དེང་གི་རྒྱ་བོད་ཡིག་བསྒྱུར་སྐོར་མདོར་ཙམ་གླེང་བ།
ཕུན་ཚོགས་རྡོ་རྗེ།
གླེང་གཞི།
རིང་མོའི་སྲིད་པའི་ན་དང་མཉམ་འགྱུར་བའི།
།
རིཊ་ཀྱི་རྒྱུན་དང་ལྷན་ཅིག་དར་བའི་གཞུང་།
།
འབུམ་ཕྲག་ཨ་རིའི་སྒོར་མོས་ཁུག་མིན་པའི།
།
བོད་ཀྱི་ཤེས་རིག་ནོར་བུའི་བང་མཛོད་ཉིད།
།
ཅེས་པའི་ཚིག་གིས་སྔོན་བསུས་ནས་སྐབས་སུ་བབ་པའི་གླེང་བྱ་ནི་ཡིག་སྒྱུར་ལགས་པས་དེ་ཡང་ཡིག་སྒྱུར་བྱ་བ་ནི་མི་རིགས་གང་རུང་ཞིག་གི་བརྡ་སྤྲོད་རིག་པའི་གཞུང་བཞིན་དེ་གའི་སྐད་ཡིག་ཏུ་བྲིས་པའི་རིག་གཞུང་དེའི་ནང་དོན་རྣམས་སྐད་ཡིག་སྔ་མ་མི་ཤེས་མཁན་ཚོར་ཇི་བཞིན་དུ་དེ་གའི་སྐད་ཡིག་ཏུ་ཕབ་སྒྱུར་བྱེད་པར་གོ་ཞིང་དེ་ལ་ཡང་སྐད་སྒྱུར་དང་ཡིག་སྒྱུར་གཉིས་སུ་དབྱེ་བ་ལས་སྔ་མ་ནི་སྔོན་དུ་བྱུང་བ་དང་ཕྱི་མ་ནི་ཡི་གེ་འབྲི་སྲོལ་བྱུང་བའི་རྗེས་སུ་ད་གཟོད་བྱུང་བ་ཡིན།
རང་རེ་བོད་དུ་འགྲོ་བ་མིའི་རིགས་འབྱུང་བའི་ལོ་རྒྱུས་ཤིན་ཏུ་རིང་ཞིང་འཛམ་གླིང་སྤྱིའི་མེས་པོར་གྱུར་བ་ཡང་བོད་མི་ཡིན་ཅེས་བརྗོད་ན་འགལ་བ་མེད་དེ་ལོ་ཤས་གོང་བོད་ཀྱི་རུ་ཐོག་རྩ་ཕུ་དང་དེང་རི་སོ་རོ་།
ཤན་རྩ་སོགས་ནས་འཚོལ་ཪྙེད་བྱུང་བའི་གནའ་ཤུལ་ལ་གཞིགས་ན་མི་ལོ་ཁྲི་ཚོ་བདུན་བརྒྱད་ཀྱི་སྔོན་ནས་བོད་དུ་འགྲོ་བ་མིའི་རིགས་འཚོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ།
དེང་དུས་རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་བརྟག་དཔྱད་པ་མང་པོས་འཛམ་གླིང་འདིའི་མིའི་རིགས་ཀྱི་འབྱུང་ཁུངས་ནི་མདོ་དབུས་མཐོ་སྒང་ཡིན་ཞེས་བརྗོད་མུས་ཡོད།
དེས་ན་མི་རིགས་འདིའི་རིག་གནས་ནི་རྒྱ་ཆེ་གཏིང་ཟབ་ཅིང་མི་རིགས་འདིའི་སྐད་ཡིག་ནི་ཕུ་ཐག་རིང་པོ་ཡོད་པ་དང་།
བོད་ལ་ཡི་གེ་འབྱུང་བའི་ལོ་རྒྱུས་དེ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བར་གཏུག་ཐུབ། དེ་ཡང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ཞེས་བྱ་བ་ལས།
ཡི་གེ་དང་པོ་ཐབས་ཤེས་སྟོན་པ་ཡིས། བྱིན་རླབས་མཛད་པ་ཡིན་ཏེ་མདོ་ཟུང་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ།
ཅེས་སོགས་གསུངས་ཡོད་པ་དང་སྲོང་བཙན་གོང་དུ་བོད་ལ་བོན་ཤེས་པ་ཅན་བཅུ་གཉིས་དར་བ་བན་བོན་གཉིས་ཀའི་ཆོས་འབྱུང་དེབ་ཐེར་ཁག་ཏུ་གསལ་པོར་འཁོད་ཡོད་པ་དང་།
གལ་སྲིད་དེ་དུས་བོད་ལ་ཡི་གེ་མེད་པར་འདོད་ཚེ་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་བར་གྱི་ལོ་ངོ་བརྒྱད་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་དེ་དག་ངག་སྒྲོས་ཙམ་ལས་བདེན་ཁུངས་སྐྱེལ་ཐབས་དཀའ་བའི་གནས་སུ་འགྱུར་ཉེས་སོ།
ཆབ་སྤེལ་སོགས་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་བོད་དུ་ཡི་གེ་བྱུང་ནས་ད་ཕན་མ་མཐར་ཡང་མི་ལོ་སུམ་སྟོང་ལྷག་སོང་ཡོད་པ་བཞེད་ཀྱི་ཡོད་ཅིང་སྐབས་དེའི་ཞང་ཞུང་སྨར་ཡིག་སོགས་ཡི་གེའི་འགྱུར་གཟུགས་ཁག་ད་ཆ་ཡང་ལྷ་སའི་ཉང་བྲན་གི་དགའ་སྐྱིད་གླིང་ཁའི་འགྲེམ་སྟོན་ཁང་དུ་མངོན་སུམ་མིག་གི་མཐོང་ཡུལ་དུ་གྱུར་ཡོད།
དེས་ན་ཐོན་མི་སམ་བྷོ་ཊ་ནི་བོད་དུ་ནང་ཆོས་སྤེལ་བའི་ལོ་ཙཱ་བ་སྔ་གྲས་ཡིན་པ་ཙམ་ལས་ལོ་ཙཱའི་ཐོག་མ་སམ་བྷོ་ཊ་ཞེས་འབོད་པ་ནི་རྣམ་པ་ཀུན་ཏུ་མ་རིགས་སོ།
དེ་ཡང་བོན་གྱི་དྲན་པའི་བཀའ་ཐང་ཞེས་པ་ལས། བོད་ཀྱི་གཤེན་པོ་ཤ་རི་ཕུ་ཆེན་དང་། །ལོ་ཤུ་སྟག་རིང་ལ་སོགས་པན་གྲུབ་འགའ།
།རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ལུང་དུ་བྱོན། །བོན་སྡེ་ཆེན་པོ་ཁྲི་དང་དྲུག་སྟོངས་དྲངས།
།ཞང་ཞུང་ཡུལ་དུ་སྒྲ་བསྒྱུར་ལོ་ཙཱ་མཛད། ཅེས་སྐབས་དེ་ཙམ་ན་བོད་དུ་ཡི་གེ་ཡོད་པ་མ་ཟད་ཡིག་སྒྱུར་གྱི་སྲོལ་ཡང་དར་ཡོད་པ་བདེན་དཔང་བྱས་ཡོད་པ་དང།
བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་བོན་གྱི་འདུལ་སྔགས་སེམས་གསུམ་གྱི་བསྟན་པ་ཆེས་ཆེར་དར་བ་དང་ལྷག་དོན་དུ་སྲོང་བཙན་མ་བྱོན་གོང་གི་བོད་ཀྱི་རྒྱལ་རབས་རིམ་བྱོན་དུ་བོན་གྱི་སྒོ་བཞི་མཛོད་ལྔ་དང་།
ཐེག་པ་རིམ་དགུ་སོགས་གཡུང་དྲུང་བོན་གྱི་བསྟན་པ་ཉིན་མོ་ལྟར་རྒྱས་པའི་ལོ་རྒྱུས་ཡང་གསལ་ལེར་མཐོང་རྒྱུ་ཡོད་པས་དེའི་ཕྱིར་དུ་བོད་ལ་སྲོང་བཙན་གོང་ནས་ཡི་གེ་ཡོད་ལ་ཡི་གེ་དེ་ཡང་སྐབས་དེའི་མཐའ་བཞིའི་སྐད་ཡིག་ཀུན་དང་ཕན་ཚུན་ཕབ་བསྒྱུར་བྱེད་ཐུབ་པ་ཞིག་ཡོད་པ་སྨོས་མ་དགོས་སོ།
དེའི་རྗེས་དུས་རབས་བདུན་པའི་སྟོད་ཙམ་དུ་ཆེན་པོ་བོད་ཀྱི་སྟོབས་ཤུགས་ཆེས་ཆེར་རྒྱས་ནས་མཐའ་བཞིའི་རྒྱལ་ཁབ་དང་མཛའ་གྲོགས་སྤེལ་རེས་ཀྱི་ཕྱི་འབྲེལ་བྱུང་ཞིང་དེང་སང་འཛམ་གླིང་ན་དར་ཆེ་བ་ནི་ཕྱིའི་དཔལ་འབྱོར་རམ་ཚན་རྩལ་ཡིན་པ་བཞིན་དུ་སྐབས་དེའི་དུས་ན་དར་ཆེ་བ་ནི་ནང་སེམས་ཀྱི་ཚན་རིག་འདི་ཉིད་ཡིན་ཙ་ན་སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཊ་ནས་བཟུང་དུས་རབས་ཉི་ཤུ་པར་བྱོན་པའི་མཁས་དབང་དགེ་འདུན་ཆོས་འཕེལ་བར་སྔ་རྗེས་སུ་ལོ་ཙྭ་བ་བདུན་བརྒྱ་ལྷག་ཙམ་བྱུང་བ་དེ་ཚོས་བོད་རང་གི་ཕུན་སུམ་ཚོགས་པའི་རིག་གནས་གཞི་བྱས་ཏེ་རྒྱ་དཀར་ནག་དང་བལ་ཡུལ།
ཁ་ཆེ། ལི་ཡུལ་བཅས་ཀྱི་སྐད་ནས་ནང་པ་སངས་རྒྱས་པའི་གཞུང་ཆེན་བཀའ་པོད་ལྔ་དང་སྨན་དཔྱད་རྩིས་གཞུང་།
གཏམ་རྒྱུད་སོགས་བོད་སྐད་དུ་བསྒྱུར་ནས་ད་ལྟ་འཛམ་གླིང་ན་གྲགས་པའི་བོད་ཀྱི་ཤེས་རིག་འདི་ཉིད་བྱུང་བ་ཡིན་ནོ།
རང་རེ་ཕྱི་རབས་པ་ཚོར་འདི་ལྟ་བུའི་ཡ་རབས་བཟང་པོའི་མིག་ལྟོས་དང་ཤེས་བྱ་ཐམས་ཅད་བདེ་བླག་ཏུ་རྟོགས་བྱེད་ཀྱི་རིགས་ལམ་མ་ནོར་ཆ་ཚང་ཞིག་ཡོད་རུང་གཅིག་ནས་རང་ངོས་ལ་ཕུགས་བསམ་དང་སྤྱི་སེམས་མེད་པ་དང་།
གཉིས་ནས་ཐུན་མོང་བའི་དོ་དམ་བྱེད་ཕྱོགས་ཤིག་མེད་རྐྱེན་སྟོབས་འབྱོར་མངའ་ཐང་ཚན་རྩལ་གྱིས་གཞལ་བའི་དུས་འདིར་ས་གནས་སོ་སོའི་ཡིག་སྒྱུར་མཁན་པོས་གཞན་མི་རིགས་ཀྱི་བརྡ་དང་ཐ་སྙད་གསར་པ་བོད་ཀྱི་སྐད་དུ་སྒྱུར་མུས་སུ་མཆིས་ཀྱང་མང་ཤས་ཤིག་ཁྲལ་སེལ་སླ་བཅོས་ལྟ་བུར་སོང་ནས་བརྡ་སྤྲོད་ཀྱི་གཞུང་དང་བོད་མིའི་ངག་ལས་འདས་པའི་སྐད་ཡ་མ་ཟུང་མང་དག་ཅིག་འཐོན་བཞིན་ཡོད་པས།
འདི་ལ་ཁོ་བོས་སེམས་མཐུན་གྲོགས་ལ་སྙིང་གཏམ་དང་རིགས་མཐུན་ཚོགས་ལ་གྲོས་འདེབས་ཀྱི་ཚུལ་དུ་མིག་སྔའི་ཡིག་སྒྱུར་ཁྲོད་ཀྱི་སྐྱོན་འགའ་སྨྲ་བར་བྱ་བ་ནི།
དང་པོ། ཡུལ་སྐད་མང་དུ་བཀོལ་བས་ཡིག་སྐད་ཉམས་ཞན་དུ་འགྲོ་བ།
བོད་ཡུལ་འདིར་དབུས་གཙང་དང་མདོ་སྟོད་དམ་ཁམས།
མདོ་སྨད་དམ་ཨ་མདོ་ཞེས་ཡུལ་ཁམས་ཆེན་པོ་གསུམ་དུ་དབྱེ་བ་ལས་ཡུལ་སྐད་ལ་ཡང་ལྷ་ས་གཙོ་བོར་གྱུར་བའི་དབུས་གཙང་གི་ཡུལ་སྐད་དང་སྡེ་དགེ་གཙོ་བོར་གྱུར་བའི་ཁམས་ཀྱི་ཡུལ་སྐད།
བླ་བྲང་(བསང་ཆུ་)གཙོ་བོར་གྱུར་བའི་ཨ་མདོའི་ཡུལ་སྐད་ཅེས་གསུམ་དུ་དབྱེ་ཞིང་། དེ་དག་ལ་ཡང་བྱེ་བྲག་ཏུ་ལུང་སྐད་མང་དག་ཅིག་དབྱེ་རྒྱུ་ཡོད་ཀྱང་སྔར་གྱི་དུས་ན་ཡིག་སྐད་ཤས་ཆེ་བ་དང་རིམ་པར་བཀས་བཅད་ཐེངས་གསུམ་བྱས་པ་བརྒྱུད་མདོ་དབུས་ཁམས་གསུམ་གྱི་བོད་མི་སྤྱི་བོ་གནམ་བསྟན་ཀུན་ནས་གོ་ཞིང་རྟོགས་ཐུབ་པའི་སྤྱི་སྐད་ཆ་ཚང་ཞིག་ཡོད་པར་སེམས་ཏེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
གནའ་རབས་ཀྱི་བོད་ཡིག་ཁག་མང་པོ་ཞིག་ལ་ཞིབ་འཇུག་བྱེད་སྐབས་ཡུལ་སྐད་ཐོག་གཅིག་གྱུར་མེད་པ་མ་གཏོགས་རྩ་བའི་བརྡ་སྤྲོད་རིག་པ་དང་རྩ་བའི་ཐ་སྙད་མང་ཆེ་བ་གཅིག་གྱུར་ཡིན་ནོ་ཞེས་དང་མཁས་དབང་དམུ་དགེ་བསམ་གཏན་གྱིས།
སྐད་ཡིག་བཅོས་བསྒྱུར་བྱེད་དོ་ཞེས་སྤྱི་སྐད་དག་དོར་ནས་ཡུལ་སྐད་རེ་བྲིས་ཚེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་ཏུ་འགྱུར་ངེས་ཞེས་སྔོན་སྤྱི་སྐད་ཡོད་པར་གསུངས་པས་དུས་དེར་ཡུལ་སྐད་དེ་ཙམ་བཀོལ་གྱིན་མེད་པ་འདྲ་སྟེ་ཀུན་མཁྱེན་འཇིགས་མེད་གླིང་པ་དང་རྫ་དཔལ་སྤྲུལ།
རྒྱལ་བ་ཙོང་ཁ་པ་སོགས་བྱོན་ཟིན་འདས་པའི་སྐྱེས་ཆེན་དམ་པ་ཚོའི་གསུང་རབ་དག་ལས་ཁོང་རྣམས་པ་ནི་དབུས་གཙང་བ་དང་ཁམས་པ།
ཨ་མདོ་བ་བཅས་ཡིན་པ་རྟོགས་པར་དཀའ་ཞིང་བྲིས་པའི་དོན་རྣམས་ཀྱང་ལྷོགས་ཤིང་གོ་ཐུབ་པ་ཞིག་ཡོད་པས་དེ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
ཆོས་སྐད་(ཡིག་སྐད་ལ་གོ་ན་ཆོག་)དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་འཁྱེར་ཀྱང་ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན་གསུངས་པ་ཅིས་མི་བདེན།
འོན་ཏེ་དུས་ཕྱིས་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་ཁྱད་གསོད་དང་ཞེ་ལྷོད་བྱས་པས་གཅིག་གྱུར་སྐད་གྱི་མདུན་པ་གྲོལ་ཏེ་ཐོར་བུ་ཡུལ་སྐད་ཀྱི་རྗེས་སུ་སོང་བས་དེང་སང་དུས་དེབ་ཏུ་འཁོད་པའི་རྩོམ་ཡིག་ག་གེ་མོར་བལྟས་པ་ཙམ་གྱིས་རྩོམ་པ་པོ་དེ་ཡུལ་ཕྱོགས་གང་ནས་ཡིན་པ་རྟོགས་ཐུབ་ཅིང་དེས་བརྩམས་པའམ་བསྒྱུར་བའི་རྩོམ་དེ་ཡུལ་ཐ་དད་པའི་བོད་མིས་གོ་མི་ཐུབ་སྟེ།
གལ་སྲིད་གོ་ཞིང་རྟོགས་ཐུབ་ཚེ་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ཞེས་པ་དང་ཁང་ཆེན་དམར་པོའི་རྨི་ལམ་ཞེས་པ།
ཆུ་ངོགས་གཏམ་རྒྱུད་ཅེས་པ་ལྟ་བུའི་བཪྙན་འཕྲིན་འཁྲབ་གཞུང་དེ་དག་ལ་བོད་ཀྱི་ཡུལ་སྐད་སོ་སོར་བརྟེན་པའི་བསྒྱུར་མི་འདྲ་བ་དེ་དག་ཐོན་ག་ལ་སྲིད་དེ་མི་སྲིད་དོ།
དེ་བཞིན་དུ་རྩོམ་རིགས་དང་གསར་འགྱུར་སོགས་སྒྱུར་བའི་སྐབས་སུ་ཡུལ་སོ་སོའི་ཡིག་སྒྱུར་བས་ཕུགས་ཀྱི་དོན་མི་བསམས།
འཕྲལ་གྱི་སླ་ཐབས་བྱེད། མཁས་པའི་གཞུང་མི་བསྲུང་། རྨོངས་པའི་རྗེས་སུ་འབྲངས་ནས་ཡུལ་སྐད་མཁྲེགས་འཛིན་དང་ཐན་འཁྱེར་གྱིས་གཏམ་ཪྙོག་མང་དག་ཅིག་སྒྱུར་དང་སྒྱུར་མུས་ཏེ་དཔེ་ཙམ་བཀོད་ན་འདི་ལྟ་སྟེ་ཨ་མདོ་བས།
ཨ་ཁུ་ཚོ་ཁ་ཙང་ལྷ་སར་ཐོན་ཅེས་བྲིས་པ་དེ་དབུས་གཙང་བས་བལྟས་ཚེ་ཨ་ཁུ་སྟེ་ཕའི་གཅུང་པོའམ་གཅེན་པོ་དེ་ཁ་སང་ལྷ་སར་བསྐྱོད་འདུག་སྙམ་པའི་བཞད་དག་སློང་སྲིད་པ་དང་དབུས་གཙང་བས།
ང་ཚོས་ལྟོ་ཟས་ཚར་ཞེས་བྲིས་པ་དེ་ཨ་མདོ་བས་བལྟས་ཚེ་མི་དག་ནི་སྤྲང་པོ་དབྱུག་འཛིན་ལས་ཀྱང་ཐབས་སྡུག་པ་ལྟ་བུར་སྙམ་སྟེ་ཞེས་པ་ཨ་མདོའི་སྐད་དོད་དུ་ཕག་དང་ཁྱིར་སྦྱིན་རྒྱུའི་ཟས་སུ་གོ་བས་ཕྱིར།
ཡང་ཁམས་ཕྱོགས་ཀྱིས། འདི་ངའི་ཨ་ཅེ་རེད་ཅེས་བྲིས་པ་དེ་དབུས་གཙང་བས་བལྟས་ཚེ་བུད་མེད་དེ་ནི་ཁོ་པའི་བཟའ་ཟླ་རེད་འདུག་སྙམ་པའི་དགོད་རྒྱུ་སློང་ངེས་སོ།
དེ་ན་གོང་གི་ཡུལ་སྐད་བྲིས་མ་དེ་དག་ཡིག་སྐད་ཀྱི་ལུགས་བཞིན་གྲྭ་བ་ཚོ་ཁ་སང་ལྷ་སར་འབྱོར།
ངཚོས་ཟ་མ་ཟས་ཚར། འདི་ངའི་སྲིང་མོ་རེད་ཅེས་བྲིས་ཚེ་ཡིག་འབྲུ་སྣ་གཅིག་མི་ཤེས་པའི་ས་མཐའི་རྒན་པོས་ཀྱང་གོ་བོ་ཙམ་གྱིས་དེའི་དོན་རྟོགས་ཐུབ་བོ།
དེང་སང་དབུས་གཙང་བས་བསྒྱུར་བའི་བཪྙན་འཕྲིན་འཁྲབ་གཞུང་འགའི་ནང་པོའི་ང་ཚོའི་ཨོམ་རྡོར་རེད་ཅེས་པ་དང་ཁོས་ཅ་ལག་འདི་སྐྱག་རྩིས་འདུག་ཅེས་པ་ལྟ་བུའི་ཡུལ་སྐད་གུ་དོག་འདི་འདྲ་བ་མང་པོ་བཀོལ་མུས་ཡིན་པས་དབུས་གཙང་གི་ཡུལ་སྐད་དང་ལྷག་དོན་དུ་ལྷ་སའི་ཡུལ་སྐད་ལ་ཆ་རྒྱུས་མེད་པའི་མདོ་སྟོད་སྨད་བས་གོ་ག་ལ་ཐུབ།
པོའི་ཞེས་པ་ནི་ལྷ་སའི་ཡུལ་སྐད་དུ་ཁོ་པ་ཞེས་པའི་དོན་ཡིན་ཅིང་ནམ་རྒྱུན་གྲོགས་པོ་ཕན་ཚུན་ནམ་འདྲིས་ཆེན་པོ་ཡོད་པའི་བར་ཐ་སྙད་འདི་བཀོལ་སྲོལ་ཡོད་པ་དང་ཨོམ་རྡོར་ཞེས་པ་ནི་འགོ་གཙོའམ་དཔོན་པོར་གོ་བས་ཁོང་ནི་ངཚོའི་འགོ་གཙོ་རེད་ཅེས་པའི་དོན་དང་ཕྱི་མ་ནི་ཁོ་པས་དངོས་པོ་འདི་རྐུ་རྩིས་བྱེད་ཀྱི་འདུག་ཅེས་པའི་དོན་ཡིན་རུང་ཁམས་དང་ཨ་མདོ་བས་བལྟས་ཚེ་ཁོས་དངོས་པོ་འདི་ཕྲག་པར་འདེགས་རྩིས་མེད་དམ་སྙན་པའི་ལོག་ཤེས་སྐྱེ་བར་བྱེད་དོ།
ཕྲན་སྔོན་ཆད་ཨ་མདོ་བ་དང་འབྲེལ་འདྲིས་ཡོད་ཅིང་སློབ་ཆེན་མཐར་ཕྱིན་ཁར་ཨ་མདོའི་བོད་རིག་པ་ཞིབ་འཇུག་ཁང་དུ་དུས་ཡུན་ཟླ་གཅིག་ཙམ་ལས་ཐོག་སྦྱོང་བརྡར་བྱ་མྱོང་ཡོད་ཀྱང་དེང་སང་ཨ་མདོའི་སྐད་དུ་བསྒྱུར་པའི་བཪྙན་འཕྲིན་འཁྲབ་གཞུང་དག་ཡུལ་སྐད་ཐལ་ཆེ་བས་ཉུང་ཤས་ཙམ་ལས་མི་གོ་བའི་གནས་སུ་གྱུར་ཅིང་།
མཚོ་སྔོན་གྱི་གསར་འགྱུར་མཉམ་སྒྲོག་བལྟ་བའི་ཚེ་ཕྲན་ཙམ་དུ་མ་ཟད་ཨམ་སྐད་དེ་ཙམ་ཆ་རྒྱུས་མེད་པའི་ཁོ་བོའི་ལས་རོགས་ཚོས་ཀྱང་མང་ཤས་གོ་བར་གྱུར།
དེ་ཅིའི་ཕྱིར་ཞེ་ན་སྔ་མ་ནི་ཁ་སྐད་ལས་བྲིས་པ་དང་ཕྱི་མ་ནི་ཡིག་སྐད་ལས་བྲིས་པས་སོ།
དེས་ན་ཡུལ་སྐད་ཡུལ་གྱི་ཆ་ནས་བརྒལ་མི་ཐུབ་པ་དང་དུས་ཀྱི་ཆ་ནས་འབྱུང་འགྱུར་ལ་འབྲེལ་མི་ཐུབ་པས་རང་རེས་ཡི་གེ་སྒྱུར་བའམ་ཡང་ན་རྩོམ་འབྲི་བ་སོགས་གང་ཡིན་རུང་ཡིག་སྐད་ཀྱི་འགྲོས་དང་བསྟུན་དགོས་ཤིང་སུམ་རྟགས་ལ་གཞི་བཅོལ་དགོས།
དེ་འདྲ་བྱུང་ཚེ་སྔར་གྱི་སྤྱི་སྐད་ཉམས་པ་སླར་གསོ་ཐུབ་རྒྱུ་དང་བོད་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་གདོན་མི་ཟ་སྟེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་གཅིག་ཏུ་གནས་པ་ཡིན་གསུངས་སོ།
གལ་ཏེ་སྔར་མུས་བཞིན་ཁྱོད་ཀྱིས་ཁྱོད་ཀྱི་ཡུལ་སྐད་བཞིན་སྒྱུར།
ངས་ངེད་ཀྱི་སྐད་བཞིན་སྒྱུར་ན་ཆོག་ཟེར་ཚེ་མཁས་དབང་དམུ་དགེ་བམས་གཏན་གྱིས་དབུས་གཙང་གིས་རང་གི་ཡུལ་སྐད་རེ་བྲིས།ཁམས་ཀྱི་རང་གི་ཡུལ་སྐད་རེ་བྲིས།
རོང་པས་རོང་སྐད་རེ་བྲིས། འབྲོག་པས་འབྲོག་སྐད་རེ་བྲིས་ན་སྐད་ཡིག་སོ་སོར་གྱེས་ནས་ཕན་ཚུན་བརྡ་མི་འཕྲོད་པར་འགྱུར་བ་ནི་སྔོན་དབྱི་རིགས་ཀྱི་ཡི་གེ་ཐོར་ནས་ཕྱིས་བེད་སྤྱོད་མི་ཐུབ་པ་ཞིག་ཏུ་གྱུར་བས་ཀྱང་ཤེས་སོ་ཅེས་གསུངས་པར་མནོ་བསམ་ཞིབ་ནན་ཞིག་བཏང་ན།
གུ་དོག་གི་བསམ་པ་དེ་དོར་ཐུབ་ཅིང་མིག་རྒྱང་དེ་རིང་པོར་ཆོད་ཐུབ་བོ།
གཉིས་པ། རྒྱ་ཡིག་ལ་བརྟེན་ཆེ་ནས་བོད་ཀྱི་བརྡ་སྤྲོད་གཞུང་དང་འགལ་བ།
བོད་ཀྱི་བརྡ་སྤྲོད་གཞུང་སུམ་རྟགས་གཉིས་ནི་བོད་རང་གི་སྐད་ཀྱི་གཞིའམ་སྒྲོམ་ལྟ་བུ་ཡིན་ཞིང་དེ་ལས་བོད་སྐད་ཀྱི་ཆོས་ཉིད་དང་ཐུན་མིན་ཁྱད་ཆོམས་ཕྱོགས་སྡོམ་བྱས་ཡོད་པ་སྟེ།
བརྡ་སྤྲོད་རྩ་བ་ལས། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། སྨྲ་བ་ཀུན་ལ་གནས་གྱར་ཀྱང་། རང་ཚུལ་དེ་ཉིད་མི་ཤེས་པས།
དོན་ལ་སྦྱོར་བ་ག་ལ་ཤེས་ཅེས་གསུངས་སོ།
རང་རེའི་བོད་སྐད་འདི་ཉིད་ཡར་རྒྱས་འགྲོ་ཐབས་མེད་པའི་ལུང་ཁུག་གི་སྐད་ལྟ་བུ་ཞིག་མ་ཡིན་པར་རང་རེའི་སྐད་ལ་ཡི་གེ་ཡོད་པ་དང་ཡི་གེ་ཡོད་པ་ཙམ་དུ་མ་ཟད་ལེགས་སྦྱར་གྱི་སྐད་དང་གདན་ཐོབ་གཅིག་མཚུངས་སུ་ཡོད་པ་ནི་སྔོན་གྱི་ལོ་པཎ་དྲིན་ཅན་ཚོས་བསྒྱུར་བའི་གླེགས་བམ་དག་ལས་གསལ་པོར་རྟོགས་ཐུབ།
དེང་གི་ཆ་ན་རྩོམ་པ་པོའམ་ཡིག་སྒྱུར་བས་བོད་ཀྱི་བརྡ་སྤྲོད་གཞུང་དང་དེའི་ཐུན་མིན་ཁྱད་ཆོས་སུ་ཉམས་འཇོག་མ་བྱས་པའམ་ཡང་ན་དེའི་དོན་མ་རྟོགས་པའམ་ལོག་པར་རྟོག་པའི་སྐྱོན་གྱིས་བོད་སྐད་ཡིག་ཡིན་ནོ་ཞེས་ན་བོད་སྐད་ཀྱི་ཉམས་འགྱུར་མེད་པ་དང་རྒྱ་སྐད་ཡིན་ནོ་ཞེས་ན་རྒྱ་སྐད་ཀྱི་ཁྱད་ཆོས་མེད་པའི་རྒྱ་མིན་བོད་མིན་གྱི་སྐད་ར་མ་ལུག་བཀོལ་བཞིན་ཡོད་ཅིང་དེ་བས་ལ་ལས་སྤྱང་མདོག་དང་གྲུང་མདོག་གིས་རྒྱ་ཡིག་གི་བརྡ་སྤྲོད་དང་བསྟུན་གང་ཐུབ་ཀྱིས་ཡིག་རྫོབ་མང་པོ་ཞིག་སྤེལ་བཞིན་མཆིས་པས་གལ་ཏེ་དེ་རིགས་སྤྱོད་ལྡན་ཡངས་པ་ཚོས་སུན་སྦྱིན་དགག་སྒྲུབ་ཀྱི་རལ་གྲི་མ་འཕྱར་ཚེ་རྒྱ་ལ་དར་སྲོལ་ཆེ་རུ་སོང་ན་བོད་ཀྱི་བརྡ་སྤྲོད་གཞུང་འདི་ཉིད་རྩ་བརླགས་འགྲོ་ཉེན་ཤིན་ཏུ་ཆེ་སྟེ་གཤམ་དུ་དཔེ་འགའ་བཀོད་ན།
རྒྱ་ཡིག་ཏུ་“胡锦锦涛书记在自治区党委常副记确确等的培下,先后考察了那曲地区和昌都地区”ཞེས་པ་ལྟ་བུ་བསྟན་བཅོས་ཀུན་གྲགས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལེགས་མཆོག་སོགས་ཀྱིས་ཕེབས་རོགས་གནང་བའི་འོག་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སྔ་རྗེས་སུ་ནག་ཆུ་དང་ཆབ་མདོ་སོགས་སུ་རྟོག་ཞིབ་གནང་ཞེས་བསྒྱུར་དགོས་ཞིང་དེ་ལྟར་བསྒྱུར་ཚེ་ཉན་པའམ་ཀློག་པ་ཙམ་གྱིས་དོན་བདེ་བླག་ཏུ་རྟོགས་ཐུབ་མོད་འོན་ཀྱང་དེང་སང་ཡིག་སྒྱུར་བ་མང་པོས་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧུའུ་ཅི་གཞོན་པ་ལེགས་མཆོག་སོགས་ཀྱི་ཕེབས་རོགས་གནང་བའི་འོག་ཅེས་བསྒྱུར་བས་ན་བྱེད་པ་པོ་དང་ལས་ཀྱི་དབར་ཚིག་ཪྙོག་མང་པོས་ཆོད་པ་དང་བྱ་ཚིག་ཅིག་ཅར་ཞུགས་ཏེ་ངག་ནས་བརྗོད་མི་བདེ་ཞིང་དོན་ཧྲིལ་པོ་ཞིག་གོ་མི་ཐུབ་པ་ལྟ་བུ་དང་།
རྒྱ་སྐད་དུ་认真学习“三个代表”重要思想ལྟ་བུ་བརྡ་སྤྲོད་ཀྱི་གཞུང་ལྟར་ན་མཚོན་བྱེད་གསུམ་གྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་ཞེས་སྒྱུར་དགོས་ཀྱང་རྒྱ་སྐད་བཞིན་ནན་ཏན་གྱིས་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ་སློབ་སྦྱོང་བྱེད་པ་ཞེས་བསྒྱུར་བ།
རྒྱ་སྐད་དུ་“五星红旗”ལྟ་བུ་བོད་སྐད་ཀྱི་ལུགས་ལྟར་ན་དར་དམར་སྐར་ལྔ་ཅན་ཞེས་བསྒྱུར་དགོས་ཏེ།
བཀྲ་ཤིས་རྟགས་བརྒྱད་དང་མཐུན་པ་སྤུན་བཞི། བོད་ཆོས་ཁ་གསུམ་ཞེས་རང་རེས་གྲངས་ཚིག་དག་མཇུག་ཏུ་འགོད་པས་ཕྱིར།
ཡིན་ན་ཡང་ད་ཕན་མ་དག་རྒྱུན་འབྱམས་ཀྱིས་སྐར་ལྔའི་དར་དམར་ཞེས་སྒྱུར་མུས་པ། རྒྱ་སྐད་དུ།
“广大群众”ལྟ་བུ་བོད་སྐད་ལྟར་དུ་བརྗོད་ན་མང་ཚོགས་ཚོ་ཞེས་ཚོ་ཡིག་གིས་མང་པོའི་དོན་སྟོན་ནུས་ཅིང་མང་ཚོགས་ཞེས་བསྒྱུར་ཀྱང་ཆོག་མོད།
འོན་ཀྱང་རྒྱ་ཆེའི་མང་ཚོགས་ཅེས་རྒྱ་སྐད་ལྟར་ཐད་སྒྱུར་བྱས་པ། རྒྱ་སྐད་དུ་“中国人民银行”ཞེས་པ་དེ་བོད་སྐད་དུ་ཀྲུང་གོའི་མི་དམངས་དངུལ་ཁང་ཞེས་བདག་པོ་དང་རྫས་ཀྱི་འབྲེལ་བ་སྟོན་པའི་འབྲེལ་སྒྲའི་ཕྲད་འཇུག་དགོས་ཀྱང་མང་པོས་ཀྲུང་གོ་མི་དམངས་དངུལ
ཁང་ཞེས་ཀྲུང་གོ་དང་མི་དམངས་དངུལ་ཁང་གཉིས་ངོ་བོ་བདག་གཅིག་སྟོན་པ་ཞིག་ཏུ་གོ་ལོག་ཏུ་སྒྱུར་བ།
རྒྱ་སྐད་དུ་“好好学习,天天向上”ལྟ་བུ་སློབ་སྦྱོང་ནན་ཏན་བྱས་ཏེ་ཉིན་བཞིན་ཡར་རྒྱས་ཡོང་བ་བྱེད་དགོས་ཞེས་སྒྱུར་དགོས་རུང་དེ་ལྟར་མིན་པར་སློབ་སྦྱོང་ཡག་པོ།
ཉིན་བཞིན་ཡར་རྒྱས་ཞེས་རྒྱའི་ཚིག་རྐང་བཞིན་བསྒྱུར་ཚེ་མཆོག་ཏུ་བསམ་ནས་མཐར་ཡང་མ་དག་པ་ཞིག་ཏུ་བསྒྱུར་བ་སྟེ་མི་རྣམས་ཀྱི་སེམས་སུ་དོན་ངོ་མར་སློབ་སྤྱོང་བྱེད་ཟེར་རམ་མི་ཟེར།
ཡར་རྒྱས་གཏོང་ཟེར་ཞེས་འདྲི་རྟགས་ཤིག་བཀོད་ཡོད་པས་དེས་ན་ཡིན་ཅིག་རྒྱ་ཡིག་གི་ཚིག་རྐང་བཞིན་བསྒྱུར་རྒྱུ་གཙོ་བོ་ཡིན་པར་དོན་གོ་བ་ཞིག་བསྒྱུར་རྒྱུ་གཙོ་བོ་ཡིན་ཏེ་མཁས་པ་ཚོས་ཡིག་སྒྱུར་ནི་འགྲེལ་བཤད་ཀྱི་ཁྱད་ཆོས་ཅན་ནོ་གསུངས་པས་སོ།
རྒྱ་སྐད་དུ་“纽约”ཞེས་པ་དང་།
“贝宁”ཞེས་པ་ལྟ་བུ་བོད་སྐད་དུ་ནིའུ་ཡོག་དང་པོ་ནིང་ཞེས་དང་པོའི་སྒྲ་བཞིན་བསྒྱུར་རུང་མོད།
འོན་ཀྱང་དབྱིན་ཡིག་གི་མིང་དང་ཐོག་རྒྱ་ཡིག་ཏུ་སྒྱུར་སྐབས་སྒྲ་ཇི་བཞིན་མ་བྱུང་བར་ཟུར་ཆག་ཏུ་སྒྱུར་བ་དེ་རང་རེས་ཀྱང་བསམ་བློ་གང་ཡང་མ་བཏང་བར་ཐར་ཀར་རྒྱ་སྐད་བཞིན་ཉིའུ་ཡོ་དང་པེ་ཉིང་ཞེས་སུ་བསྒྱུར་བ།
རྒྱ་སྐད་དུ།“在党和国家的大力支持下”ཞེས་པ་ལྟ་བུ་ཏང་དང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་བར་བརྟེན་ནས་ཞེས་སྒྱུར་ཚེ་བོད་མིའི་ངག་དང་མཐུན་ཞིང་གོ་བདེ་བ་ཞིག་ཡོད་ཀྱང་ཏང་དང་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྟ་བུ་རྒྱ་མིན་བོད་མིན་གྱི་སྐད་ཡ་མ་ཟུང་ཞིག་བསྒྱུར་བ།
རྒྱ་སྐད་དུ།“打篮球,打开水,打电话”ལྟ་བུ་སྤོ་ལོའམ་ལྒང་ལི་འཕེན་དང་ཆུ་ཁོལ་ལེན། ཁ་པར་གཏོང་ཞེས་བསྒྱུར་ཚེ་བོད་སྐད་རང་གི་ཁྱད་ཆོས་ཡོད་མོད་འོན་ཀྱང་སྤོ་ལོའམ་ལྒང་ལི་རྒྱག།
ཆུ་ཁོལ་རྒྱག། ཁ་པར་རྒྱག་ཅེས་རྒྱ་གི་བྱ་ཚིག“打”ཞེས་པ་དེ་སྐབས་བབ་ཀྱི་གོ་དོན་ཡས་མས་ལ་མ་བལྟས་པར་ཐམས་ཅད་རྒྱག་ཏུ་བསྒྱུར་བ་ནི་ཤིན་ཏུ་མ་དག་པ་སྟེ།
སྒྲ་སྤྱོར་བམ་གཉིས་ལས། སྐད་གཅིག་ལས་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག་གསུངས་སོ།
ཡང་དཔེར་ན། རྒྱ་སྐད་དུ།“今年国家将投资1346.7万元”ལྟ་བུར་མཚོན་ན་སྒྲ་སྤྱོར་བམ་གཉིས་ནང་།
གྲངས་ལས་རྒྱ་གར་གྱི་སྐད་བཞིན་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་སྐད་ཀྱི་ལུགས་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་ལ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་ཐོགས་ཤིག་ཅེས་འཁོད་ཡོད་པས་འདི་ལོ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ།
ས་ཡ་བཞི། དྲུག་འབུམ་བདུན་སྟོང་གཏོང་རྒྱུ་ཡིན་པ། ཞེས་བསྒྱུར་དགོས་ཀྱང་དེང་སང་ཡིག་སྒྱུར་པ་མང་པོས་ཐད་ཀར་དུ་སྒོར་ཁྲི་1346དང་གྲངས་ཆུང་བདུན་ཞེས་བསྒྱུར་བཞིན་མཆིས་པས་དེ་ལྟར་ངན་ལམ་རྒྱུན་འབྱམས་སོང་ཚེ་མཐར་བོད་ཀྱི་གྲངས་མིང་དག་མིང་གི་ལྷག་མར་འགྱུར་རྒྱུར་ཐེ་ཚོམ་མེད་དོ།
གཞན་ཡང་དེང་སང་རྒྱང་བསྒྲགས་དང་བཪྙན་འཕྲིན།
ཚགས་པར་སོགས་སུ་གོང་ལྟའི་རྒྱ་ཡིག་ལ་བརྟེན་ཆེ་ནས་བོད་ཀྱི་བརྡ་སྤྲོད་གཞུང་དང་འགལ་བའི་དཔེ་མང་དག་ཅིག་དྲངས་རུང་ཡང་འདིར་ཡིག་རྫོབ་ལ་འཇིགས་ནས་དེ་ཙམ་གྱིས་རིགས་བགྲེ་བར་བྱའོ།
གསུམ་པ། ཡུལ་ཕྱོགས་སོ་སོའི་ཡིག་སྒྱུར་མི་གཅིག་ཅིང་སྔར་ཡོད་ཀྱི་ཐ་སྙད་ཉམས་འགྲོ་བ།
ཇི་སྐད་དུ།
དབུ་མ་རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་ན། དམ་པའི་དོན་ནི་རྟོགས་མི་གྱུར། དམ་པའི་དོན་ནི་མ་རྟོགས་ན།
མྱ་ངན་འདས་པ་ཐོབ་མི་འགྱུར། ཞེས་དང་། ཆོས་རྗེ་ས་པཎ་གྱིས། མིང་དུ་བཏགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།
དེ་བས་རྨོངས་པ་སེལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད། གསུངས་པ་བཞིན་ཐ་སྙད་ཀྱི་ཕྲེང་བ་ལས་དོན་སྟོན་པར་བྱེད་ཅིང་དེ་ནི་ཤིན་ཏུ་གལ་ཆེ་བས་སྔོན་གྱི་ལོ་པཎ་རྣམས་ནས་རང་མི་རིགས་ཀྱི་ཕ་ཚ་བུ་རྒྱུད་ལ་བསམས་ནས་ལེགས་སྦྱར་ཀྱི་སྐད་ལས་བོད་སྐད་དུ་གླེགས་བམ་རི་བོའི་གཏོས་ལྟར་མཉམ་པ་བསྒྱུར་གནང་མཛད་ཅིང་བསྒྱུར་བ་དག་ཀྱང་བོད་མིའི་ངག་ལ་བསྟུན་ཏེ་མང་པོ་ཞིག་དོན་སྒྱུར་མཛད་སྟབས་དེང་སང་མཁས་པ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད།
དཔེར་ན་སངས་རྒྱས་ལྟ་བུར་མཚོན་ཚེ་ལེགས་སྦྱར་སྐད་དུ་བྷོ་དྷི་ས་ཏོ་ཞེས་བརྗོད་ཀྱི་ཡོད་པ་དང་རང་རེས་རྒྱ་རིགས་ཀྱི་སྐད་བཞིན་བྷོ་ས་ཞེས་ཚིག་སྡུད་ལྟ་བུར་བྲོ་བ་མེད་པ་ཞིག་མ་བསྒྱུར་བར་སངས་རྒྱས་ཞེས་དོན་བསྒྱུར་བྱས་ཏེ་ཐ་སྙད་གཅིག་པོའི་ལམ་ནས་དེའི་ཐུན་མིན་གྱི་ཡོན་ཏན་རྟོགས་པར་བྱེད་པ་ཞིག་བསྒྱུར་བ་ལྟ་བུའོ།
འོན་ཀྱང་རང་རའི་སྐད་ཡིག་ལ་ཆ་བཞག་ན་བོད་སྐད་འདི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ལ་ལེགས་སྦྱར་གྱི་སྐད་དང་བསྡུར་ཆོག་པ་ཞིག་ཡོད་རུང་འཛམ་གླིང་གི་ཤེས་ཡོན་ཚང་མའི་ནང་ངེད་ཚོའི་སྐད་ཡིག་འདིས་འདང་གི་ཟེར་ནས་བསྡད་ན་ཅི་ལ་འགྲིག
དེང་སང་འཛམ་གླིང་ན་ཚན་རྩལ་གསར་གཏོད་བྱེད་པའི་འདུ་འགོད་འཚུབ་བཞིན་ཡོད་ཅིང་དེ་དང་བསྟུན་ནས་ཐ་སྙད་གསར་པ་ཡང་གྲངས་ཀྱིས་མི་ཟིན་པ་ཞིག་ཐོན་མུས་ཡིན་ཙ་ན་ཆེ་ཕྱོགས་ནས་མདོ་དབུས་ཕྱོགས་ནས་མདོ་དབུས་ཁམས་གསུམ་སྤྱི་ལ་ཁྱབ་པའི་བརྡ་ཆད་ཚད་ལྡན་བཟོ་བའི་ལས་ཁུངས་ནུས་ལྡན་ཞིག་མེད་པ་དང་ཆུང་ཕྱོགས་ནས་ཡུལ་ཕྱོགས་ཆེན་པོ་གསུམ་སོ་སོར་ཀྱང་མིང་ཙམ་ལས་དོན་དུ་གཅིག་གྱུར་གྱི་དོ་དམ་ཚན་པ་ཞིག་མེད་རྐྱེན་ཡུལ་སོ་སོར་ཡིག་སྒྱུར་བས་ལོང་བས་དབྱུག་པ་གང་འཛུགས་ལྟ་བུའི་རང་སྣང་གང་དྲན་བསྒྱུར་ནས་ཕ་རོལ་པོར་མགོ་འཐོམས་ཆེན་པོ་བཟོ་གི་ཡོད་དེ།
དཔེར་ན།
总统 ཞེས་པར་སྤྱི་དཔོན་དང་ཙུང་ཐུང་།
སྲིད་འཛིན། ལྟ་བུ།
总理 ཞེས་པར་སྡེ་སྲིད་དང་ཙུང་ལི།
སྲིད་བློན། ལྟ་བུ།
三个代表 ཞེས་པར་ཚབ་བྱེད་གསུམ་དང་མཚོན་བྱེད་གསུམ།
མཚོན་པ་གསུམ། ལྟ་བུ།
汽车 ཞེས་པར་རླངས་འཁོར་དང་མོ་ཊ།
ཆི་ཁྲི། སྒ་འགྲིལ། ལྟ་བུ།
市场 ཞེས་པར་ཚོང་ར་དང་ཁྲོམ་ར།
ལྟ་བུ།
哲学 ཞེས་པར་ཤེར་རྟོག་རིག་པ་དང་གཏན་ཚིག་རིག་པ།
མཚན་ཉིད་རིག་པ། ལྟ་བུ།
青藏高原 ཞེས་པར་མཚོ་བོད་མཐོ་སྒང་དང་མདོ་དབུས་མཐོ་སྒང་།
མཚོ་བོད་ས་མཐོ་། ལྟ་བུ།
小康社会 ཞེས་པར་འབྱོར་འབྲིང་སྤྱི་ཚོགས་དང་།
ལྟོ་གོས་འཕྱིས་པའི་སྤྱི་ཚོགས། ལྟ་བུ།
法轮功 ཞེས་པར་ཆོས་འཁོར་སྒོམ་སྒྲུབ་དང་ལུང་ལོག་ལྟ་ཅན།
རྩ་རླུང་ཆོས་འཁོར་། ལྟ་བུ།
电视 ཞེས་པར་བཪྙན་འཕྲིན་དང་གློག་པྲ།
ལྟ་བུ།
原子 ཞེས་པར་ཡོན་རྔུལ་དང་ཡོན་ཙེ།
རྔུལ་ཕྲན། སྐད་ཅིག་མ། ལྟ་བུ།
保险
ཞེས་པར་བརྟན་སྩོལ་དང་འགན་བཅོལ།
ལྟ་བུ།
省长 ཞེས་པར་ཞིང་སྤྱི་དང་ཞིང་དཔོན།
ཧྲེན་ཀྲང་། སོགས་རྒྱའི་ཐ་སྙད་གཅིག་ལ་བསྒྱུར་མི་འདྲ་བའི་དཔེ་དེ་རིགས་ཤིན་ཏུ་མང་ངོ།
གོང་དུ་བཀོད་པ་བཞིན་མ་ཡིག་གཅིག་ལ་མིང་འདོགས་ཀྱི་ཐ་སྙད་མིང་གཅིག་པའི་བུ་ཡིག་མང་པོ་དེ་འདྲ་ཞིག་ཐོན་སྟབས་ཕྱི་རྒྱལ་ནས་ཕེབས་པའི་བོད་རིགས་འགས་དེང་སང་གི་ཚགས་པར་དང་རླུང་འཕྲིན།
བཪྙན་འཕྲིན་ལས་གང་ཞིག་བརྗོད་ཀྱི་ཡོད་པ་གོ་ཐུབ་མི་འདུག་ཟེར་བ་བདེན་གཏམ་རང་ཡིན་ནོ།
མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས།
མིང་ཚིག་གཅིག་མཐུན་ཞིག་མ་བྱུང་ཚེ་སློབ་མ་རྣམས་ལའང་དེ་ལུགས་ཀྱི་མིང་འདོགས་རྣམ་པ་སྣ་ཚོགས་ཏེ་བསླབ།
མིང་འདོགས་མི་མཐུན་པ་དེ་ལས་བྱུང་བའི་འབྲས་བུ་ལ་བྱ་གཞག་གཅིག་ཡིན་ན་ཡང་གོ་བ་ལེན་སྟངས་མི་འདྲ་བ་རེ་བློ་ལ་བཞག
དེའི་དབང་གིས་ཤེས་པར་བྱ་རྒྱུ་དེ་སྤྱིར་ན་ལས་སླ་མོ་ཞིག་ཡིན་ཡང་མིང་ཚིག་ཐ་དད་པའི་དབང་གིས་ཇེ་དཀའ་ལ་བཏང་ནས་མཐར་སེམས་ལ་འཛིན་དཀའ་བ་ཞིག་ཏུ་གྱུར་ཡོད་ཅེས་དང་ཡང་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བོད་སྐད་དུ་རྩ་བ་ནས་མེད་པའི་ཐ་སྙད་རྣམས་བསྒྱུར་བྱའི་མ་ཡིག་གི་མིང་དོན་དང་བསྟུན་ནས་བསྒྱུར་འོས་རྣམས་དེ་བཞིན་དུ་བསྒྱུར་ནས་བོད་སྐད་ཀྱི་མིང་གསར་པ་བཟོ་བ་དང་དེ་བཞིན་དུ་བསྒྱུར་ན་བརྗོད་མི་བདེ་ཞིང་དོན་འཁྲུལ་བ་ཡོད་རིགས་ལ་དངོས་པོ་དེའི་ངོ་བོ་དང་བྱེད་ལས།
དབྱིབས། ཁ་དོག་སོགས་ལ་བརྟེན་ནས་མིང་གསར་པ་བཏགས་ན་ལེགས་ཤིང་། དེ་ཡང་ས་གནས་ཁག་སོ་སོའི་མཁས་པ་རྣམས་ལ་བཀའ་འདྲི་ཞུས་ནས་གཏན་ལ་ཕབ་རྗེས་ཚགས་པར་དང་བཪྙན་འཕྲིན།
རྒྱང་བསྒྲགས་སོགས་ལས་དྲིལ་བསྒྲགས་བྱས་ཏེ་ཞིང་ལྗོངས་ལྔའི་ཁོངས་ཀྱི་བོད་མི་ཡོངས་ཀྱིས་གཅིག་མཐུན་གྱིས་བེད་སྤྱོད་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་དེ་ནི་ཥ་ཅང་གལ་ཆེན་པོ་ཞིག་རེད་ཅེས་གསུངས་གནང་ཡོད་པས།
དེས་ན་མི་རིགས་ལ་སེམས་ལྷད་ཀྱི་དྲི་མས་མ་འགོས་པ་དང་རང་མི་རིགས་ཀྱི་རིག་གནས་ལ་དང་ཞེན་ཡོད་པའི་མཁྱེན་དཔྱོད་ཡངས་པ་རྣམས་ཀྱིས་ཐ་སྙད་གཅིག་འགྱུར་ཡོང་ཐབས་བཟང་པོ་ཞིག་འཚོལ་ཞིབ་བྱེད་དགོས་པ་དང་ལྷག་དོན་དུ་ལོ་རེར་འཆར་ཅན་འཚོག་རྒྱུའི་ཞིང་ལྗོངས་ལྔའི་རླུང་འཕྲིན་དང་བཪྙན་འཕྲིན་ལས་དོན་ཚོགས་འདུའི་ཐོག་གཅིག་འགྱུར་གྲོས་ཞིབ་གནང་ན་ཤིན་ཏུ་ལེགས་པར་སེམས།
བོད་འདི་གནའ་རབས་ཀྱི་དུས་སུ་རིག་གནས་ཤིན་ཏུ་དར་ཆེ་བའི་མི་རིགས་ཤིག་ཡིན་པས།
ཆོས་སྲིད་གང་གི་ཆ་ལ་ཡང་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་རུང་འགའ་ཞིག་དུས་དབང་གིས་བེད་སྤྱོད་མེད་པར་གྱུར་བ་དང་འགའ་ཞིག་སྒྱུར་མཁན་ཚོས་མ་རྟོགས་པའི་སྐྱོན་གྱིས་སྔར་ཡོད་ཀྱི་ཐ་སྙད་མང་པོ་ཞིག་ཉམས་བརླགས་འགྲོ་བཞིན་ཡོད་དེ།
དཔེར་ན། རྒྱ་སྐད་དུ་演讲ཞེས་པ་རང་རེའི་སྐད་དུ་སྔར་ནས་མཁས་པ་ཆེ་གེ་མོས་ལེགས་སྦྱར་གནང་ཞེས་ཀུན་གྱི་ཁ་ལ་ཡོད་ཀྱང་དེང་སང་མི་ཤེས་ཤེས་ཁུལ་གྱིས་འཆད་འཁྲིད་དང་གསུང་བཤད་ཅེས་བསྒྱུར་བ།
རྒྱ་སྐད་དུ། 山南地区དང་那曲地区ཞེས་པར་ལྷོ་ཁ་ས་ཁུལ་དང་ནག་ཆུ་ས་ཁུལ་ཞེས་མི་བསྒྱུར་བར་སྔར་གྱི་འབོད་སྲོལ་ལྟར་ལྷོ་སྤྱི་དང་བྱང་སྤྱི་ཞེས་བསྒྱུར་ན་འགྲིག་སྟེ།
རྒྱ་སྐད་ཀྱི་ཤན་ཞན་ཞེས་པ་དེང་སང་ཡང་རྫོང་ཞེས་སྔར་གྱི་མིང་ཚིག་ཪྙིང་པ་དེ་རང་བཀོལ་མུས་ཡིན་པས་ཕྱིར།
རྒྱ་སྐད་དུ་村长ཞེས་པ་བོད་སྐད་ལ་སྡེ་དཔོན་ཞེས་སུ་འབོད་སྲོལ་ཡོད་ཀྱང་སྒྲ་གཡར་ཏེ་ཚུན་ཀྲང་དང་ཡང་ན་གྲོང་ཚོའི་དཔོན་པོ་ཞེས་གསར་དུ་མིང་འདོགས་པ།རྒྱ་སྐད་དུ།
四姑娘山ཞེས་པ་བོད་སྐད་དུ་སྐུ་ལྷ་ཞེས་སུ་འབོད་དེ་རྒྱལ་རོང་ཁུལ་དུ་སྔོན་བོན་ཆོས་དར་ཆེ་བས་རི་དེ་བོན་གྱི་སྐུ་ལྷ་ཡིན་པར་འདོད་ཅིང་རྒྱལ་རོང་བས་མགོ་ཅན་དང་དབྱངས་གསལ་མིང་གཞི་རྣམས་གསར་པོར་འདོན་སྲོལ་ཡོད་དེ་འཕགས་པ་ཞེས་པར་འ་ཕ་ག་ས་འཕགས་པ།
(巴思巴)ཞེས་འདོན་གྱི་ཡོད་མེད་དེ་ཉིད་མི་ཤེས་མཁན་ཚོས་རྒྱ་ཡིག་གི་རྗེས་སུ་གཡམ་རྒྱུགས་བྱས་ཏེ།
བུ་མོ་མཆེད་བཞིའི་རི་ཞེས་བསྒྱུར་ཐོག་དེ་ལ་ཡང་བུ་མོ་མཆེད་བཞིའི་རི་ཞེས་ཐོགས་དགོས་དོན་གཏམ་རྒྱུད་མི་སེམས་འགུལ་བ་ཞིག་ཀྱང་བཟོས་པ་དེ་ནི་བྱིས་པར་མ་གཏོགས་མགོ་བོ་སྐོར་མི་ཐུབ་བོ།
རྒྱད་སྐད་དུ།
词令部ཞེས་པ་བོད་རང་གི་སྐད་དུ་དམག་སྤྱི་ཁང་ཞེས་འབོད་རུང་སྒྲ་གཡར་ཏེ་སི་ལིང་པུའུ།
ཞེས་བསྒྱུར་བ། རྒྱ་སྐད་དུ་发生冲突ཞེས་པར་བོད་སྐད་དུ་ཕན་ཚུན་དམག་ཐུག་ཅེས་བརྗོད་རུང་ཕན་ཚུན་གདོང་ཐུག་བྱུང་བ་ཞེས་དོན་ཇི་ཡིན་མི་ཤེས་པའི་ཐ་སྙད་གསར་པ་ཞིག་བཟོས་པ།
ཡང་རྒྱ་སྐད་དུ་དཔེར་ན། 排长དང་连长,团长,队长ཞེས་པ་བོད་རང་གི་སྐད་དུ་སྔར་ནས་ལྡིང་དཔོན་དང་བརྒྱ་དཔོན།
མདའ་དཔོན། རུ་དཔོན། ཞེས་ཤོད་སྲོལ་ཡོད་རུང་དེང་སང་ཐ་སྙད་དེ་དག་ཡོངས་སུ་བསྒྱུར་ནས་ཕེ་ཀྲང་དང་ལན་ཀྲང་།
ཐོན་ཀྲང་། ཏུས་ཀྲང་ཞེས་སྒྲ་སྒྱུར་བྱེད་པ་ལྟ་བུའི།
ལྷ་ས་ནི་སྔར་ནས་བོད་ཀྱི་ཆོས་སྲིད་ཟུང་གི་ལྟེ་བ་ཡིན་ཅིང་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་དང་ཕྱི་འབྲེལ་བྱེད་ཤུགས་ཆེ་རུ་སོང་བ་དང་བསྟུན་སྐབས་དེར་ཐ་སྙད་གསར་པ་མང་པོ་ཞིག་ཐོན་ཡོད་པ་ད་ཆ་ཡང་བེད་སྤྱོད་བྱེད་མུས་ཡིན་ཏེ་དཔེར་ན།
སྲིད་འཛིན(总统)བཅས་ཡིག་(禁令)གཞུང་ཚབ་ཁང་(领事馆)ལྟ་བུ་ཡིན་པ་དང་།
སྐབས་དེར་སྲིད་དང་འབྲེལ་བའི་ཐ་སྙད་མང་དག་ཅིག་ལྷ་ས་གཙོ་བོ་འགྱུར་བའི་དབུས་གཙང་ཁུལ་དར་ཁྱབ་ཆེ་བ་ལས་མདོ་ཁམས་ཕྱོགས་སུ་དར་ཆེན་པོ་མེད་སྟབས་དེང་དུས་དབུས་གཙང་དང་ལྷག་དོན་དུ་མདོ་ཁམས་ཕྱོགས་ཀྱི་ལོ་ཙྭའི་མིང་ཅན་ཚོས་མ་མཐོང་ཕྱིར་ན་མེད་པར་དགོངས་ནས་རང་འདོད་ཨུ་ཚུགས་ཀྱིས་ཐ་སྙད་གསར་བཟོ་བྱེད་པ་དཔེར་ན་财政局ཞེས་པར་ནོར་སྲིད་ཅུས་དང་面试ཞེས་པར་ངོ་རྒྱུགས་ཞེས་པ།
喜剧演员ཞེས་པར་དགོད་སློང་མཁན་ཞེས་བསྒྱུར་བ་སོགས་ཤིན་ཏུ་མང་བས་དེ་དག་ནི་ཁྲོན་པའི་ནང་གི་སྦལ་པའི་བརྟུལ་ཞུགས་འཛིན་པ་ཚོས་བྱ་བར་སྦོབས་ཀྱིས་གཞན་གྱིས་ག་ལ་ཡིན།
བོད་ཀྱི་གཞུང་ལུགས་ཁག་ཏུ་དེ་དག་རིམ་པ་བཞིན་དཔལ་འབྱོར་ལས་ཁུངས་དང་མི་བབ་སྤྱན་ཞུའམ་བཤད་རྒྱུགས།
གཞན་གད་པ་ཞེས་སྔར་ནས་ཤོད་མུས་ཡིན་པས་དབུས་གཙང་དང་ལྷག་དོན་དུ་མདོ་སྟོད་སྨད་ཀྱི་ལོ་ཙྭ་བ་ཚོས་རང་གི་འགན་བབ་འཁུར་ནས་སྲིད་དང་འབྲེལ་བའི་ཐ་སྙད་སྐོར་ལ་སྔར་གྱི་དབུས་གཙང་ཕྱོགས་ཀྱི་གཞུང་ཡིག་ཁག་ལ་ཞིབ་ལྟ་བྱ་དགོས་པ་དང་།
དེ་དག་ཏུ་ཡང་མེད་ཚེ་ད་གཟོད་གསར་བཟོ་བྱས་ཀྱང་རུང་ངོ་། སྨྲས་པ།
ཏོག་གཅིག་འཛམ་གླིང་རྩེ་མོའི་གངས་ལྗོངས་ཀྱི།།
ལུགས་གཉིས་ལེགས་པར་སྟོན་ནུས་སྤྱི་ཡི་སྐད།།
ཆོལ་གསུམ་ལོ་ཙྭའི་མིང་ཅན་གུ་དོག་འགས།།
མཐའ་བཞིའི་སྐད་ཀྱིས་དེ་ཉིད་འཇིག་པར་རྩོམ།།
བཞི་པ། མཇུག་གི་ཞུ་འཕྲིན།
དེ་ལྟར་གོང་དུ་མིག་སྔའི་ཡིག་སྒྱུར་ཁྲོད་ཀྱི་སྐྱོན་འགའ་ཞིག་གླེང་ཁུལ་བགྱིས་ཀྱང་གསང་སྤྱོད་བསྔོག་ན་དྲི་མ་ཇེ་ཆེར་འགྲོ་ཞེས་པའི་དཔེ་ལྟར་སྐྱོན་བརྗོད་ཀྱིས་མི་ལང་བས་བོད་མི་རིགས་ལ་ཤ་ཞེན་ཡོད་པ་དང་བོད་ཀྱི་རིག་གནས་ལ་དང་ཞེན་ཡོད་པ་ཚོས་གསོས་བདེ་གུ་ཡངས་ངང་སྡོད་པ་དང་མི་ཉི་སྐྱེལ་ཚོའི་རྗེས་སུ་འབྲངས་ཏེ་ཆུ་ཡར་རྒྱུགས་ཀྱང་རུང་མར་རྒྱུགས་ཀྱང་རུང་རང་ཉིད་རྩམ་པ་འཐག་མི་དགོས་ཟེར་བའི་ཐ་མིའི་ངག་ལ་མི་ཉན་པར་ཅིས་ཀྱང་ཐ་སྙད་གཅིག་འགྱུར་ཡོང་ཐབས་དང་བརྡ་སྤྲོད་གཞུང་མི་ཉམས་གོང་འཕེལ་འགྲོ་སྒྱུར་འབད་དགོས་སོ།
རང་ཉིད་ནས་མནོ་བསམ་ཇི་འདྲ་བཏང་རུང་ཡི་གེ་སྒྱུར་སྟངས་དེ་སྒྲ་སྦྱོར་བམ་གཉིས་ལ་གཞི་བྱས་ཏེ་བོད་ཆོལ་ཁ་གསུམ་གྱི་མཁས་དབང་གཅིག་ཏུ་འཛོམས་ནས་ཐ་སྙད་དང་བསྒྱུར་ཚུལ་གཅིག་འགྱུར་བཟོ་བའི་བཀས་བཅད་ཐེངས་བཞི་པ་བྱེད་པའི་དུས་ལ་བབ་པར་སྙམ།
གལ་ཏེ་ངེད་ཚོའི་མི་ཐོག་འདི་ལ་བྱ་བ་དེ་བསྒྲུབ་མ་ཐུབ་ཚེ་ཕྱིས་སུ་རེ་བའི་འབྲས་བུ་ཤིན་ཏུ་ཉག་ཕྲ་བ་སྟེ་མིང་དུ་གྲགས་པའི་མཁས་པ་རྣམས་ནི་འདས།
གཞོན་ནུ་ཚོས་མ་དག་པ་གང་འཚམས་སྒྱུར། བུ་ཕྲུག་ཆུང་ངུ་ཚོས་མ་ཤེས་པར་དེ་བས་མ་དག་པ་གང་མང་ཞིག་སྒྱུར་ཙ་ན་ནམ་ཞིག་སྔར་གྱི་དྲིན་ཅན་ལོ་པཎ་རྣམས་ཀྱིས་བསྒྱུར་གནང་མཛད་པའི་དཔེ་ཆ་རྣམས་ཀྱང་དོན་མི་ཤེས་པའི་དུས་ཤིག་ཤར་དུས།
ལེ་ལན་རང་ལ་ཡོད་པ་ལྟར་ལེ་ལན་རང་གིས་འཁུར་ཤེས་པའི་དམན་ས་བཟུང་ན་ལེགས་མོད་ཀྱི། དེ་ལྟར་མིན་པར་དཔེ་ཆས་མ་འགྲིག་པ་དང་བརྡ་སྤྲོད་གཞུང་དེ་ཉིད་འཐུས་ཚང་མེད་པར་བསྙད་ནས་དཔེ་ཤོག་འདི་ཚོར་གོ་རྒྱུ་མི་འདུག།
ཐོན་མི་བསམ་བྷོ་ཊས་བོད་སྐད་བཞིན་བརྡ་སྤྲོད་གཞུང་འདི་ཉིད་བྲིས་མི་འདུག་ཟེར་བའི་དུས་ངན་འཆར་ཉེན་ཆེན་པོ་ཡོད།
དེ་སྔར་མོན་གྱི་ས་ཆ་ཞིག་ལ་རྡོ་རྗེ་གཅོད་པའི་དཔེ་ཆ་མང་ཆེ་བ་མ་དག་པ་དང་དག་པ་གཅིག་རང་ཡོད་པ་དེ་ཞུ་དག་བྱེད་སྐབས་མ་དག་པ་མང་བ་དེ་དང་སྒོ་བསྟུན་ནས་མཐར་དག་པ་གཅིག་པུ་དེ་མ་དག་པར་བཅོས་ནས་གསེར་སྐུ་རག་ལ་བཏང་བའི་ལོ་རྒྱུས་དངོས་སུ་བྱུང་མྱོང་ཡོད་པས་རང་རེའི་བརྡ་སྤྲོད་གཞུང་ལ་དེ་ལྟ་བུའི་གནས་ཚུལ་མི་ལྷགས་ཆེད་ཁོ་བོས་དེང་དུས་འཚོ་ཞིང་བཞུགས་པའི་མཁས་དབང་རྣམས་དང་ཡིག་སྒྱུར་ཕྱག་ལས་གནང་མི་ཚོས་དེ་རིགས་བསླབ་བྱར་བཟུང་ནས་ཅིས་ཀྱང་བཀས་བཅད་ཐེངས་བཞི་པ་བྱེད་ཕྱོགས་ལ་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན།།
སླར་སྨྲས་པ།
འདི་ནི་ངོ་ལྐོག་བྲལ་བའི་དྲང་གཏམ་ཡིན་གྱི་ཡིན་མིན་གོ་ལོག་ལྡེབ་པའི་རྫུན་གཏམ་མིན།།
འདི་ནི་རིགས་ལ་སྨན་པའི་གྲོས་འདེབས་ཡིན་གྱི་མི་མཐུན་ནང་འཛིང་སློང་བའི་ཕྲ་མ་མིན།།
འདི་ནི་གནས་ལུགས་ལྟ་བའི་དོགས་སློང་ཡིན་གྱི་ངན་སྨྲས་ལོག་པར་སྨྲ་བའི་ཚིག་རྩུབ་མིན།།
འདི་ནི་ལྷག་བསམ་དཀར་པོའི་ཞུ་འབོད་ཡིན་གྱི་དོན་མེད་ཅ་ཅོ་སྒྲོག་པའི་ངག་འཁྱལ་མིན།།
(རྩོམ་པ་པོ།
ཕུན་ཚོགས་རྡོ་རྗེ།
བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་སུ་ཕྱག་ལས་གནང་བཞིན་ཡོད།)
རྩོམ་སྒྲིག་པ།
སྐྱིད་ལུས།



