无障碍阅读 关怀版

༄༅། ། དེང་གི་བསྒྱུར་ཡིག་དང་འབྲེལ་ནས་བྱ་བྱེད་ལས་ཡུལ་ལ་གཏན་འཇགས་རང་བཞིན་གྱི་གོ་རིམ་ཡོད་མེད་དང་ཆོས་ཅན་བརྗོད་པའི་མིང་གྲུབ་ཚུལ་སྐོར་གླེང་བ།

དུས་ཚོད། 2020-04-27 རྩོམ་པ་པོ ཨོ་རྒྱན་ཚེ་རིང་། རྩོམ་སྒྲིག ཉི་མ་དོན་གྲུབ།

punctuation'>

ནང་དོན་གནད་བསྡུས།རྩོམ་ཡིག་འདིའི་ནང་རྕོམ་པ་པོས་ལོ་མང་རིང་ལོ་ཙྰའི་བྱ་བའི་ཉམས་མྱོང་གཞིར་བཟུང་། བྱ་བྱེད་ལས་ཡུལ་ལ་གཏན་འཇགས་རང་བཞིན་གྱི་གོ་རིམ་ཡོད་མེད་ཀྱི་སྐོར་དང་། བྱ་བ་བརྗོད་པའི་མིང་ལས་གྲུབ་པའི་ཆོས་ཅན་བརྗོད་པའི་མིང་གི་དག་ཆ་འབྲི་སྟངས་སྐོར་ལ་དཔྱད་པ་རོབ་ཙམ་བཏང་ཡོད།

བརྡ་ཆད་གཙོ་བོ། བྱ་བྱེད་ལས་ཡུལ།བྱ་བ་བརྗོད་པའི་མིང་།ཆོས་ཅན་བརྗོད་པའི་མིང་།

གླེང་སློང་བ།

ཇི་སྐད་དུ། ལོ་ཙཱ་ཞེས་པ་ནི་སྐད་དང་ཡིག་རིགས་གང་ཞིག་གིས་བསྟན་ཟིན་པའི་བརྗོད་དོན་དང་རྩོམ་ཉམས་རྣམས། འོས་ཤིང་འཚམ་ལ་དོན་དང་མི་འགལ་བའི་སྒོ་ནས་སྐད་དང་ཡིག་རིགས་གཞན་ཞིག་ལ་ཇི་མ་ཇི་བཞིན་དུ་འབེབ་པའི་རིག་གནས་ཀྱི་ལས་ཀ་ཞིག་ཡིན་ཞིང་། འདིར་མ་ཡིག་ལ་གོ་བ་ཡང་དག་པར་ལེན་པ་དང་། སྒྱུར་བྱེད་སྐད་ཡིག་གང་དེའི་བརྡ་སྤྲོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མ་ཡིག་གི་ནང་དོན་མཚོན་པར་བྱེད་པའི་བརྒྱུད་རིམ་གཉིས་ལྡན་ཡོད། འོན་ཏེ་དེང་གི་དུས་འདིར་སྒྱུར་བྱེད་བུ་ཡིག་གིས་བསྒྱུར་བྱ་མ་ཡིག་མཚོན་པར་བྱེད་པའི་སྐབས་སུ་ལ་ལས་གཏན་ཚིགས་ལ་མ་གཞིགས་པར་ར་ཙར་སླའི་དང་ལུག་ཙར་འབའ་སྒྲོག་པའི་རྣམ་ཐར་བསྐྱངས་ནས་ཁ་གསག་ངོ་སྲུང་བྱེད་པ་དང་།ལ་ལས་བརྡ་སྤྲོད་ལ་མི་སྦྱང་པར་འདོད་ཞེན་ལོག་སྲེད་ཀྱིས་སྐད་ཡིག་ལ་རྨ་གཏོད་པ། ལ་ལས་གཡག་ཤི་འབྲོང་ཆད་ཀྱིས་གོང་འཕེལ་གྱི་བསམ་པ་བརླག་ཏུ་འཇུག་ཅིང་ཕྱི་རབས་པར་དོགས་པ་སྣ་ཚོགས་སློང་བཞིན་མཆིས་སོ། །དངོས་གཞིའི་ནང་དོན་སྐབས་སུ་རང་བློས་དཔོག་ཚོད་ཀྱིས་བྱ་བྱེད་ལས་ཡུལ་ལ་གཏན་འཇགས་རང་བཞིན་གྱི་གོ་རིམ་ཞིག་ཡོད་མེད་ཀྱི་སྐོར་དང་།བྱ་བ་བརྗོད་པའི་མིང་ལས་གྲུབ་པའི་ཆོས་ཅན་བརྗོད་པའི་མིང་གི་དག་ཆ་འབྲི་སྟངས་སྐོར་གོ་བདེ་པོས་གླེང་བར་བྱའོ། །

       དང་པོ།བྱ་བྱེད་ལས་ཡུལ་ལ་གཏན་འཇགས་རང་བཞིན་གྱི་གོ་རིམ་ཡོད་མེད་སྐོར།

      གཅིགབྱ་བྱེད་ལས་ཡུལ་རགས་པར་ངོས་འཛིན་པ།

བྱ་བྱེད་ལས་ནི་རྟགས་འཇུག་སྐབས་སུ་བཤད་པའི་བྱ་བྱེད་ལས་གསུམ་ཏེ། བྱེད་ཅེས་པ་བྱེད་པ་གཙོ་ཕལ་གཉིས་དང་།བྱ་ཞེས་པ་བྱ་བ། ལས་ཞེས་པ་བྱ་བ་དངོས་སུ་ཐད་ཀར་འཇུག་ས་དེའོ། །ཡུལ་ནི་དགོས་པའི་ཡུལ་དང་ལས་སུ་བྱ་བའི་ཡུལ་ཡིན། མཁས་འཇུག་ལས། ལས་ནི་འབྲས་ཆན་ལ་སོགས་པའོ། །བྱེད་པོ་ནི་ལྷས་བྱིན་ལ་སོགས་པའོ། །བྱ་བ་ནི་མཚེད་པ་ལ་སོགས་པའོ། །ཞེས་དང་། བསྟན་དར་ལྷ་རམས་པས། ཤའི་ཆེད་དུ་ལུག་གསོད་པར་བྱེད་ཅེས་པའི་སྐབས་སུ་ཤ་བྱ་བའི་ཡུལ་དང་། ལུག་ལས། གསོད་པ་བྱ་བ། བྱེད་ཅེས་པའི་ཚིག་གིས་བྱེད་པ་སྟོན་པ་ཡིན་ཚུལ་ཤེས་པར་བྱའོཞེས་གསུངས། དེའི་སྟབས་ཀྱིས་ནང་དོན་འོག་མ་རྣམས་དང་འབྲེལ་ཆགས་པའི་ཆེད་དུ་ཁོ་པས་དེང་དུས་ཀྱི་བསྒྱུར་བྱའི་མ་ཡིག་ཅིག་ལ་གཞི་བཅོལ་ནས་བྱ་བྱེད་ལས་ཡུལ་བཞི་པོའི་དབྱེ་བ་གསལ་བར་ཕྱེ་ན།乡干部千方百计向人民宣传党的政策ཤང་གི་ལས་བྱེད་པས་ཐབས་བརྒྱ་ཇུས་སྟོང་གིས་ཏང་གི་སྲིད་ཇུས་མི་དམངས་ལ་བསྒྲགས་ལྟ་བུར་མཚོན་ན་ལས་བྱེད་པ་ནི་བྱེད་པ་པོ་གཙོ་བོ་དང་།ཐབས་བརྒྱ་ཇུས་སྟོང་ནི་བྱེད་པ་པོ་ཕལ་པ། མི་དམངས་ནི་ལས་སུ་བྱ་བའི་ཡུལ། སྲིད་ཇུས་ནི་ལས། བསྒྲགས་ནི་བྱ་བ་ཡིན་ཞིང་། འདིར་ཐབས་བརྒྱ་ཇུས་སྟོང་ནི་བྱེད་པ་ཕལ་པར་བཟུང་དོན་ཡང་། དཔའ་རིས་སངས་རྒྱས་ཀྱིས་བྱེད་པ་ཕལ་པ་སྒྲུབ་སྤྱད་ཡིནཞེས་པ་གསུངས་པ་ལྟར། བྱེད་པ་པོ་གཙོ་བོས་བྱ་བ་བྱེད་པའི་སྐབས་སུ་ལག་ཆ་དང་ཐབས། ཤེས་རབ་སོགས་ཀྱིས་བྱེད་པ་པོ་གཙོ་བོའི་ལས་ཀའི་རྒྱབ་བསྐྱོར་ནས་བསྒྲུབས་པས་ན་བྱེད་པ་ཕལ་པ་ཡིན་པ་ཀུན་ཀྱིས་ཤེས་སོ། །

གཉིས། གཏན་འཇགས་རང་བཞིན་ལས་ཐོན་པའི་གོལ་ས་རྣམས་བསྣོར་སྒྱུར་གྱི་ཐབས་ལ་བརྟེན་ནས་སེལ་བ།

དེའང་། ལུང་སྟོན་པ་རྟགས་ཀྱི་འཇུག་པར། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་ཚིག་ནི་མིང་དང་ཕྲད་ཀྱི་འབྲས་བུར་གྲུབ་ཅིང་། རྗོད་བྱེད་མིང་རྣམས་སྔ་ཕྱི་གང་རུང་དུ་བཏགས་ཏེ་དོན་ལ་གོལ་ས་མེད་པར་གང་བདེ་ཅི་བདེས་ཚིག་ཏུ་འགྲུབ་པར་བྱ་དགོས་པ་ལས། སྒྲུབ་བྱེད་མིང་རྣམས་ལ་གཏན་འཇགས་རང་བཞིན་གྱི་གོ་རིམ་ཡོད་པ་མིན།འོན་ཀྱང་དེང་དུས་གཞུང་ཡིག་གི་ཁ་བྱང་དང་འཕྲེད་དར་གྱི་ནང་དོན་སོགས་སྒྱུར་བའི་སྐབས་སུ། ལ་ལས་ནང་དོན་ལ་མ་གཞིགས་པར་རྡོར་ཕུར་བཙུགས་ཀྱི་ཨ་འཐས་བཅངས་ནས་དབུ་འཁྲིད་ཀྱི་མིང་དང་ཚན་པའི་མིང་སོགས་བྱེད་པ་པོ་ཚིག་གི་མགོ་རུ་ངེས་པར་འཇོག་པའི་སྣང་ཚུལ་ཞིག་འདུག་པ་ནི་ཚང་མའི་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་འདུག དཔེར་ན། **办事处开展争做新时代新女性宣传活动ཞེས་པར། **དོན་གཅོད་ཁྲུའུ་ཡིས་དུས་རབས་གསར་པའི་བུད་མེད་བཟང་པོ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་ཞེས་སུ་བསྒྱུར། འདི་ལྟ་བུའི་བུ་ཡིག་ལས་གོལ་ས་ཕྱུང་ན། བྱེད་སྒོ་དང་བུད་མེད་བཟང་པོ་སྟེ་ལས་གཉིས་ཐོན་ནས་བྱེད་པ་པོས་ལས་གང་ཞིག་སྒྲུབ་ཀྱིན་ཡོད་པ་གསལ་ཆ་མེད་པའམ། བུད་མེད་བཟང་པོ་བྱེད་མཁན་སུ་དང་བྱེད་སྒོ་སྤེལ་མཁན་སུ་ཡིན་བདེན་ཆ་མི་འདུག་གོ །གོང་དང་འདྲ་བར། **书记调研市放管服改革先进经验ཞེས་པར།ཧྲུའུ་ཅི**གིས་གྲོང་ཁྱེར་གྱིགློད་སྡོམ་ཞབས་གསུམལ་བསྒྱུར་བཅོས་བྱེད་པའི་སྔོན་ཐོན་ཉམས་མྱོང་ལ་རྟོག་ཞིབ་བྱས་པ་ཞེས་སུ་བསྒྱུར་ན། བསྒྱུར་བཅོས་བྱེད་མཁན་སུ་དང་རྟོག་ཞིབ་བྱེད་མཁན་སུ་ཡིན་པ་ཁ་གསལ་པོ་མེད་པར་ཀློག་པ་པོའི་ཕྱོགས་བསླད་པའི་རྒྱུ་རུ་གྱུར་ཅིང་། ཚིག་འདི་དང་འདྲ་བར་རྒྱ་སྐད་དུ་歧义句ཞེས་བརྗོད། འདི་དང་འདི་ལྟ་བུའི་སྣང་ཚུལ་གྱི་འབྱུང་སའི་ཁུངས་ནི་འགོ་འཁྲིད་དམ་ཡང་ན་ཚན་པར་ཁ་ཐེར་ཐེར་གྱིས་སྤྲེལ་ལད་ཀྱི་ཚུལ་དུ་ཞུགས་ནས་དེ་གཉིས་པོའི་མིང་མངོན་ཇེ་ཆེར་གཏོང་སྟངས་ཤིག་གམ། ཡང་ན་རང་གི་བློ་ཡི་ར་བ་ཆུང་ཆུང་དེར་ཅི་སྣང་བའི་ཆ་དེ་ལས་གཞན་བདེན་པར་མི་སེམས་པར་གང་འདོད་གང་བྱུང་དུ་བྱ་བྱེད་ལས་ཡུལ་རྣམས་ཀྱི་གོ་རིམ་ལ་ངེས་སྲོལ་ལྟ་བུ་ཞིག་བཙན་གྱིས་བཞག་པའི་སྐྱོན་ལས་མ་འདས་སོ། །དཀར་ལེབ་དྲུང་ཡིག་གིས། སུམ་རྟགས་ཐེ་ཚོམ་སེལ་བྱེད་ལས། །ཐེ་ཚོམ་སློང་བའི་གཞུང་ལུགས་མིན། །ཞེས་དང་། དེང་གི་བརྡ་སྤྲོད་སྨྲ་བའི་མཆོག་ལྕགས་ཐར་རྒྱལ་གྱིས། རང་རེའི་སྐད་ཆ་རུ་ཐ་སྙད32ཀྱིས་ཚིག་རྐྱང་པ་མི་མཐུན་པ14700བཟོ་ཐུབཅེས་གསུངས་པ་ལྟར། ནང་དོན་ལ་ཐེ་ཚོམ་དང་གོལ་ས་མ་ཐོན་ན། བྱབ་ཆུང་གི་བློ་དེའི་རིགས་རིང་དུ་དོར་ནས་བྱ་བྱེད་ལས་ཡུལ་སོགས་ཚིག་སྔ་མ་དང་ཕྱི་མར་གང་འདོད་དུ་གདགས་དགོས་ཤིང་།དཔེར་ན། བོད་ཀྱི་ཁ་དཔེར་ནམ་ཚོད་བྱ་ཕོས་བཟུང་། །རྒྱལ་ཁ་བོང་བུས་བླངས། །ཞེས་པར་མཚོན་ན་ནམ་ཚོད་དང་རྒྱལ་ཁ་ནི་ལས་ཡིན་ནའང་སྔོན་དུ་བཞག་པ་དང་། ས་སྐྱ་ལེགས་བཤད་དུ་སེང་གེ་སྟོབས་དང་ལྡན་ན་ཡང་། །རི་བོང་བློ་དང་ལྡན་པས་བསད། །ཅེས་ལས་ཏེ་སེང་གེ་ཚིག་གི་མདུན་དུ་བཞག་པ།རིར་རྔོན་པས་རི་དྭགས་བསད་ལྟ་བུ་ལ་རི་དྭགས་རྔོན་པས་རིར་བསད་ཅེས་དང་། རྔོན་པས་རི་དྭགས་རིར་བསད་ཅེས་དང་། རྔོན་པས་རིར་རི་དྭགས་བསད་ཅེས་པ་ལྟ་བུ་བྱེད་ལས་ཡུལ་གསུམ་གོ་རིམ་གཅིག་རྐྱང་དུ་མ་ངེས་པར་བོད་ཀྱི་སྐད་དུ་འབོད་སྲོལ་ཤིན་ཏུ་མང་ངོ། །ཞར་དུ་བྱ་བྱེད་ལས་ཡུལ་དང་མ་འབྲེལ་བའི་བསྒྱུར་གྱི་བུ་ཡིག་ནོར་བ་འགའ་གླེང་བར་བྱ་སྟེ།xx县新型冠状病毒感染的肺炎疫情工作领导小组办公室ཞེས་པར། xx རྫོང་གི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ལས་ཀའི་འགོ་འཁྲིད་ཚོགས་ཆུང་གཞུང་དོན་ཁང་ཞེས་བསྒྱུར་ན་ཏོག་དབྱིབས་ནད་དུག་གསར་པ་དེ་ནི་རྫོང་ག་གེ་མོའི་ཡིན་པ་དང་འགོ་འཁྲིད་ཚོགས་ཆུང་དེ་ས་གང་གི་ཡིན་མིན་མི་གསལ་བ་སོགས་ཀྱི་འཁྲུལ་བ་མང་བ་དང་།**县庆祝中国共产党成立95周年文艺晚会 ཞེས་པར། **རྫོང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ཞེས་བསྒྱུར་ན་བྱ་བྱེད་ལས་གསུམ་དབྱེ་མི་ཤེས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དེ་རྫོ་ག་གེ་མོ་དེ་ཁོ་ནའི་ཡིན་པའི་བཟོ་ལས་རིག་རྩལ་མཚན་ཚོགས་འདི་སུས་གཉེར་བའང་མི་གསལ་བས། དེའི་དོན་དུ་ནམ་རྒྱུན་དུ་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་འབད་ཁར་སྐད་ཆའི་ཉམས་ལ་དབྱེ་ཞིབ་མང་ཙམ་བྱས་ཏེ། གོལ་ས་རྣམས་བྲག་བརྡབས་ཆུ་བཤལ་གྱིས་དག་པར་སེལ་རྒྱུ་ནི་གལ་འགངས་ཤིན་ཏུ་ནས་ཆེ་ཞིང་། གོང་གི་མཛད་ཕྱོགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་རྣམས་མི་དམངས་ལ་སྒྲོག་སྐབས་དོན་གྱི་འཁྲུལ་བ་མི་ཐོན་པར་བརྩོན་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་འགྱུར་བཞིན་མཆིས་སོ། ། དེ་བས་གོང་གི་དཔེར་བརྗོད་དེ་རྣམས་ཀྱི་བུ་ཡིག་གི་གོལ་ས་སེལ་བར་བསྣོར་སྒྱུར་གྱི་ཐབས་ལ་བརྟེན་ན་ཅུང་ལེགས་པར་འདོད་དེ།བསྣོར་སྒྱུར་ཞེས་པ་ནི་སྒྱུར་གྱི་ཐབས་རྩལ་བྱེ་བྲག་པ་སྨྲ་བའི་སྐབས་སུ་བསྟན་པའི་ཐབས་ལམ་ཆེ་གྲས་ལྔ་ཡི་ཡ་གྱལ་ཞིག་སྟེ། བྱ་བྱེད་ལས་ཡུལ་སོགས་ཀྱི་གོ་རིམ་བསྣོར་ནས་སྒྱུར་བའི་ཐབས་ཤིག་ཡིན། གཞུང་ལས། རྒྱ་གར་སྐད་ཀྱི་གོ་རིམ་ལས་མི་བསྣོར་བ་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མི་བསྣོར་བར་སྒྱུར་ཅིག་ཅེས་དང་། དམ་པའི་ཆོས་རྣམས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་གསུངས་པ་ལྟར། ལོ་ཙྰ་བྱེད་པའི་བརྒྱུད་རིམ་ནང་མ་ཡིག་གི་གོ་རིམ་བཞིན་བཞག་ན་བུ་ཡིག་ལ་དོན་ཞིག་མི་ཆགས་པའི་སྐབས། བསྟན་བྱའི་དོན་ལས་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་རྗོད་བྱེད་མིང་སོགས་ཀྱི་གོ་རིམ་བསྣོར་བའམ་བརྗེས་ཏེ་བསྒྱུར་དགོས་ཤིང་། སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་རྒྱན་གྱི་སྤེལ་སྟངས་སོགས་ལ་ཅིས་ཀྱང་བསྟུན་དགོས་སོ། །དཔེར་ན་གོང་གི **办事处开展争做新时代新女性宣传活动ཞེས་པར། དུས་རབས་གསར་པར་བུད་མེད་བཟང་པོ་བྱེད་ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་**དོན་གཅོད་ཁྲུའུ་ཡིས་སྤེལ་ཞེས་བྱེད་པ་པོའི་གནས་ཀྱི་གོ་རིམ་བསྣོར་བ་དང་།**书记调研市放管服改革先进经验ཞེས་པར།གྲོང་ཁྱེར་གྱིགློད་སྡོམ་ཞབས་གསུམལ་བསྒྱུར་བཅོས་བྱེད་པའི་སྔོན་ཐོན་ཉམས་མྱོང་ལ་དྲུང་ཆེཧྲུའུ་ཅི**གིས་རྟོག་ཞིབ་བྱས་ཞེས་བྱེད་པ་པོའི་གནས་ཀྱི་གོ་རིམ་བསྣོར་བ། xx县新型冠状病毒感染的肺炎疫情工作领导小组办公室ཞེས་པར། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལས་ཀའི་xxརྫོང་གི་འགོ་འཁྲིད་ཚོགས་ཆུང་གཞུང་དོན་ཁང་ཞེས་འབྲེལ་གཞིའི་གོ་རིམ་བསྣོར་ཏེ་འབྲེལ་ཆོས་དང་ཐག་ཇེ་ཉེར་བཏང་བ།**县庆祝中国共产党成立95周年文艺晚会 ཞེས་པར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར**རྫོང་གིས་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ཞེས་བྱ་བྱེད་ལས་གསུམ་ཁ་གསལ་དུ་ཕྱེ་ཞིང་བྱེད་པ་པོའི་གོ་རིམ་བསྣོར་བ་ལྟ་བུའོ། །སྤྱིར་འཛམ་བུ་གླིང་འདིར་སྐད་ཡིག་མི་འདྲ་བ་མང་དུ་མཆིས་ལ་སོ་སོའི་བརྡ་སྤྲོད་ལུགས་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཞུགས་ཡོད། འོན་ཏེ་ལོ་ཙྰ་བྱེད་པའི་བརྒྱུད་རིམ་དུ་མ་རྩོམ་གང་གི་སྒྲིག་གཞི་ལྟར་མགོ་ནས་མཇུག་བར་མ་བསྣོར་བར་ཤར་མར་བསྒྱུར་བའི་གཤིས་ཤིག་ཕལ་ཆེར་སུ་ལའང་ལྡན་མི་སྲིད་ལ། འཛམ་གླིང་འཛིན་མའི་གཙུག་ཏོར་འདི་རུ་ཞབས་ཀྱིས་བཅགས་མྱོང་བའི་སྔོན་བྱོན་ལོ་པཎ་དམ་པ་ཚོས་དཀའ་བ་ཁྱད་དུ་བསད་ནས་སྐུ་ཚེ་ཧྲིལ་པོའི་ཐུགས་ནུས་ལོ་ཙྰའི་ཕྲིན་ལས་ལ་སྐྱེས་སུ་ཕུལ་བའི་མཛད་པ་རླབས་པོ་ཆེ་རྣམས་ང་ཚོས་གོ་མེད་ཚོར་མེད་ཀྱིས་འཐོར་གྱར་དང་བོར་བརླག་ཏུ་བཏང་ན་བསོད་ནམས་ཀྱི་བགོ་སྐལ་རྡོག་རོལ་དུ་གཏོང་བ་མ་ལགས་སམ། །

གཉིས་པ། བྱ་བ་བརྗོད་པའི་མིང་ལས་གྲུབ་པའི་ཆོས་ཅན་བརྗོད་པའི་མིང་གི་དག་ཆ་འབྲི་སྟངས་སྐོར།

གཅིགབྱ་བ་བརྗོད་པའི་མིང་དང་ཆོས་ཅན་བརྗོད་པའི་མིང་རགས་པར་ངོས་འཛིན་པ།

ཆོས་རྗེ་ས་པཎ་གྱིས། དངོས་སུ་བརྗོད་འདོད་མི་སྟོན་ཅིང་། །བརྗོད་པ་ཀུན་གྱི་གཞིར་གྱུར་པ། །ཡི་གེ་འདུས་པའི་བདག་ཉིད་ཅན། །དོན་གྱི་ངོ་བོ་བརྡ་སྤྲོད་པ། །མིང་ཡིན་དེ་ཡི་ཁྱད་པར་དག །སྟོན་པ་ཚིག་ཅེས་རབ་ཏུ་བཤད། །ཅེས་གསུངས་པ་ལྟར་དོན་གྱི་ངོ་བ་ཙམ་སྟོན་པའི་མིང་འགྲུབ་པའི་རྒྱུ་ནི་ཡི་གེ་ཡིན་ཞིང་། དེའི་དབྱེ་བ་ལ་སྐད་རིགས་གཞན་དང་མཚུངས་པར་རང་སྐད་དུའང་ཆོས་ཅན་བརྗོད་པའི་མིང་དང་། ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་། འཇལ་བྱེད་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། ཤུགས་འདོན་པའི་མིང་། ངེས་བཟུང་གི་མིང་། གསལ་བྱེད་ཀྱི་མིང་བཅས་རིགས་ཆེ་བ་བརྒྱད་ཡོད། སྐབས་སུ་བབས་པའི་བསྟན་བྱའམ་བྱ་བ་བརྗོད་པའི་མིང་ཞེ་ན། ཐོན་མིའི་ཞལ་ལུང་དུ་བསྟན་པའི་ལས་ཚིག་ཅེས་པ་དེ་དང་མཚུངས་ཤིང་། སེམས་ཅན་གྱི་རྩོལ་བ་དང་སེམས་མེད་ཀྱི་འགྱུར་བ་སོགས་མཚོན་པར་བྱེད་པའི་མིང་ཇི་སྙེད་པ་ཞིག་ཡིན་ཏེ། བྱས་དང་། བསྒྲུབ། བསྙུངས། གཏང་། སངས། འགྱུར། འདུལ།སློབ་པ། བསྟན་པ། འགྲོ་བ་སོགས་ལྟ་བུ་དང་། ཆོས་ཅན་བརྗོད་པའི་མིང་ཞེ་ན།སེམས་ཅན་དང་། བེམ་པོ། ཅ་དངོས། འདུ་ཤེས། ཐབས་ཤེས་སོགས་ངོ་བོ་ཙམ་སྟོན་པའི་མིང་གི་ཚོགས་ཏེ། སློབ་སྦྱོང་དང་།བྱེད་པ་པོ།སྟགཆ་སྒམ། སྐད་ཆ། ང་རྒྱལ། སངས་རྒྱས། སྐུལ་འདེད་སོགས་ཡིན་ཞིང་། བྱ་བ་དང་། ཆོས། གྲངས་ཀ་སོགས་བརྗོད་པའི་མིང་གི་སྦྱར་གཞིར་གྱུར་བའི་མིང་གི་རིགས་ཤིག་ཡིན། བྱ་བ་བརྗོད་པའི་མིང་དང་ཆོས་ཅན་བརྗོད་པའི་མིང་གི་དབར་ལའང་རྟེན་ཅིང་འབྱུང་བའི་འབྲེལ་བར་གྱུར་བ་ཤིན་ཏུ་མང་ཞིང་། ཤེས་བྱའི་རྣམ་གྲངས་ལ་མཐའ་མེད་པས་དེ་ལྟ་བུའི་མིང་གི་གྲངས་ལའམ་མཐའ་མེད་དོ། ། ང་ཚོས་ཆོས་ཅན་བརྗོད་པའི་མིང་གསར་པ་ཇི་ཙམ་བཟོ་ཐུབ་ན་དེ་ཙམ་གྱིས་ང་ཚོའི་སྐད་ཡིག་དེར་གསོན་ཤུགས་འཕེལ་བ་སྨོས་མི་དགོས་ཀྱང་། ལུགས་མཐུན་གྱིས་དག་ཆ་ཞིག་མ་སྤྱད་པར་གཡག་རྭ་རྟ་མགོར་སྦྱོར་བའི་དཔེ་ལྟར་གང་འདོད་དུ་བྲིས་ན་རང་ཅག་གི་བརྡ་ལ་དབང་ཟ་བ་ལས་མི་འདས་ལ། སྣག་ཤོག་གི་མཐུན་རྐྱེན་འཛོམས་ཙམ་གྱིས་གང་དྲན་དུ་མིང་གི་དག་ཆ་ཞིག་གཏན་ལ་ཕབ་ན་དཔྲལ་ཀོ་མཐུག་པོའི་ལག་རྩེད་དུ་འགྱུར་བར་མ་ཟད། ཕྱི་རབས་པ་རྣམས་ལ་ཡང་དག་ཆའི་ཐད་ལ་དཀའ་ཁག་ཇི་སྙེད་པ་ཞིག་འཕྲད་ངེས་སོ། །

     གཉིས། དེང་གི་སྒྱུར་ཚུལ་དང་འབྲེལ་ནས་བྱ་བ་བརྗོད་པའི་མིང་ལས་ཆོས་ཅན་བརྗོད་པའི་མིང་སྒྲུབ་ཚུལ་མདོར་བསྟན་པ།

     དེང་གི་དུས་སྐབས་སུ་ལོ་ཙྰ་བ་ནི་ཆུ་ཚན་བརྡོལ་བ་བཞིན་མང་ནས་མང་དུ་འགྲོ་བཞིན་པའི་བསྐལ་བ་བཟང་པོ་ཞིག་སླེབས་པར་དགའ་སྤྲོ་ལོས་ཀྱིས་སྐྱེད། འདི་བཞིན་བསྒྱུར་གྱི་སྤུས་ཀ་ཡང་བཟང་ངན་ཅི་རིགས་ཐོན་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་རེད། ཡིན་ནའང་ལོ་ཙྰ་བའི་མིང་ཅན་ལ་ལས་བསྒྱུར་གྱི་ཡོན་ཕྲན་བུར་དམིགས་པའམ་བསྒྱུར་གྱི་ལས་ཀ་དེ་ལས་སླ་མོར་བསྒོམས་ཤིང་། རང་སྐད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་མ་གཞིགས་པར་ཁྲལ་སེལ་སླ་བཅོས་བྱས་ཏེ། རྫོབ་རྟགས་སྣ་ཚོགས་བསྟན་ནས་རང་རིགས་ཀྱི་སྐད་ཡིག་འདི་ཉིད་སྲིན་གྱིས་ཟོས་པའི་ཕོ་ལོང་བཞིན་འགྱུར་བའི་སྐྱོ་གར་དངོས་ཀྱང་མཐོང་རྒྱུ་འདུག་གོ །དཔེར་ན། རྒྱ་བོད་ཤན་སྦྱར་མིང་མཛོད་དུ新建ལ་གསར་སྐྲུན་ཞེས་འཁོད་པར་ལྟར། 单位自行新建的房屋ཞེས་པར་ཚན་པ་རང་ཉིད་ཀྱིས་གསར་སྐྲུན་བྱས་པའི་ཁང་པ་ཞེས་སུ་བསྒྱུར། འོ་ན་ཁྱོད་ཀྱིས་བསྒྱུར་བའི་གསར་སྐྲུན་དེ་ཆོས་ཅན་བརྗོད་པའི་མིང་དུ་བཞག་ན། དེ་ལ་གསར་བསྐྲུན་དང་གསར་བསྐྲུནད་སོགས་མ་བྲིས་དོན་ཅི། ཡང་རྒྱ་བོད་ཤན་སྦྱར་མིང་མཛོད་དུ派出ལ་མངག་གཏོང་ཞེས་འཁོད་པར་ལྟར། 上级派出工作组ཞེས་པར་གོང་རིམ་གྱིས་ལས་དོན་ཚོགས་ཆུང་མངག་གཏོང་བྱས་ཞེས་སུ་བསྒྱུར། འོ་ན་ཁྱོད་ཀྱིས་བསྒྱུར་བའི་མངག་གཏོང་དེ་ཆོས་ཅན་བརྗོད་པའི་མིང་དུ་བཞག་ན། དེ་ལ་མངགས་གཏོང་དང་མངགས་བཏང་སོགས་མ་བྲིས་དོན་ཅི། ཡང་ལ་ལས་བྱ་བ་བརྗོད་པའི་མིང་ལ་བརྟེན་ནས་ཆོས་ཅན་བརྗོད་པའི་མིང་སྒྲུབ་སྐབས་བྱ་བ་བརྗོད་པའི་མིང་ཚང་མ་ད་ལྟ་བ་བྲི་དགོས་ལུགས་སྨྲ་བཞིན་འདུག གང་ལྟར་དེ་དག་ཚང་མ་ནི་དཔྱད་པ་མི་གཏོང་བར་གཡམ་ལ་རྒྱུགས་པ་ཁོ་ན་ཡིན་ཞིང་། ད་དུང་མུ་མཐུད་དེ་ལས་སྟངས་འདི་རང་སྤྱད་ན། སྔར་གྱི་མཉམ་སྒྲོག་དང་མཉམ་བསྒྲགས་དབར་གྱི་རྩོད་གཞི་ལྟར་མང་ནས་མང་དུ་སོང་སྟེ་རང་སྐད་དེ་གཏད་ས་མེད་པ་ཞིག་ཏུ་འགྱུར་རྒྱུར་གོར་མ་ཆག་གོ །འོ་ན་བྱ་བ་བརྗོད་པའི་མིང་ལ་བརྟེན་ནས་ཆོས་ཅན་བརྗོད་པའི་མིང་གསར་པ་ཇི་ལྟར་བཟོ་དགོས་སམ་ཞེ་ན། དཀའ་ཆེན་བསྟན་འཛིན་འཇིགས་མེད་དབང་ཕྱུག་གིས། །གངས་ཅན་བོད་ཀྱི་སྐད་ལ་ནི། །མིང་གི་འདོགས་ཚུལ་དུ་མ་ཡོད། །བྱེད་ཚིག་ལས་སམ་བྱ་ཡུལ་དང་། །བྱ་བ་བྱས་པའི་འབྲས་བུ་དང་། །སྐུལ་ཚིག་བརྗོད་ཚུལ་སྒོ་ནས་དང་། །བྱ་བྱེད་གང་དུ་མི་གཏོགས་པའི། །མིང་གི་བརྗོད་ཚུལ་ལྔ་ཡོད་དོ། །ཞེས་དང་། བསྟན་དར་ལྷ་རམས་པས། བོད་སྐད་ཀྱིས་མིང་འདོགས་ཚུལ་དུ་མ་ཡོད་དེ། བྱེད་ཚིག་གི་སྒོ་ནས་བརྗོད་ཚུལ། ལས་སམ་བྱ་བའི་ཡུལ་གྱི་སྒོ་ནས་བརྗོད་ཚུལ། བྱ་བ་བྱས་པའི་འབྲས་བུའི་སྒོ་ནས་བརྗོད་ཚུལ། སྐུལ་ཚིག་གིས་བརྗོད་ཚུལ། བྱ་བྱེད་སོགས་གང་དུ་ཡང་མི་གཏོགས་པའི་བརྗོད་ཚུལ་སོགས་ཡོདཅེས་དང་། དཔའ་རིས་སངས་རྒྱས་ཀྱིས་དངོས་པོའི་མིང་དུ་གྲུབ་པའི་བྱ་བའི་མིང་ལ་དུས་ཀྱི་རྣམ་གཞག་ཡོད། བྱེད་པའི་དངོས་པོར་འཇུག་པ་ལ་ད་ལྟ་བ་ཐོབ། ལས་ཀྱི་དངོས་པོར་འཇུག་པ་ལ་མ་འོངས་པ་ཐོབ། འབྲས་བུའི་དངོས་པོར་འཇུག་པ་ལ་འདས་པ་འཇུག་པ་དང་འདས་པའི་སྔོན་འཇུག་བསུབས་ནས་འཇུག་པ། མི་མཐའ་བརྗེས་པའམ་དོར་ནས་འཇུགསོགས་གསུངས་པ་ལྟར། བྱ་བ་བརྗོད་པའི་མིང་ལ་བརྟེན་ནས་ཆོས་ཅན་བརྗོད་པའི་མིང་རྣམས་འབྲི་སྐབས་བྱ་བའི་མིང་ལ་དུས་གསུམ་སྐུལ་ཚིག་དང་དེ་མིན་གྱི་རྣམ་གཞག་མཆིས་པས་ཤ་གཟུགས་ཟ་རྐྱང་གིས་བྱུང་རྒྱལ་དུ་བྲིས་ན་མི་རིགས་སོ། །

དེའང་། བྱ་བ་བརྗོད་པའི་མིང་ལ་བརྟེན་ནས་ཆོས་ཅན་བརྗོད་པའི་མིང་གསར་དུ་བཟོ་སྐབས། བྱེད་པའི་སྒོ་ནས་འདོགས་པ་དང་ལས་ཀྱི་སྒོ་ནས་འདོགས་སྐབས་ནི་བདག་གཞན་གྱི་དབྱེ་བ་ལྟར་དུ་སོང་ན་སླ་བར་མཐོང་སྟེ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས། ལས་སུ་བྱ་བ་གང་ཞིག་བྱེད་པ་དང་། །བྱེད་པ་པོ་དང་བྱེད་པའི་ལས་རྣམས་ལ། །དངོས་པོ་བདག་ཅེས་བྱ་སྟེ་རིམ་པ་བཞིན། །ཞེས་དང་། བྱ་བའི་ཡུལ་དང་བྱ་བའི་ལས་ལ་ནི། །དངོས་པོ་གཞན་ཞེས་བྱ་སྟེ་རིམ་པ་བཞིན། །ཞེས་གསུངས་པ་ལྟར། དངོས་པོ་བདག་གམ་བྱེད་པའི་སྒོ་ནས་ཆོས་ཅན་བརྗོད་པའི་མིང་འདོགས་སྐབས་དུས་ད་ལྟ་བ་སྤྱད་དགོས་པ་སྟེ། མིའི་མིང་དང་། ཚོགས་པའི་མིང་། ཚན་པའི་མིང་། འཕྲུལ་འཁོར་གྱི་མིང་། འཕྲུལ་ཆས་ཀྱི་མིང་། ཡོ་བྱད་ཀྱི་མིང་། ཐབས་ཤེས་ཀྱི་མིང་སོགས་ད་ལྟ་བ་སྦྱར་ན་གནད་ལ་འཁེལ་ཐུབ་སྙམ། དཔེར་ན། ཉེན་རྟོག་པ། རྟོག་ཞིབ་ཚོགས་ཆུང་། མངག་གཏོང་ཁང་། ལྡུག་འཁོར།装载机སེན་གཏུབ།  མེ་གསོད་ཆས།སྒྱུར་ཐབས་ལྟ་བུ་དང་། དངོས་པོ་གཞན་ནམ་ལས་ཀྱི་སྒོ་ནས་ཆོས་ཅན་བརྗོད་པའི་མིང་འདོགས་སྐབས་དུས་མ་འོངས་པ་སྤྱད་དགོས་པ་སྟེ། ཡུལ་གྱི་མིང་དང་། ལས་ཀྱི་མིང་ལ་མ་འོངས་པ་སྦྱར་ན་གནད་ལ་འཁེལ་ཐུབ་སྙམ། དཔེར་ན། རླངས་འཁོར་གཞག་ས་དང་། འཇུག་ས་འཇུག་ཡུལ། བསྒྲག་བྱའི་བསྒྲག་ཚིག བསླབ་བྱ་བསླབ་གཞི་ལྟ་བུ་ཡིན། ཡང་ལ་ལས་རྣམ་དབྱེ་གཉིས་པའི་ཡུལ་དེ་བདག་གཞན་གང་དུའང་མི་གཏོགས་ཞེས་རྗོད་ཀྱིན་ཡོད་ཀྱང་།དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས། ཤིང་གཅད་ས་དང་། གཅད་བྱའི་ཤིང་། གཅད་པར་བྱ་སོགས་དངོས་པོ་གཞན་ལ་བཞག་པདང་། དཔའ་རིས་སངས་རྒྱས་ཀྱིས། ཤིང་བཟོས་སྟ་རེས་ནགས་ཚལ་དུ། །སྡོང་པོ་བཅད་ནས་ཆོད་པ་ལས། །ནགས་ཚལ་སྡོང་པོ་ཆོད་པ་གསུམ། །གཞན་གྱི་ཁོངས་སུ་གཏོགས་པའོ། །ཞེས་གསུངས་ཡོད་པས། གལ་ཏེ་རྣམ་དབྱེ་གཉིས་པའི་ཡུལ་དེ་དངོས་པོ་གཞན་གྱི་ཁོངས་སུ་བཞག་ན་ནི་ཡུལ་འབྲི་བའི་སྐབས་སུ་ཐུན་མོང་དུ་དག་ཆ་ངེས་ཅན་ཞིག་ཐོན་པའི་དགེ་མཚན་དུ་མཐོང་སོང་ངོ།། ཡང་ལ་ལས་རླངས་འཁོར་སོགས་འཇོག་ས་ཞེས་པ་ལས་གཞག་ས་ཞེས་བརྗོད་ན་སྐད་དང་མི་མཐུན་པའི་སྐོར་གླེང་མཁན་ཡང་འདུག་པ་དེ་དག་ནི་ཡུལ་ལུང་འཐེན་འཁྱེར་གྱིས་བཟི་བ་ཙམ་ལས་མི་འདས་ཤིང་། ཁྱོད་ཀྱི་ལུང་པའི་སྐད་དུ་ན་རོ་འཇུག་པ་མང་ནའང་ལུང་པ་གཞན་ལ་ན་རོ་ཉུང་བའི་ཚུལ་ཡང་ཡོད། དཔེར་ན། གཙང་ཁུལ་དུ་རླངས་འཁོར་གཞག་ས་དང་། ལྷ་ས་བས་རླངས་འཁོར་གཞའ་ས། ཁམས་ཁུལ་དུ་རླངས་འཁོར་གཞག་ས། ནག་ཆུ་བས་རླངས་འཁོར་གཞའ་ས། ཨ་མདོ་བས་རླངས་འཁོར་འཇོག་ས་སོགས་སྐད་མང་དུ་ཡོད་ཀྱང་ང་ཚོས་ཡི་གེར་འབེབ་སྐབས་གཞུང་ལུགས་ལ་བསྟུན་རྒྱུ་ནི་གལ་ཆེ་བར་འདོད་དོ། །དེ་མིན་གྱི་མིང་འདོགས་ཚུལ་ནི་ཅུང་དཀའ་བས་གུས་པས་ཀྱང་རྨོངས་ཚོད་དུ་ཚིག་གིས་ཐག་བཅད་ན་ལྷག་པར་མི་འགྲིག་པས། བློ་ཡིས་ལེགས་པར་གཞིགས་ནས་གདགས་དགོས་པ་ལས་གང་དྲན་དུ་བཏགས་ན་འཕྱོན་མའི་བུ་བཞིན་སུ་གང་གི་ཡིད་ཆེས་དཀའ་བར་འགྱུར་ངེས། འདིར་འབྲས་བུའི་སྒོ་ནས་བཏགས་པའི་ཆོས་ཅན་བརྗོད་པའི་མིང་ལ་བྱ་བ་བརྗོད་པའི་མིང་གི་འདས་པ་ཐོབ་པའི་དཔེ་ཁག་ཅིག་རང་བློས་དཔོག་ཚོད་ཀྱིས་བསྟན་ན། ཕྱོགས་བསྡུས། བསྡོམས་འབོར། ཀོ་བ་བཅོས་མ人造革 བསྲེགས་ཟས་ལྟ་བུར་བྲིས་ན་ཆོག་སྙམ། གཞན་ཡང་། བསྟན་དར་ལྷ་རམས་པས་བྱ་བྱེད་སོགས་གང་དུ་ཡང་མི་གཏོགས་པའི་མིང་གི་དཔེར་བརྗོད་ལ་ཚོང་པ་དང་དུལ་བ་སོགས་དང་། སྐུལ་ཚིག་གིས་བཏགས་པའི་མིང་གི་དཔེར་བརྗོད་ལ་འགུལ་ཆིངས་དང་། ཡིད་སྲུབས་སོགས་བཞག་ཡོད་པས། མིང་འདོགས་སྟངས་འདིའི་རིགས་ལ་ང་ཚོས་ངེས་པར་སློབ་སྦྱོང་དང་དབྱེ་ཞིབ་བྱ་དགོས་སོ། །

གསུམ། དེང་སྐབས་སྤྱོད་བཞིན་པའི་ཆོས་ཅན་བརྗོད་པའི་མིང་འགའ་ཞིག་དཔེ་མཚོན་དུ་བཀོད་དེ་རང་ལུགས་བསྟན་པ།

ང་ཚོས་རྒྱུན་དུ་མཐོང་བའི་ཆོས་ཅན་བརྗོད་པའི་མིང་སྟེ། སྒྱུར་བཅོས་དང་བསྒྱུར་བཅོས། གསར་སྐྲུན་དང་གསར་བསྐྲུན། མངག་གཏོང་དང་མངགས་གཏོང་། ཕྱིར་འཚོང་དང་ཕྱིར་ཚོང་སོགས་ལས་གང་ཞིག་ཡང་དག་ཡིན་མིན་དང་། མིང་གི་འདོགས་ཐབས་གང་ཞིག་སྤྱད་དགོས་མིན་ཐད། བློ་དམན་བདག་གིས་དཔྱད་འབྲས་དག་མ་ཞིག་འདོན་མ་ཐུབ་ཀྱང་། དེ་དག་ནི་མིང་འདུས་མ་ཡིན་པས་སྡུད་སྟངས་སོགས་ཀྱི་ཐོག་ནས་དཔྱད་པ་ཞིག་བཏང་ན། སྒྱུར་བཅོས་དང་བསྒྱུར་བཅོས་ལས་གཉིས་པ་ཡང་དག་པར་མཐོང་སྟེ། བསྒྱུར་བཅོས་ནི་བསྒྱུར་ཏེ་བཅོས་པའི་དོན་ཡིན་གྱི། རྡོ་དགོན་གསང་བདག་རྡོ་རྗེས། ལྷག་བཅས་ཕྲད་ལ་བརྟེན་ནས་བྱ་བས་བྱ་བ་འདྲེན་སྐབས་བྱ་བ་སྔ་མ་འདས་པ་ཡིན་དགོསཞེས་གསུངས་པས་སོ། །ཅི་སྟེ་ཁྱོད་ཀྱིས་སྒྱུར་བཅོས་ནི་སྒྱུར་གྱིན་དུ་བཅོས་ཅེས་པ་འདུས་པ་ཡིན་བརྗོད་ན། བྱ་བ་སྔ་མ་སྒྲུབ་མ་ཚར་བར་ཕྱི་མ་བསྒྲུབས་ཟིན་པའི་དཔེ་མེད་དོ་ཞེས་ལན་འདེབས་རྒྱུ་ལས་མི་འདས་སོ། །ཡང་ཁ་ཅིག་གིས་བཟོ་བཅོས་དང་སྒྱུར་བཅོས་གཉིས་ནི་མིང་གི་འདོགས་སྟངས་གཅིག་ཏུ་ངོས་འཛིན་གྱིན་འདུག་ཀྱང་། དེ་ཡང་མ་ཡིན་ཏེ་བཟོ་བཅོས་ནི་བཟོ་ལྟ་བཅོས་པའི་དོན་ལས་བཟོ་གྱིན་དུ་བཅོས་པའི་དོན་མིན་ནོ། །གསར་སྐྲུན་དང་གསར་བསྐྲུན་ཞེས་པའི་མིང་ཁོ་ནར་བལྟས་སྔ་རྟིང་གང་ཞིག་འགྲིག་མིན་གུས་པས་ཁ་ཚོན་གཅད་མི་ཐུབ། འོན་ཀྱང་གསར་སྐྲུན་བྱས་ཞེས་པ་དང་གསར་བསྐྲུན་བྱས་སོགས་ལྟ་བུ་བྱ་བ་བརྗོད་པའི་མིང་མང་དུ་བསྡེབས་ནས་འབྲི་བ་ནི་དོན་མེད་དུ་བྱ་བ་བརྗོད་པའི་མིང་གི་དག་ཆའི་ཐད་ལ་རྩོད་གཞི་སློང་བ་ཡིན་ཏེ། གསར་དུ་སྐྲུན་ནམ་བསྐྲུནད་སོགས་བྲིས་ན་དེ་བས་གོ་བདེ་ལ་འཁྱེར་བདེ་བ་མ་ཡིན་ནམ། །མངག་གཏོང་དང་མངགས་གཏོང་ནི་མིང་གང་གི་སྦྱར་ཡུལ་ལ་བལྟ་དགོས་པར་སྣང་ཞིང་།གལ་ཏེ派出所སོགས་ཚན་པའི་མིང་ཡིན་ན་མངག་གཏོང་ཁང་ཞེས་བྲི་དགོས་སྟེ་བྱེད་པ་ཡིན་པའི་ཕྱིར། ཡང上级派出工作组ལྟ་བུ་ཡིན་ན། གོང་དུ་གླེང་བ་ལྟར་གོང་རིམ་གྱིས་ལས་དོན་ཚོགས་ཆུང་མངགས་ཅེས་བྱ་བ་བརྗོད་པའི་མིང་གཅིག་གིས་ཚབ་བྱེད་ཐུབ་ཅིང་། གོང་རིམ་གྱིས་ལས་དོན་ཚོགས་ཆུང་མངགམངགསགཏོང་བྱས་ཅེས་ལྐུགས་པས་ཞྭ་མོ་སུམ་བརྩེགས་བརྒྱབ་པ་བཞིན་དོན་མེད་དུ་བྱ་བ་བརྗོད་པའི་མིང་གསུམ་མཉམ་དུ་བསྡེབས་ན་དགོས་མེད་དུ་སྙམ་མོ། །ཕྱིར་འཚོང་དང་ཕྱིར་ཚོང་ཞེས་པ་ལས་སྔ་མ་དག་པར་མཐོང་ཡང་། དངོས་པོ་ཕྱིར་འཚོང་བྱེད་ཅེས་དང་དངོས་པོ་ཕྱིར་འཚོང་བྱས་སོགས་བྱ་བ་བརྗོད་པའི་མིང་གཉིས་མ་བསྡེབས་པར་དངོས་པོ་འཚོང་བའམ་དངོས་པོ་བཙོངས་པ་ཞེས་བྲིས་ན་སྐབས་བབས་ཀྱི་དུས་ལ་བལྟས་ནས་བྱ་བ་བརྗོད་པའི་མིང་གང་ཞིག་སྤྱད་དགོས་པ་ཁ་གསལ་བས་ལེགས་སྙམ་ཞིང་། ཕྱིར་ཞེས་པ་འདིའང་ཟློས་སྐྱོན་དུ་མཐོང་སྟེ་རང་གིས་རང་ལ་ཅ་ལག་འཚོང་བའི་དཔེ་མེད་པས་སོ། །དེ་དང་དེ་འདྲ་བའི་དཔེར་བརྗོད་འགའ་བཞག་ན། ཇག་པ་བརྒྱབ་ལ་རྐུ་འཕྲོག་བྱས། བསྒྲུབས་ཞེས་པར་སྒྲུབབསྒྲུབསགཉེར་བྱས། དཔར་ལ་དཔར་འདེབས་བྱེད། བསྒྲིགས་ལ་རྩོམ་སྒྲིགབསྒྲིགསབྱས། ཉོས་པ་ལ་ཉོ་སྒྲུབབསྒྲུབསབྱས། པར་དུ་བསྐྲུན་ལ་པར་སྐྲུནབསྐྲུནབྱས། བཀྲམ་ལ་འགྲེམའགྲེམསསྤེལ་བྱས་སོགས་རང་སྐད་དུ་བྱ་བ་བརྗོད་པའི་མིང་ལ་བྱ་བྱེད་བྱས་གསུམ་ལས་མེད་སྣང་ཤར་ཏེ་འབྲི་མཁན་མང་དུ་མཆིས་ལ། དེ་ཚོའི་དག་ཆ་ལའང་ཁ་འཆམ་གྲོས་འགྲིག་ཅི་ཡང་མེད་པར་འཐིང་སླད་སུན་འབྱིན་གྱིས་རྩོད་མཁན་ཤིན་ཏུ་མང་། གང་ལྟར་ན་ཡང་།སྔོན་གྱི་མཁས་དབང་ཚོས་བསྟན་པའི་མིང་གི་འདོགས་ཚུལ་ལྟར་ང་ཚོས་གདགས་མ་ཐུབ་ཚེ། བྱ་བ་བརྗོད་པའི་མིང་གི་བར་ཚིག་ཕྲད་སྦྱོར་བའམ། བྱ་བ་བརྗོད་པའི་མིང་གཉིས་ཅན་ནམ་གསུམ་ཅན་རྣམས་མིང་གཅིག་གིས་འཐུས་པར་བྱེད་པ་སོགས་མིང་སྡུད་སྟངས་ཐད་ལ་བརྩོན་པ་ལྷུར་གྱིས་བླང་རྒྱུ་ནི་གལ་ཆེ་བར་མཐོང་ལ། དེ་དག་ལ་ནང་བྱན་ཆུད་པ་ཞིག་བྱུང་ན་དེ་དག་གི་དག་ཆའི་རྩོད་གཞི་ཡང་ཞི་བར་འགྱུར་ཞིང་། བསྒྱུར་ཟིན་པའི་བུ་ཡིག་ཀྱང་རང་སྐད་དང་མཐུན་ཤས་ཆེ་བར་འདོད་དོ། །

མཇུག་གི་གཏམ།

   བུ་ཡིག་ཁུངས་བཙུན་འབྲི་བའི་བློ་མིག་ཅིག་དགོས་ན། །མུ་མེད་བརྡ་དག་ལྷ་ཡི་རྫིང་རིང་གི་དབུས་སུ། །བརྩོན་པའི་གཤོག་ཟུང་བརྐྱང་རྒྱུ་སྙིང་དབུས་སུ་ཆོངས་དང་། །དེ་ལས་ལྷག་པའི་ཡིད་བཞིན་གནང་མཛད་ཅིག་མེད་དོ། །ཅེས་མཇུག་བསྡུ་བར་བགྱི་སྟེ།བོད་སྐད་ཡིག་ལ་བྱང་ཆ་ཆེ་བའི་སྐྱེས་བུ་ཞིག་ལ་མཚོན་ན་གོང་དུ་གླེང་བ་དག་ནི་ཕོ་སྟོང་པའི་གཏམ་དུ་འགྱུར་ཡང་། དེང་སང་གི་དུས་འདིར་སྐད་ཡིག་ལ་བྱང་ཆ་མེད་པར་ལོ་ཙྰའི་བྱ་བར་འཇུག་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེ་དག་གི་ཁྲོད་ནས་བསྒྱུར་ཡིག་རེ་འགའ་ཞིག་ལ་སྐད་རིགས་གཞན་གྱི་ལྷད་འདྲེས་ནས་རང་སྐད་འདི་ཉིད་སྔོན་བྱོན་མཁས་པའི་ལུགས་དང་མི་མཐུན་ཞིང་། འབྱུང་འགྱུར་གྱི་དོན་གཉེར་བ་ཚོར་དཀའ་ཁག་སྣ་ཚོགས་སྤྲད་སྲིད་པར་དོགས་ནས་མ་བཅོལ་བའི་ཁུར་པོ་དང་དུ་བླངས་ཏེ་བྲིས་པ་ཞིག་ཡིན་པས། མཁས་པའི་དབང་པོ་རྣམས་ཀྱིས་མི་འདོར་བར་བརྩེ་བ་ཆེན་པོས་བླང་དོར་གྱི་བཀའ་སློབ་གང་མང་གནང་བར་འཚལ་ལོ། །

དཔྱད་ཡིག་འགའི་ཁ་བྱང་།

བསྟན་ལྷ་རམས་པས་བརྩམས། བསྟན་ལྷ་རམས་པའི་གསུམ་འབུམ།བོད་ལྗོངས་མི་རིགས་དཔེ་་སྐྲུན་ཁང་།

དཔའ་རིས་སངས་རྒྱས་ཀྱིས་བརྩམས།དག་ཡིག་རིག་པ་གབ་པ་མངོན་ཕྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

ལྕགས་ཐར་རྒྱལ་གྱིས་བརྩམས།བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

ས་སྐྱ་པཎྜི་ཏས་བརྩམས། མཁས་པ་ལ་འཇུག་པའི་སྒོ། མི་རིགས་དཔེ་སྐྲུན་ཁང་།

དུད་བླ་བུ་ཆུང་གིས་བསྒྲིགས། བོད་སྐད་ཡིག་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ།མི་རིགས་དཔེ་སྐྲུན་ཁང་།

བསྟན་ལྷ་རམས་པས་བརྩམས། བསྟན་ལྷ་རམས་པའི་གསུམ་འབུམ།བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།

དཔའ་རིས་སངས་རྒྱས་ཀྱིས་བརྩམས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། མི་རིགས་དཔེ་སྐྲུན་ཁང་།

གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས། གསེར་ཏོག་སུམ་རྟགས། མི་རིགས་དཔེ་སྐྲུན་ཁང་།

དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས་བརྩམས། དཀར་ལེབས་སུམ་རྟགས་དཀའ་འགྲེལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

དཔའ་རིས་སངས་རྒྱས་ཀྱིས་བརྩམས།དག་ཡིག་རིག་པ་གབ་པ་མངོན་ཕྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

རྡོ་དགོན་གསང་བདག་རྡོ་རྗེས་བརྩམས། རྡོ་དགོན་གསང་བདག་རྡོ་རྗེའི་རྩོམ་རིག་བརྩམས་ཆོས་ཕྱོགས་སྒྲིག མི་རིགས་དཔེ་སྐྲུན་ཁང་།