无障碍阅读 关怀版

༄༅།། ལོ་ཙཱའི་མན་ངག་གཞོན་སྐྱེས་དགྱེས་པའི་དབྱངས་སྙན།

དུས་ཚོད། 2020-04-29 རྩོམ་པ་པོ རིན་སྤུངས་ཉི་མ་དོན་གྲུབ། རྩོམ་སྒྲིག ཉི་མ་དོན་གྲུབ།

    དམུ་རྒོད་འདུལ་དཀའི་འགྲོ་བ་འདི་དག་ལ།།བཤད་པས་ཕན་ཐོགས་ཆེན་པོར་ག་ལ་འགྱུར།།དེ་བས་དབེན་པ་བསྟེན་ནས་སྒྲུབ་པ་རེམས།།རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་འགྱུར།།ཞེས་པ་བདག་ཉིད་ཆེན་པོའི་གསུང་བཞིན་དུ།།མཐོང་ཐོས་མཐའ་དག་བཏང་སྙོམས་འཇོག་བསམ་རུང་།དུས་འདིར་ལོ་ཙཱའི་ཚ་རླབས་རབ་འཕྱུར་ཞིང་།། གྲུ་ཟུར་ཀུན་ནས་སྒྱུར་ཡིག་སྐར་ཚོགས་བཤམས།། མ་ཡིག་སྐད་ཀྱི་རྩོམ་པ་འཇའ་ལྟར་ཡལ།། སེམས་གཅོང་སྙིང་ཁ་འཁྲུག་པའི་ཆ་འདི་སྡུག། དེས་ན་བདག་ནི་མཁས་གྲལ་མིན་ན་ཡང་།།འབད་དང་ལས་ལ་འཇུག་པའི་ཉམས་མྱོང་གིས།།དྲིན་ལས་ཆེད་ལས་ཤེས་བྱ་ཕྲ་མོ་དང་།། ཚིག་སྦྱོར་རྟགས་སུ་བཀོད་ཤེས་དཔའ་བློ་ཡིས།། མིང་ཙམ་ལོ་ཙཱ་བ་ཡི་ཁྲལ་ཐོག་ནས།། འདི་བཞིན་བརྩམས་ནས་སྒྲོག་པའི་བསྟན་དོན་འདི།།བདག་དང་མཉམ་དང་གཞོན་སྐྱེས་ལོ་ཙཱ་བར།།ཕན་པའི་རྒྱུ་རུ་གྱུར་ཅིག་མངྒ་ལཾ།། གངས་ཅན་ཡི་གེའི་བྱེད་པོ་ཐོན་མི་དང་།།སྔ་དར་ལོ་ཆེན་བེེ་རོ་ཙ་ན་དང་།།ཕྱི་དར་བླ་མ་རིན་ཆེན་བཟང་པོ་བཅས།།གངས་ཅན་ལོ་ཙཱ་མཁས་པའི་ཞབས་ལ་གཏུགས།།དུས་ཀྱི་ནམ་ཟླ་སྟོང་གི་བགྲང་བྱའི་ཁྲོད།།བདག་ཅག་ཕྱི་རབས་འབད་འབུངས་ཟད་པས་ན།།ལོ་ཙཱའི་བྱ་གཞག་རླུང་འཚུབ་མར་མེ་འདྲ།།སྔོན་བྱོན་མེས་པོར་ངོ་ཚའི་གདོང་རེ་གནོངས།།གང་འདིར་བདག་གི་བློ་ཡིས་དཔག་ཚོད་ཀྱིས།།གངས་ལྗོངས་གཞོན་སྐྱེས་ལོ་ཙཱའི་ཚོམས་ཆེན་ལ།།འཕྲལ་ཕུགས་གཉིས་ལ་ཕན་ཞིག་གདགས་པའི་ཕྱིར།།ལོ་ཙཱའི་ལམ་ལ་འཇུག་པའི་གཏམ་ཞིག་སྨྲ།།དེ་ཡང་འཇིག་རྟེན་སྐད་དོད་ལོ་ཀ་དང་།།མིག་གི་དོན་ལ་འཇུག་པའི་ཙཀྵུ་གཉིས།།རྣམ་དབྱེའི་རྐྱེན་དང་བཅས་པ་སྲོག་ཞུགས་ནས།།ལོ་ཙཱ་འཇིག་རྟེན་མིག་གི་སྐད་དུ་བྱ།།ལོ་ཙཱའི་ལས་ནི་ཕབ་སྒྱུར་བརྒྱུད་རིམ་ཞིག།དེ་ལ་རིགས་ཀྱི་དབྱེ་བ་གཉིས་སུ་ཕྱེ།། དང་པོ་མ་ཡིག་གཞུང་ལ་གོ་བ་ལོན།། གཉིས་པ་བུ་ཡིག་སྐད་ནས་བརྗོད་པར་བྱ།། ལོ་ཙཱའི་ལམ་དུ་འཇུག་པའི་སྐྱེ་བུ་ལ།།མ་མཐར་སྐད་ཡིག་གཉིས་ལ་བྱང་པ་དགོས།།དེ་ནས་མ་ཡིག་བུ་ཡིག་གཉིས་པོ་ཡི།།འབྲེལ་ཡོད་ནང་དོན་ཀུན་ལ་རྒྱུས་མངའ་དགོས།།དཔེར་ན་མ་ཡིག་ནང་ཆོས་ཡིན་པས་ན།།ནང་པའི་ཆོས་ཀྱི་དོན་ལ་རྒྱུས་མངའ་དགོས།།ཕབ་པའི་བུ་ཡིག་བོད་ཀྱི་ཡིག་ལམ་ནས།།ཐོན་མིའི་སུམ་རྟགས་དང་བཅས་དག་ཡིག་ལ།།མ་ནོར་མ་འཁྲུལ་བློ་ཡིས་དཔྱད་པ་དགོས།།དེ་ནས་ལོ་ཙཱར་དངོས་སུ་འཇུག་པའི་སྐབས།།མ་ཡིག་མགོ་ནས་མཇུག་བར་བལྟ་རྒྱུ་གལ།།དེ་ཡི་ཞོར་ལ་ཚིག་མཁྲེགས་ཟུར་དུ་བཏོན།།ཡང་ན་གོ་དཀར་རྟགས་ཤིག་བརྒྱབ་པས་ཆོག།མཉམ་རུབ་ཚིག་མཛོད་འཚོལ་དང་གཞན་ལ་དྲི།།གང་དགའ་གང་བདེས་དེ་རྣམས་ཐག་གཅོད་བྱ།།སྐབས་འགར་ཐབས་ལམ་ཟད་ཀྱང་མ་ཤེས་ན།།སྐབས་ཅིག་བཞག་ནས་མུ་མཐུད་ཀློག་པའི་ཚེ།།ནང་དོན་ངང་གིས་རང་བཞིན་རྟོགས་པ་ཡོད།།ཚིག་མཁྲེགས་གཅིག་ལ་དུས་ཚོད་མ་བརླག་ཅིག།དེ་ནས་ཚིག་རེ་དུམ་རེ་བཟུང་ནས་བསྒྱུར།།གོང་འོག་སྔ་ཕྱིའི་སྐད་ཆའི་འགྲོས་ལ་བསྟུན།།དེ་ལྟར་མ་ཡིག་བསྒྱུར་བྱ་རྫོགས་པས་ན།།མ་ཡིག་བལྟས་ནས་བུ་ཡིག་ཞུ་དག་བྱ།།ནང་དོན་ཆད་དང་བསྒྱུར་ནོར་ཡོད་མེད་ལྟོས།།དེ་ནས་མཐའ་མར་མ་ཡིག་ཡོངས་སུ་བསྐྱུར།།བུ་ཡིག་སྐད་ཆའི་ཚིག་འགྲོས་ཁེར་རྐྱང་བཅོས།།ལོ་ཙཱར་འཇུག་པའི་ཐོག་མའི་མནོ་བསམ་ལ།།བུ་ཡིག་སྤྱོད་མཁན་ཞབས་ཞུའི་ཁ་གཏད་སོམས།།དེ་ལ་དེ་བསྟུན་སྐབས་བབ་བརྡ་ཆད་སྤྱོད།།འགྱུར་ཡིག་དོན་ལ་ཁ་གསལ་གོ་བདེ་འོང་།།དེ་ནས་ལོ་ཙཱའི་རྩ་དོན་འཛིན་སྟངས་ཐད།།བཙན་པོའི་དུས་ཀྱི་སྒྲ་སྦྱོར་བམ་གཉིས་ནང་།།ནང་དོན་མ་འགལ་གང་བདེར་བསྒྱུར་དགོས་དང་།།རྒྱལ་ཕྱི་རྒྱལ་ནང་ལོ་ཙཱའི་མཁས་པ་ཚོས།།དོན་ལས་མི་འགལ་ཚིག་སྦྱོར་བདེ་བ་དང་།།བརྗོད་བྱེད་ཚིག་གི་སྙན་འཇེབས་ལྡན་པ་དང་།།མ་ཡིག་རྩོམ་ལུས་མ་འགྱུར་ཇི་བཞིན་སྒྱུར།།དེ་བཞིན་ལུང་དང་རྩ་དོན་མང་དུ་ཡོད།།དེ་དག་སྐབས་བབ་དུས་ལ་བསྟུན་གྱུར་ནས།། ལོ་ཙཱའི་ཐབས་ཀྱི་སྤྱོད་སྟངས་མི་འདྲ་ཡིན།། དེ་ཡང་འགའ་རེ་སྲིད་ཀྱི་དགོས་མཁོར་བབ།། འགའ་རེ་ཆོས་ལུགས་བསྒྱུར་བའི་དགོས་མཁོར་བབ།།འགའ་རེ་མི་རིགས་བསྒྱུར་བའི་དགོས་མཁོར་བབ།། འགའ་རེ་སྐད་ཡིག་བསྒྱུར་བའི་དགོས་མཁོར་བབ།། འགའ་རེ་རིག་གནས་བསྒྱུར་བའི་དགོས་མཁོར་བབ།། དེས་ན་དོན་སྒྱུར་ཐད་སྒྱུར་རྩོད་གླེང་ངམ།། རང་འགྱུར་གཞན་འགྱུར་ཐབས་ཀྱི་རྩོད་པ་བྱུང་།། དོན་ལ་སྤྱི་ཚོགས་དངོས་ལ་གང་འཕྲོད་དང་།། དུས་ཀྱིས་དགོས་མཁོས་དགོངས་པ་གསུངས་པ་ལས།། འགྱུར་མེད་གཏན་འཇགས་འཛིན་ཞིག་ཡེ་ནས་མེད།། སྒྱུར་ལ་དབྱེ་ན་དོན་སྒྱུར་ཐད་སྒྱུར་དང་།། སྒྲ་སྒྱུར་ལ་སོགས་རིགས་ཆེ་གསུམ་ཙམ་ཡོད།། ཚིག་ཟིན་ནང་དོན་གཙོ་བོར་མི་འཛིན་པར།། བསྟན་བྱའི་སྤྱི་དོན་སྒྱུར་ནི་དོན་སྒྱུར་ཡིན།། སྒྱུར་བྱའི་དོན་གྱི་ཚིག་ཟིན་ཇི་བཞིན་དུ།། ཐད་ཀ་ཐད་སོར་སྒྱུར་ནི་ཐད་སྒྱུར་ཡིན།། སྒྱུར་བྱ་གང་གི་སྒྲ་དོན་ཇི་ལྟ་བ།། སྒྱུར་བྱེད་སྐད་དུ་སོར་འཇོག་སྒྲ་སྒྱུར་ཡིན།། བྱེ་བྲག་ཐབས་ལ་སྣོན་འཕྲི་བཅོས་སྒྱུར་དང་།།འགྲེལ་སྒྱུར་བགོ་སྒྱུར་སྒྲ་དོན་འབྲེལ་སྒྱུར་དང་།།སྣོར་སྒྱུར་ལ་སོགས་རིགས་ཀྱང་འགའ་ཞིག་ཡོད།། དགོས་མཁོའི་དབང་གིས་ལེགས་པར་སྤྱད་ན་དགེ།། སྒྲ་སྒྱུར་སྤྱད་ན་བོད་ཡིག་ཉམས་པ་མིན།།ལུགས་མཐུན་སྒྲ་སྒྱུར་བོད་ཀྱི་ཐ་སྙད་འཛོམས།། དེ་ཡང་སྐད་ཡིག་འཕེལ་འགྱུར་ཆོས་ཉིད་ཡིན།། རྩོམ་རིག་སྒྱུར་སྐབས་དོན་སྒྱུར་མང་དུ་བཀོལ།། དེ་ཡི་ཞོར་ལ་ཚིག་རྒྱན་བརྒྱབ་ཚེ་ལེགས།། ཁྲིམས་ལུགས་གཞུང་ལུགས་ཆབ་སྲིད་སྲིད་ཇུས་སོགས།། གཞུང་ཕྱོགས་ཡིག་ཆ་ཐད་སྒྱུར་བྱས་ན་བཟང་།། མི་མིང་དང་བཅས་ས་མིང་ལ་སོགས་དང་།། མི་རིགས་གཞན་གྱི་འདོད་རྒྱལ་ཐ་སྙད་དང་།། རང་ལ་སྔར་མེད་གོ་མིང་སྣ་ཚོགས་རིགས།། བོད་ལ་སྒྱུར་སྐབས་སྒྲ་སྒྱུར་བྱས་ན་བཟང་།། ཐ་སྙད་གཅིག་ལ་ནང་དོན་རིགས་དབྱེ་གཉིས།། བརྡ་ཆད་དེ་ཡི་ཡིག་ངོས་ནང་དོན་དག། ཕལ་ཆེར་ཐད་སྒྱུར་བྱེད་དུས་སྤྱོད་པ་ཡིན།། གཞན་ནི་དོན་ལ་བསྟུན་པའི་གབ་དོན་ཡོད།།  དེ་རིགས་ཚིག་གི་ཁོར་ཡུག་ལེགས་པར་ལྟོས།། ཕར་ཆེར་དོན་སྒྱུར་བྱེད་སྐབས་སྤྱོད་པ་ཡིན།། ལོ་ཙཱ་བྱེད་སྐབས་མཁྲེགས་འགྱུར་ཐ་སྙད་སྤོངས།། ཀློག་པ་པོ་ཡིས་གང་དགའ་གང་བདེར་བསྒྱུར།། སྔར་ཡོད་ཐ་སྙད་ཀུན་གྱིས་དོན་རྟོགས་ན།།དེ་བཞིན་མི་སྤྱོད་ལོ་ཙཱ་བ་ཡི་འཁྲུལ།།སྔར་ནས་ཡོད་རུང་དུས་ཀྱིས་བསྐྱུར་ཟིན་ན།། རྙིང་ཞེན་བློ་ཡིས་གཞི་ནས་བསྔོག་དགོས་མེད།། བསྔོག་ཀྱང་བདག་ཅག་རྨང་གཞི་ཅུང་སྐྱོ་བས།། ཇི་བཞིན་འཕྲོད་ཅིང་སྤྱོད་པ་དཀའ་བས་ན།། བརྡ་རྙིང་བརྡ་གསར་བར་ལ་འགལ་གཞི་འོང་།། ཤེས་ལྡན་ཤེས་མེད་དབར་ལ་བར་ཞིག་ཆོད།། དེ་དུས་སླར་ཡང་སྐད་ཀྱི་འཁྲུག་གཞི་ཡོང་།།  དེས་ན་རེ་གཉིས་དོར་རུང་བཅུ་ཕྲག་འོང་།། གཏོང་ཕོད་ལེན་ཕོད་ཁོང་ཡངས་རྒྱས་ཤོག་ཅིག། དེའང་དུས་བསྟུན་མཉམ་སྐྱོད་འཕེལ་ཕྱོགས་ཡིན།། གཞུང་ནས་བཀས་བཅད་བྱས་པའི་ཐ་སྙད་དག། ལོ་ཙཱའི་ཁྲོད་དུ་བེད་སྤྱོད་གང་མང་དགོས།། ད་ལྟ་གོ་བར་དཀའ་ཡང་མཇུག་ཏུ་གོམས།། ག་ལེ་ག་ལེར་རང་རིགས་ཐ་སྙད་གྲུབ།། བཀས་བཅད་ཐ་སྙད་འཕྲོད་དང་མ་འཕྲོད་དེ།། མ་མཐར་བཅུ་གྲངས་ལོ་ཡི་ཉམས་སད་ལས།། འཕྲལ་འཕྲལ་ཉིད་དུ་འགྲིག་མིན་བརྗོད་མི་རུང་།། བྱ་དངོས་གསར་པར་བོད་མིང་འདོགས་སྐབས་སུ།། ཐམས་ཅད་རྒྱ་ཡི་ཚིག་ཟིན་བཟུང་དགོས་མེད།། མི་རིགས་རང་གིས་བསམ་བློའི་འདུ་ཤེས་ལས།། ཇི་ལྟར་ངོས་སུ་བཟུང་བ་དེ་བཞིན་ཐོགས།། དེ་ལས་འགལ་ཚེ་དམངས་དང་རིང་དུ་འགྲོ།། སྤྱོད་སྒོ་མེད་ཅིང་ཕན་མེད་ཟུར་དུ་ལུས།། དཔེར་ན་རྒྱ་ལ་七彩虹ཞེས་ཀྱང་།། བོད་ལ་འཇའ་ཚོན་སྣ་ལྔར་བརྗོད་པ་ཡིན།། བྱ་དངོས་གཅིག་ལ་སྣ་བདུན་སྣ་ལྔའི་ཁྱད།། རིག་གནས་འདུ་ཤེས་མི་འདྲ་ཉིད་ལས་བྱུང་།། རྒྱ་བོད་སྐད་ཡིག་གཉིས་ལ་ཁྱད་པར་ཡོད།། རྒྱ་བོད་སྐད་ཡིག་བརྡ་སྤྲོད་མཐུན་པ་མིན།། རྒྱ་ཡི་ཚིག་དུམ་བྱ་ཚིག་སྔོན་དུ་འཇུག།བོད་ཀྱི་བརྡ་སྤྲོད་བྱ་ཚིག་རྗེས་སུ་འཇོག། རྒྱ་ཡི་ཁྱད་ཚིག་ཚིག་དུམ་སྔོན་དུ་འགྲོ།། བོད་ཀྱི་ཁྱད་ཚིག་ཕལ་ཆེར་རྗེས་སུ་འགྲོ།། དུས་དང་ས་གནས་བྱེད་ཚུལ་སྟོན་པའི་(状语)ཚིག། རྒྱ་ཡི་ཚིག་དུམ་གཙོ་ཚིག་སྔོན་དུའམ།། རྗེས་སུ་འཇོག་པ་ཇི་ལྟར་བྱས་ཀྱང་རུང་།། འོན་ཏེ་བོད་ལ་ཕལ་ཆེར་རྗེས་སུ་འཇོག། རྒྱ་ཡི་ཚིག་ལ་བརྡ་རྟགས་ཚིག་ཤད་མང་།། བོད་ལ་སྐབས་བབ་གང་མཐུན་ཚིག་ཕྲད་སྦྱོར།། དེའང་རྒྱ་ཡིག་རྫོགས་རྟགས་(句号)བོད་སྒྱུར་སྐབས།།རྫོགས་ཚིག་གོ་སོགས་ཆིག་ཤད་ལ་སོགས་དང་།།སྐབས་བབ་དོན་བསྟུན་ཕྲད་སྦྱོར་སྣ་ཚོགས་ཡོད།།རྒྱ་ཡི་ཚིགས་རྟགས་(顿号)བོད་སྒྱུར་བྱེད་པའི་དུས།། དོན་བསྟུན་དང་སྒྲ་འབྱེད་སྡུད་རྒྱན་སྡུད་དང་།། ལྷག་བཅས་ནས་སྒྲ་ནི་སྒྲ་ཅིང་སྒྲ་སོགས།། ཕྲད་ཀྱི་རིགས་དང་ཆིག་ཤད་སྦྱར་ཀྱང་ཆོག། རྒྱ་ཡི་མཚམས་རྟགས་(逗号)བོད་སྒྱུར་བྱེད་པའི་དུས།།དང་སྒྲ་འབྱེད་སྡུད་ཆིག་ཤད་སྦྱར་བས་ཆོག། ཕལ་ཆེར་མཉམ་སྒྲིག་མིང་དང་ཚིག་ལ་འཇུག། གཞོན་སྐྱེས་ལོ་ཙཱས་ཚིག་མཛོད་ནོར་བུར་འཛིན།། དོན་དུ་ཚིག་མཛོད་ཐ་སྙད་དཔྱད་གཞི་ཙམ།། སྐབས་བབ་དོན་ལ་ཇི་ལྟར་ཕབ་དགོས་པ།། རང་རང་རིག་པས་མ་དཔྱད་ནོར་ཉེན་ཆེ།། ལེགས་བཤད་རྩོམ་གྱི་བསྒྱུར་བྱ་འཕྲད་སྐབས་སུ།། ནང་དོན་མི་འགལ་ཐད་སྒྱུར་བྱས་ན་བཟང་།། ཡིག་འབྲུ་མང་ཉུང་གཅིག་མཚུངས་བྱུང་ན་ལེགས།། ལོ་རྒྱུས་རྩོམ་དང་རྣམ་ཐར་རྟོག་བརྗོད་སོགས།། ཇི་མ་ཇི་བཞིན་ཐད་སྒྱུར་གཙོ་བོར་འཛིན།། ཚིག་བཅད་ཚིག་ལྷུག་དཔྱད་ལུགས་སྤེལ་མ་དང་།། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་སྒྱུར་བྱ་དག།རྩོམ་ལུས་བཞིན་དུ་དོན་སྒྱུར་བྱ་བའི་ཐོག།རྩོམ་དང་མཐུན་པའི་སྙན་འཇེབས་ཅུང་ཙམ་དགོས།། གསར་འགྱུར་རྩོམ་རིགས་སྒྱུར་བའི་བྱ་ཐབས་ཐད།། ནང་དོན་བསྡུས་ལ་ཁ་གསལ་གོ་བདེ་དགོས།། འགྲེམ་བརྡ་བརྡ་ཁྱབ་རྩོམ་རིགས་སྒྱུར་བའི་སྐབས།། སྐད་ཆ་སྙན་ལ་གཞན་ཡིད་འགུག་པ་ཡི།།སྒྱུ་རྩལ་རྣམ་པ་ལྷག་ཏུ་མངོན་པ་དགོས།། གཞུང་ཡིག་སྒྱུར་སྐབས་ཐད་སྒྱུར་གཙོ་བོར་འཛིན།། དོན་དངོས་རང་བཞིན་མིག་འབྲས་བཞིན་དུ་སྲུང་།། མ་ཡིག་ཚིག་ལས་མངོན་པའི་བསྟོད་སྨད་སོགས།། ཡིད་འགྱུར་རྣམ་པ་ཇི་བཞིན་ལེགས་པར་བསྒྱུར།།མ་ཡིག་ཇི་བཞིན་ཚིག་ཐག་ཆོད་པོ་དང་།། དོན་གྱི་ལྕི་ཡང་ཇི་བཞིན་མཚོན་ནས་བསྒྱུར།། བརྡ་རྙིང་ཡུལ་སྐད་ཚིག་རྒྱན་མངོན་བརྗོད་དང་།།བསྟན་དོན་ཚོད་དཔག་འོབ་ཚོད་སྒྱུར་བ་དང་།།རང་འདོད་སྣོན་འཕྲིའི་ཐབས་སོགས་སྤྱོད་པའི་རིགས།།སྤོང་པའི་རིགས་སུ་འཇོག་པ་ཤེས་པར་བྱ།། རྒྱ་བོད་ལོ་ཙཱའི་བོད་ཡིག་གཅོད་མཚམས་ཐད།། ཚིག་རྐྱང་དབར་གྱི་འབྲེལ་བར་ཞིབ་ཏུ་ལྟོས།། སྔ་ཕྱི་གཉིས་ཀྱི་འབྲེལ་བ་དོ་མཉམ་ན།། དང་དང་ཆབས་ཅིག་དུས་མཚུངས་སྦྲགས་སོགས་སྦྱོར།། ཕྱི་མས་བསྟན་དོན་ཇེ་ཟབ་ཇེ་ཆེར་ན།། བར་དུ་མ་ཟད་ཁར་དང་ཐོག་སོགས་སྦྱོར།།ཕྱི་མས་མཇུག་འབྲས་ཇི་བཞིན་གསལ་འགྱུར་ན།།ཚིག་རྐྱང་སྔ་མའི་རྗེས་སུ་མཐར་ཞེས་སྦྱོར།།   སྒོ་བྱང་སྒྱུར་སྐབས་མིང་ཙམ་བཏོན་པ་དང་།། བྱེད་ནུས་གསལ་བྱེད་ཁྱད་ཆོས་བཏོན་པ་གང་།། ཇི་ལྟ་ཇི་བཞིན་སྒྱུར་གྱི་ཐབས་རྩལ་སྤྱོད།། གྲོང་སྐད་ཡིན་ན་ལྷ་སའི་སྐད་ཀྱང་སྤོངས།། སྤྱི་ལ་འཇུག་ན་རོང་འབྲོག་སྐད་ཀྱང་བསྡུས།། གོ་བདེ་ཡིན་ཟེར་ཁ་སྐད་ཐལ་ཆེ་ན།། བོད་ཀྱི་རྩོམ་རིག་གཞུང་ལ་ཕོག་ཐུག་ཡོད།། ཡིག་སྐད་ཡིན་ཟེར་ཚིག་མཁྲེགས་མང་དྲགས་ན།། སྒྱུར་གྱི་བརྡ་སྤྲོད་ཇེ་ནུས་ཤོར་ཉེན་ཡོད།། འགའ་རེས་མ་ཡིག་སྲུང་ལ་གཙིགས་སུ་བཟུང་།། འགའ་རེས་བུ་ཡིག་བརྗོད་པ་གཙིགས་སུ་བཟུང་།། སྔ་མ་གཞན་འགྱུར་ཐབས་ལ་དགའ་བ་དང་།། ཕྱི་མ་རང་འགྱུར་བྱེད་ལ་རྩེན་པའི་ཁྱད།། བརྩམ་བྱ་ནང་འདྲེན་བྱ་རྒྱུ་ལེགས་གྱུར་ཀྱང་།།ཇི་བཞིན་འཕྲོད་པའི་མཐུན་སྦྱོར་ཨེ་འཛོམས་ལྟོས།།རོ་མན་གྷི་རི་སི་ལ་སོགས་ཕྱི་རྒྱལ་དང་།། ཧན་དང་ཐང་སོགས་རྒྱ་ནག་ལོ་ཙཱ་དང་།། བཙན་པོའི་དུས་ཀྱི་བོད་ཀྱི་ལོ་ཙཱ་སོགས།། ནང་འདྲེན་མཐའ་དག་སྲིད་འབྱོར་རྒྱས་དུས་སྤེལ།། དེས་ན་རབ་ཏུ་འཕྲོད་པའི་སྐལ་བཟང་བྱུང་།། རྩོམ་རིག་གཉིས་ལ་བྱང་པའི་ལོ་ཙཱ་བས།། ཆེད་ལས་སྒྱུར་ལ་དེ་བཞིན་ནུས་པ་མིན།། བསྒྱུར་ནས་ཚིག་སྦྱོར་སྙན་པོར་གྲུབ་ནའང་།། བསྟན་དོན་གནད་ལ་འཁེལ་ལ་ཐེ་ཚོམ་ཡོད།། དེས་ན་སྐད་གཉིས་སྨྲ་བའི་ལོ་ཙཱ་བར།།ཤེས་རིག་ཀུན་ལ་མི་རྨོངས་ཡོན་ཏན་མཁོ།།དེ་དོན་ཀུན་གྱིས་ཡང་ཡང་འབུངས་ཤོག་ཅིག། ཅེས་ལོ་ཙཱའི་འཇུག་སྒོ་གཞོན་སྐྱེས་དགྱེས་པའི་དབྱངས་སྙན་ཞེས་པ་འདི་དབུས་ལྷ་ལྡན་ཞིང་ནས་སྦྱར་བ་དགེའོ།