ཡིག་སྒྱུར་ལ་བརྟེན་ནས་གཞན་གྱི་རིག་གནས་ནང་འདྲེན་བྱེད་པའི་ལས་འདི་བཞིན་སྤྱི་ཚོགས་དེ་རང་གི་གནས་བབ་ལ་མ་ལྟོས་པའམ་ཡང་ན་ཞིབ་འཇུག་ནན་ཏན་མ་བྱས་པར་གཞན་གྱིས་དེ་ལྟར་ལས་བཞིན་འདུག་སྙམ་ནས་དེའི་རྗེས་སུ་རྒྱུགས་ཆེ་ན། ནང་ངོས་ཀྱི་མཐུན་རྐྱེན་མ་འཛོམས་པའི་རྐྱེན་གྱིས་འགྱུར་གྱིས་ཕན་འབྲས་གང་ཡང་ཐོན་མི་ཐུབ་པ་མ་ཟད་རང་གི་དུས་ཚོད་འབོར་ཆེན་འཕྲོ་བརླག་འགྲོ་བཞིན་ཡོད།

ཡིག་སྒྱུར་ནི་བསྒྱུར་བའི་ཆེད་དུ་བསྒྱུར་བ་ཞིག་མ་ཡིན་པར་བསྒྱུར་ནས་དོན་ཞིག་འཕྲོད་པ་བྱས་ཏེ་ནང་བསམ་བློ་སྐྱོང་ཐབས་ཤིག་ལ་རེམས་དགོས་པ་ནི་དམིགས་བྱ་ཡིན། དེས་ན། བསྒྱུར་མ་གང་ཞིག་དེ་ཁྱབ་སྤེལ་གཏོང་བའི་ལས་ཀའི་ཁྲོད། ནང་གི་སྒྲིག་གཞི་འཐུས་ཚང་ཞིགདཔལ་འབྱོར་གྱི་ཆ་རྐྱེན་འདང་ངེས་ཤིག རང་ངོས་རིག་གནས་ཀྱི་གསོན་ཤུགས་བརྟན་པོ་ཞིག་བཅས།མདོར་ན་རིག་གནས་ནང་དུ་འདྲེན་ཞིང་སྤེལ་བའི་ཁ་དབུགས་ལེགས་པོ་ཞིག་དགོས་པ་ནི་སྔོན་འགྲོ་རུ་གྲུབ་ཡོད། འོ་ན། ཕྱི་རྒྱལ་གྱི་སྔོན་ཐོན་རིག་གནས་ཡོད་ཚད་བོད་འགྱུར་མ་བྱས་ཚེ་བོད་ཀྱི་ལོ་ཙཱ་བ་ཚོར་ལས་ཀ་མེད་དམ་ཞེ་ན། དེ་ཡང་མ་ཡིན་ཏེ། ང་ཚོས་ནང་འདྲེན་གྱི་ཆ་ནས་ཐོག་མར་བསྒྱུར་དགོས་པ་ནི་རྒྱལ་ཕྱི་རྒྱལ་ནང་རིག་ཚན་ཁག་གི་གཞུང་ལུགས་དག་ཡིན།གཞུང་ལུགས་ཞེས་པ་ནི་སྔོན་རབས་ཀྱི་ལག་ལེན་ཁྲོད་ཕྱོགས་བསྡུས་བྱས་ནས་ཐོན་པའི་ཉིང་ཁུ་ཤ་སྟག་ཡིན་ཞིང་། དེས་ཕྱི་རབས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱེད་པའི་ནུས་པ་ཞིག་ཐོན་བཞིན་ཡོད། དེའི་ནང་དཔལ་འབྱོར་དང་། སློབ་གསོ།རིག་གནས། བསམ་བློ་ཀུན་སྤྱོད། ཡིག་སྒྱུར་སོགས་རིག་ཚན་ཧ་ཅང་མང་པོ་ཚུད་ཡོད། གཞུང་ལུགས་ཀྱི་རྒྱབ་རྟེན་མེད་ཚེ་ཐབས་དང་རྩལ་ཇི་ལྟར་མཁས་ནའང་གྲུབ་འབྲས་ལེགས་པོ་ཞིག་ཐོབ་པར་དཀའ།དཔེར་ན། ང་ཚོ་མཚན་མོའི་མུན་ནག་ཁྲོད་བགྲོད་པའི་ཚེ། གཞུང་ལུགས་ནི་ཁྱེད་ལ་ཁ་ཕྱོགས་སྟོན་པའི་རྒྱང་རིང་གི་གློག་སྒྲོན་དེ་དང་། རང་ལ་ལྡན་པའི་ཐབས་རྩལ་ནི་ཁྱེད་ཀྱི་ལག་ཏུ་འཁྱེར་བའི་གློག་བཞུ་དེ་ཡིན། གལ་ཏེ་ཁྱེད་ལ་ཁ་ཕྱོགས་སྟོན་མཁན་གྱི་གློག་སྒྲོན་དེ་མེད་ཚེ། གློག་བཞུ་ཇི་ལྟར་གསལ་རུང་དམིགས་སར་སླེབས་དཀའ་བའི་གནས་ལུགས་དང་གཅིག་མཚུངས་ཡིན།

ཡིག་སྒྱུར་གཞུང་ལུགས་ཀྱི་ངོས་ནས་བརྗོད་ན། དེང་གི་དུས་འདིར་གཞོན་སྐྱེས་རྒྱ་བོད་ལོ་ཙཱ་བ་ཕལ་ཆེ་བས་གཞུང་ལུགས་སྐོར་གླེང་སྐབས།བོད་ཀྱི་སྒྲ་སྦྱོར་བམ་གཉིས་དང་ཡན་ཧྥུའུ་ཡི་མཐུན་བདེ་འཇུག་གསུམ།སྐབས་འགར་ཨ་མེ་རི་ཁའི་ཡིའུ་ཅིན་ནའེ་ཏཱ་ཡི་མ་ཡིག་དང་བུ་ཡིག་རིན་ཐང་གཅིག་མཚུངས་གི་ལྟ་བ་མ་གཏོགས་གླེང་རྒྱུ་མེད། དོན་དངོས་ཐོག་ལོ་ཙཱའི་རྩ་དོན་དང་ཚད་གཞི། སྒྱུར་ཐབས། ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་སོགས་གཞུང་ལུགས་སྐོར་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྗོད་མཁན་གྱི་ལོ་ཙཱ་བ་གྲངས་ལས་འདས་པ་ཞིག་བྱུང་ཡོད།འོ་ན། བོད་ཀྱི་ལོ་ཙཱ་བ་ཚོས་དེ་དག་ཐམས་ཅད་ཚད་མར་འཛིན་དགོས་སམ་ཞེ་ན། དེ་ཡང་མ་ཡིན།འོན་ཏེ་དེ་དག་ལ་ཤེས་རྟོགས་མེད་ཚེ་ལོ་ཙཱའི་བཞུད་ལམ་ཤིན་ཏུ་གུ་དོག་པོར་གྱུར་བ་ཡིན།ལོ་ཙཱ་ནི་དུས་བསྟུན་མཉམ་སྐྱོད་ཀྱི་རིག་ཚན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་སྤྱི་ཡི་གནས་བབ་དང་སྐད་བརྡ་རིག་པ། མིའི་བསམ་བློའི་འདུ་ཤེས་བཅས་དང་འབྲེལ་བ་ཤིན་ཏུ་ཟབ་པའི་ལས་ཞིག་ཡིན་དུས། སྤྱི་ཚོགས་དེ་རང་གི་དགོས་མཁོ་དང་བསྟུན་ཞིང་སྤྱི་ཚོགས་དེ་རང་ལ་ཞབས་ཞུ་བསྒྲུབ་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། སྤྱི་ཚོགས་མི་འདྲ་བར་ལོ་ཙཱའི་དམིགས་ཡུལ་མི་འདྲ་བའི་རྒྱུ་མཚན་གྱིས་རྐྱེན་ནས། ལོ་རྒྱུས་ཐོག་ཡིག་སྒྱུར་བྱ་ཐབས་ཐད་སྒྱུར་དང་དོན་སྒྱུར་གྱི་རྩོད་ཉོག་དེ་རྒྱུན་མི་ཆད་པར་ཐོན་བཞིན་ཡོད།དེའང་གཙོ་བོ་ནི་བསྒྱུར་བྱའི་ནང་དོན་མི་གཅིག་པ་དང་།སྒྱུར་གྱི་དམིགས་ཡུལ་མི་གཅིག་པ། ལོ་ཙཱ་བའི་བསམ་བློའི་འདུ་ཤེས་དང་རིན་ཐང་ལྟ་བ་མི་གཅིག་པ་བཅས་ཀྱིས་གཏན་འཁེལ་བྱེད་བཞིན་ཡོད་པས་ན། འདས་ཟིན་པའི་ཡིག་སྒྱུར་གྱི་གཞུང་ལུགས་ཐམས་ཅད་ཀྱིས་དེ་རིང་གི་གནད་དོན་ཐག་གཅོད་ཐུབ་པའི་ངེས་པའང་མེད་པའོ།

བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག རྒྱ་བོད་ཡིག་སྒྱུར་གྱི་བྱ་གཞག་འདི་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ནི་ཀུན་གྱི་འདྲེན་བྱེད་ལམ་དུ་གྱུར་བ་ཞིག་ཡིན། འོན་ཏེ། རྒྱལ་ཕྱི་རྒྱལ་ནང་དང་བསྡུར་ན་གཞུང་ལུགས་ཀྱི་ཐད་ལ་ད་དུང་ཡང་འཐུས་སྒོ་ཚང་བ་ཞིག་མ་ཡིན། དེས་ན་གཅིག་ནས་བོད་རང་གི་གཞུང་ལུགས་གསར་འབྲི་བྱ་རྒྱུ་དང་གཉིས་ནས་རྒྱལ་ཕྱི་རྒྱལ་ནང་གི་ལོ་ཙཱའི་གཞུང་ལུགས་ཡིག་སྒྱུར་བྱས་ཏེ་བོད་ཀྱི་ལོ་ཙཱའི་དཔུང་ཁག་གི་སྣེ་ཁྲིད་བྱ་རྒྱུ་དེའང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པ་མ་ཟད། ཅི་ཞིག་ནང་འདྲེན་བྱ་སྙམ་པའི་བསམ་ཚུལ་ཡོད་ཚེ། རིག་ཚན་ཁག་གི་གཞུང་ལུགས་བསྒྱུར་ནས་ཐབས་ལམ་བསླབ་རྒྱུ་དེ་སྒྱུར་བྱའི་ཐོག་མར་འཇོག་ཆོག་པ་ཡིན།འོ་ན། གཞུང་ལུགས་བསྒྱུར་ནས་བོད་མི་སྤྱི་ཡོངས་ལ་བག་ཆགས་ཤིག་འཇོག་ཐུབ་བམ་ཞེ་ན། དེ་ལྟར་ཡང་མ་ཡིན་མོད། མི་རིགས་ཀྱི་ལས་དོན་ཞིག་བྱ་བར་སྔོན་ལ་མི་སྣ་ཕུལ་བྱུང་ཅན་(精英分子)འགའ་ཞིག་གསོ་སྐྱོང་བྱས་ནས།དེ་དག་གིས་འདུ་འགོད་དང་སྣེ་ཁྲིད་བྱ་དགོས་པ་ལས། མི་དམངས་ཡོངས་མཉམ་དུ་འུར་ཞིང་རྒྱུགས་ནས་གྲུབ་པ་ཞིག་མ་ཡིན་པ་ནི།གནའ་ནས་ད་བར་འཛམ་གླིང་སྤྱི་ཡོངས་ཀྱི་བྱ་གཞག་སྤེལ་སྟངས་ཀྱི་ཆོས་ཉིད་ཞིག་ཡིན། མི་མང་པོ་ཞིག་གིས་རིག་གནས་ནང་འདྲེན་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་ཚུལ་བརྗོད་པ་ལས། དེ་དག་བསྒྱུར་ནས་རང་རིགས་ལ་འཕྲོད་མ་འཕྲོད་དང་། རང་གི་རིག་གནས་ལ་གྱུར་ཐུབ་པ་བྱ་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་གང་དག་ཚང་དགོས་མིན་སོགས་ཀྱི་ཐད་ལ་མནོ་བསམ་ཡེ་ནས་མི་བྱེད།དེ་ལྟ་བུའི་ཚུལ་ནི་ངང་པས་ཆུའི་ནང་རྐྱལ་བྱེད་པ་མཐོང་ནས་རང་ཉིད་ཀྱང་དེའི་རྗེས་སུ་མཆོངས་པ་དང་གཅིག་མཚུངས་སུ་གྱུར་ཡོད།དེའང་།ངང་པར་རྐྱལ་རྩལ་ནུས་པའི་ཁྱད་ཆོས་གང་དང་གང་ཡོད་པ་དང་། རང་ཉིད་ལ་དེ་དག་གི་ཁྱད་ནུས་ཡོད་མེད་ལ་བསམ་གཞིག་མ་བྱས་སྟབས། མཐར་ཆུ་ནང་དུ་ལྷུང་རྗེས་ཤི་རྒྱུ་ལས་མེད།

དེང་དུས་ཀྱི་རྒྱ་བོད་ཡིག་སྒྱུར་ནི་སྲིད་ཀྱི་ལས་དོན་ཁོ་ནར་བྱས་རྗེས་འཇོག་ཐུབ་པ་ལས།རང་མི་རིགས་ཀྱི་རིག་གནས་ལ་ལེགས་སྐྱེས་སོགས་ཀྱི་ཕན་འབྲས་ཆེན་པོ་ཞིག་དཀར་རྒྱུ་མེད།སུ་ཞིག་གིས་ཨུ་ཚུགས་ཀྱིས་དཀར་བར་ཆ་བཞག་ནའང་རང་གིས་རང་ལ་སེམས་གསོ་ཙམ་རེད།འོན་ཏེ་ཆབ་སྲིད་ཀྱི་ལས་དོན་ཁྲོད་དུ་རྒྱ་བོད་ཡིག་སྒྱུར་གྱིས་ནུས་པ་དང་གནས་བབ་ངེས་ཅན་བཟུང་བཞིན་ཡོད་པས་ན། ང་ཚོས་ངེས་པར་དུ་འགན་འཁྲི་རི་རབ་ལས་ཆེ་བའི་ལས་ཀའི་རྣམ་འགྱུར་ཞིག་འཛིན་ཏེ་ཁྲིམས་དང་སྲིད་ལ་བརྩི་བཀུར་གྱིས་ལེགས་སྐྱེས་གང་མང་འབུལ་ཐུབ་རྒྱུར་སེམས་ཤུགས་བརྒྱབ་ཏེ།ཡིག་སྒྱུར་ལ་བརྟེན་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་གཤམ་འོག་ཏུ་བརྒྱུད་བསྒྲགས་དང་དམངས་ཀྱི་འཚོ་བའི་བདེ་སྡུག་གོང་ལ་སྙན་ཞུ་བྱེད་དགོས།  སྲིད་ཀྱི་ཡིག་སྒྱུར་ནི་གཞུང་ཕྱོགས་ཀྱི་ཆབ་སྲིད་སྐྱོང་ལུགས་དང་མི་དམངས་ཀྱི་འཚོ་བ་བཅས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་སྟབས། ང་ཚོས་ངེས་པར་དུ་རང་ནུས་ཡོད་རྒུ་འདོན་དགོས་པ་ནི་བསྙོན་མེད་ཀྱི་འགན་འཁྲི་ཞིག་ཏུ་འཛིན་དགོས་པ་ཡིན་ནོ།