སློབ་ཆུང་ལོ་རིམ་དང་པོའི་བོད་ཡིག་དབུ་ཆེན་གྱི་ཀློག་འདོན་ཐད་ཤུགས་སྣོན་རྒྱག་དགོས།
ཟླ་བ།
ནང་དོན་གནད་བསྡུས། རྩོམ་འདིར་སློབ་ཆུང་ལོ་རིམ་དང་པོ་ནས་དབུ་ཆེན་དང་དབུ་མེད་གཉིས་ཀྱི་ཕན་ཚུན་བསྡུར་བའི་ཀློག་འདོན་སློབ་ཁྲིད་ལ་སྣང་ཆུང་མ་བྱས་པར་སློབ་མ་རྣམས་ལོ་རིམ་དང་པོ་ནས་ཀློག་འདོན་དག་པོ་དང་ཡིག་ངོ་ཆོད་།
བྱང་ཆུབ་པོ་ཡོང་བ་བྱས་ཏེ་འབྲེལ་ཡོད་ཤེས་བྱ་གཞན་སྦྱོང་རྒྱུར་ནུས་པ་གང་ལེགས་འདོན་སྤེལ་བྱ་རྒྱུར་སྐུལ་ཡོད།
བརྡ་ཆད་གཙོ་བོ། སློབ་ཆུང་ལོ་རིམ་དང་པོ།
བོད་ཡིག་དབུ་ཆེན། ཀློག་འདོན། ཤུགས་སྣོན། བྱེད་ཐབས།
སློབ་ཆུང་ལོ་རིམ་དང་པོ་ནི་སློབ་ལོ་ལོན་པའི་བྱིས་པ་རྣམས་སློབ་པ་ལམ་ལ་འཇུག་པའི་ཐོག་མ་དང་རྨང་གཞིའི་སློབ་གསོ་མྱོང་བའི་ཐོག་མ།
མ་འོངས་མེས་རྒྱལ་འཛུགས་སྐྲུན་བྱེད་མཁན་ཞིག་ཀྱང་ཡིན་རྐྱེན་ང་ཚོས་ཁོང་ཚོའི་བསམ་བློ་ཀུན་སྤྱོད་དང་ཤེས་རིག
གཟུགས་པོ་བཅས་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཤེས་ལྡན་པ་ཞིག་ཆགས་རྒྱུར་རེ་སྨོན་བྱེད་བཞིན་ཡོད།
སློབ་ཆུང་ཁག་ལ་ཆ་མཚོན་ན་རྨང་གཞིའི་སློབ་གསོ་དང་བྱང་ཚད་སློབ་གསོའི་གཉེར་ཕྱོགས་ཐད་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ནི་སློབ་པ་ལམ་ལ་ཞུགས་མ་ཐག་པའི་སློབ་ཆུང་ལོ་རིམ་དང་པོའི་སློབ་གསོ་སློབ་ཁྲིད་ཀྱི་ཕྱག་ལས་དེ་རེད།
དེར་བརྟེན་སློབ་ཆུང་ཁག་གིས་ལོ་རིམ་དང་པོའི་དགེ་རྒན་བཀོད་སྒྲིག་ཐད་སློབ་ཐོན་འཛིན་གྲྭ་བཞིན་གཙིགས་སུ་འཛིན་དགོས་པ་ལས་སྣང་ཆུང་ཕྲ་མོ་ཙམ་ཡང་ཤོར་མི་རུང་ལ་དགེ་རྒན་ཚོས་ཀྱང་དེ་བས་སློབ་ཁྲིད་ཀྱི་ཕྱག་ལས་ཁྲོད་སླ་བཅོས་དང་སྣང་མེད་དབང་དུ་ཡེ་ནས་འཇོག་མི་རུང་།
རང་ས་གནས་ཞིང་འབྲོག་ཁུལ་གྱི་སློབ་ཆུང་ཁག་ལ་ཆ་མཚོན་ན།
དེང་ཕན་ཆད་འཁྲིད་བྱའི་ཤེས་བྱ་ཁག་ལས་རྒྱའི་སྐད་ཡིག་ཕུད་བསླབ་ཚན་གཞན་རྣམས་བོད་སྐད་ཡིག་ལ་བརྟེན་ནས་སློབ་ཁྲིད་དང་བལྟ་ཀློག
ངོས་འཛིན། ཉམས་ལེན། སློབ་གསོ་མྱོང་བ་སོགས་བྱེད་བཞིན་ཡོད། འོན་ཀྱང་ཞིང་འབྲོག་ཁུལ་གྱི་སློབ་ཆུང་ནང་ལོ་རིམ་དང་པོའི་བོད་སྐད་ཡིག་འབྲི་ཀློག་སློབ་ཁྲིད་ཐད་སྣང་ཆུང་ཤོར་ནས་ལས་སླ་མདོག་ཞིག་མངོན་པ་དང་།
ལྷག་དོན་ཀློག་འདོན་གྱི་རྨང་གཞིར་དོ་སྣང་ཆེར་མི་མཛད་རྐྱེན་རིམ་གྱིས་ལོ་རིམ་མཐོ་བར་སླེབས་སྐབས་སྦྱང་བྱའི་ཤེས་བྱ་གཞན་བལྟ་ཀློག་དང་ངོས་འཛིན།
གོ་ལེན། བསམ་གཞིགས་བྱ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་འགྲོ་བ་ནི་ཀུན་གྱིས་གླེང་ཆོས་སུ་གྱུར།
དེའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་རིམ་དང་པོའི་བོད་སྐད་ཡིག་སློབ་ཁྲིད་མཁན་ཚོས།
གཅིག་ནས་<<སྐད་ཡིག་སློབ་ཁྲིད་རྩ་འཛིན་>>གྱི་ནང་དོན་ལ་གོ་ལེན་གཏིང་ཟབ་དང་ངོས་འཛིན་གསལ་པོ་མ་བྱུང་བ།
གཉིས་ནས་སློབ་གཞིའི་ནང་མཉམ་དུ་བཀོད་པའི་དབུ་ཆེན་དང་དབུ་མེད་གཉིས་ཕན་ཚུན་བསྡུར་ཐབས་ལ་བརྟེན་ནས་སློབ་མར་ངོ་སྤྲོད་དང་ཡིག་ངོ་ཆོད་པ།
ཀློག་འདོན་བྱང་བ་ཞིག་ཡོང་རྒྱུར་གཙིགས་འཛིན་མ་ཐུབ་རྐྱེན་ལས་བྱུང་བ་གདོན་མི་ཟ། གསུམ་ནས་གོང་རིམ་གྱི་ཡིག་རྒྱུགས་ཁག་ནང་ཀློག་རྒྱུའི་སྦྱོང་བརྡར་མེད་པས་དགེ་སློབ་གཉིས་ཀ་ཡིག་རྒྱུགས་ཀྱི་བྲེལ་ཟིང་ནང་ལྷུང་ཏེ་ཀློག་འདོན་གྱི་སློབ་ཁྲིད་གལ་ཆེར་མི་འཛིན་པས་སོ།
དེའི་སྣང་ཚུལ་ནི་དཔེར་ན་སྤྱིར་ལོ་རིམ་དང་པོར་སློབ་མ་ཚོས་བོད་སྐད་ཡིག་ཕུད་ཨང་རྩིས་དང་བསམ་བློ་ཀུན་སྤྱོད་སོགས་དབུ་མེད་ཐོག་ནས་འཁྲིད་པས་སློབ་ཁྲིད་བྱེད་སྐབས་སློབ་མས་རྩ་བའི་ཆ་ནས་ཀློག་འདོན་དང་གོ་ལེན།
བསམ་གཞིགས་ཐད་དེ་ཙམ་གྱི་ངལ་བ་མེད། འོན་ཏེ་རང་བྱུང་བསླབ་ཚན་སློབ་ཁྲིད་སྐབས་ནང་དོན་ཚང་མ་བྱིས་པ་ཚོས་ཆ་རྒྱུས་ཡོད་པའི་ནམ་རྒྱུན་འཚོ་བའི་ནང་འཕྲད་ངེས་ཀྱི་གནས་ཚུལ་དང་།
དགའ་ཞེན་བློ་འདོད་བྱ་ཡུལ་སོགས་བྱིས་པའི་ན་ཚོད་ཀྱི་ཁྱད་ཆོས་ལ་དམིགས་ནས་རྩོམ་སྒྲིག་བྱས་ཡོད་པ་མ་ཟད།
དཔེ་རིས་ཀྱིས་ལྷན་དུ་མཚོན་པར་བྱས་ཀྱང་ནང་དོན་དང་། དཔེ་རིས་ཀྱི་ངོ་སྤྲོད་དག་དབུ་ཆེན་ཁོ་ནས་མཚོན་པར་བྱས་སྟབས་དཔེ་རིས་ཇི་ལྟར་སྣ་མང་ཕུན་སུམ་ཚོགས་ཀྱང་།
ཀློག་འདོན་ངོས་འཛིན་བྱ་རྒྱུའི་ཐད་སློབ་གཞི་གཞན་དང་འདྲ་བའི་ཀློག་འབྱོང་པོ་ཇི་བཞིན་མ་ཐུབ་སྟབས།
ཁོ་ཚོ་རང་བྱུང་ཁམས་ལ་དགའ་ཞེན་དང་རང་བྱུང་ཁམས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཇེ་ཞན་དུ་འགྲོ་བཞིན་ཡོད།
བསླབ་གཞི་རྩོམ་སྒྲིག་ལ་ཆ་མཚོན་ན་བོད་སྐད་ཡིག་དེབ་དང་པོའི་ནང་ཡ་ར་ལ་ཝའི་སྨད་འདོགས་དང་ར་ལ་ས་གསུམ་གྱི་མགོ་ཅན་མཚམས་སྦྱོར་བྱེད་སྐབས་དབུ་ཆེན་དང་དབུ་མེད་ཕན་ཚུན་བསྡུར་བ་བྱས་ནས་སློབ་མར་ངོས་སྦྱོར་དང་ཀློག་འདོན།
ཡིག་ངོ་ཆོད་རྒྱུའི་རེ་བཀོད་ཙམ་ལས་བོད་སྐད་ཡིག་དེབ་གཉིས་པ་དང་གསུམ་པའི་ནང་དུའང་དབུ་ཆེན་ཐད་ནས་འབྲི་ཀློག་སྐོར་བཀོད་སྒྲིག་མཛད་མེད།
དེས་ན་ཁོ་ཚོ་ལོ་རིམ་གཉིས་པར་སླེབས་སྐབས་སྦྱང་བྱའི་ཨང་རྩིས་དང་བསམ་བློ་ཀུན་སྤྱོད། རང་བྱུང་ཤེས་བྱ་ཚང་མ་དབུ་ཆེན་གྱི་ཀློག་འདོན་དང་ཡེ་ནས་བྲལ་ཐབས་མེད་རྐྱེན་སྦྱང་བྱའི་ཤེས་བྱར་སྒྲ་དག་ཅིང་མྱུར་ཚད་རན་པོས་ཀློག་འདོན་དང་གོ་ལེན།
བསམ་གཞིགས་བྱ་རྒྱུ་ལྟ་ཅི། ཀློག་འདོན་ཁྲོད་དབུ་ཆེན་གྱི་ང་དང་ད། ཇ་དང་ཛ། ཆ་དང་ཚ་ཡ་དང་ཨ།
ཕ་དང་མ། ཅ་དང་ཙ ལ་དང་ས། ཏ་དང་ད། མེ་དང་མི། ཏ་དང་ཧ་ལྟ་བུ་གཟུགས་འདྲ་བ་རྣམས་ཕན་ཚུན་འཁྲུལ་བའམ་ཡིག་ངོ་མ་ཆོད་པ།
སྡུད་ཀློག་ཐད་ངའི་སྙུག་གུ ངས་བྲིས་ལྟ་བུ་བྱེད་འབྲེལ་དབྱེ་བ་ཕྱེ་བ་མང་དུ་མཆིས་པས་སྦྱངས་བྱའི་ཤེས་བྱ་གཞན་དེ་ཚོར་དཀའ་ངལ་ཤུགས་ཆེན་འཕྲད་མུས་ལགས།
ལྷག་དོན་དུ་ལོ་རིམ་དང་པོར་ཨང་རྩིས་ཀྱི་རྨང་གཞི་འགྲིག་ཙམ་ཡོད་པའི་སློབ་མ་ཁག་ཅིག་ལོ་རིམ་གཉིས་པར་སླེབས་སྐབས་སྟབས་བདེའི་བེད་སྤྱོད་རྩིས་གཞི་དང་བསམས་གཞིགས་བྱ་གཞིར་གོ་ལེན་རྩིས་རྒྱག་དང་།
དབྱེ་འབྱེད་བརྡར་ཤ་ཆོད་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ནས་སྦྱངས་འདོད་ཇེ་ཉམས་དང་སྦྱངས་འབྲས་ཇེ་ཞན་དུ་སོང་བས།
ཨང་རྩིས་དགེ་རྒན་ལ་སྐུ་ངལ་ཆེན་པོ་བཟོ་གིན་ཡོད། སློབ་མས་བྱང་ཆུབ་པའི་སྒོ་ནས་དབུ་ཆེན་དབུ་མེད་ཀྱི་དཔེ་ཆ་ཀློག་འདོན་བྱ་རྒྱུ་ནི་སློབ་མའི་ཁྱོན་ཡོངས་ཀྱི་བསམས་གཞིགས་ནུས་པ་གོང་མཐོར་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པས་སློབ་ཆུང་ལོ་རིམ་དང་པོ་ནས་ཀློག་འདོན་གྱི་རྨང་གཞི་བརྟན་པོ་ཞིག་དང་བྱང་ཆུབ་པོ་ཞིག་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
སློབ་དཔོན་གྱིས་“སློབ་ལ་བརྩོན་པའི་གང་ཟག་གིས།
དང་པོ་ང་རོ་རྣམས་ལ་སྦྱོངས”ཞེས་གསུངས་པ་ལྟར་སློབ་ཆུང་ལོ་རིམ་དང་པོར་སྦྱོར་ཀློག་གི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་ལྷག་པར་དུ་དབུ་ཆེན་དང་དབུ་མེད་ཀྱི་ཀློག་འབྱོང་པོ་ཡོང་བ་བྱ་རྒྱུ་ནི་བོད་སྐད་ཡིག་གི་གཞི་མ་དང་སློབ་ཆུང་ལོ་རིམ་དང་པོའི་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་ལས་འགན་གཙོ་གནད་ཞིག་ཀྱང་ཡིན།
ལོ་རིམ་དང་པོའི་དགེ་རྒན་རྣམས་སྐུ་ངལ་ཅུང་ཟད་ཆེ་ན་ཡང་། དེར་དང་དོད་མ་བྱས་ན་རིམ་གྱིས་ལོ་རིམ་མཐོ་བར་སླེབས་སྐབས་ཤེས་བྱ་གཞན་སྦྱོང་རྒྱུར་དེ་བས་དཀའ་ངལ་ཆེ་བ་ནི་གདོན་མི་ཟའོ།
དེས་ན་སློབ་ཆུང་ལོ་རིམ་དང་པོའི་བོད་སྐད་ཡིག་དགེ་རྒན་ཚོས་སློབ་གཞིའི་ནང་དོན་ཁོ་ནས་བློ་ཡིད་མ་འཚིམས་པར་<<སྐད་ཡིག་སློབ་ཁྲིད་རྩ་འཛིན>>གྱི་རེ་དོན་གཞིར་བཟུང་ཞིང་བོད་སྐད་ཡིག་གི་རྩ་བའི་ཁྱད་ཆོས་དང་བསྟུན་ནས་དང་པོ་ནས་དབུ་ཆེན་དང་དབུ་མེད་གཉིས་ཀྱི་སྦྱོར་ཀློག་སློབ་ཁྲིད་ལ་སྣང་ཆུང་མ་བྱས་པར་སློབ་མ་རྣམས་སྦྱོར་ཀློག་དག་པོ་དང་།
ཡིག་ངོ་ཆོད་པོ། བྱང་ཆུབ་པོ་ཡོང་བར་ནན་ཏན་བྱ་རྒྱུ་ཧ་ཅང་གལ་ཆེ། དེ་ནས་རིམ་གྱིས་བསྡུས་ཀློག་རྒྱག་སྟངས་དང་ཀློག་མཚམས་འབྱེད་སྟངས་ཞིབ་ཚགས་བསླབས་ཏེ་ཡི་གེ་འབྱོང་པོ་ཀློག་ཐུབ་རྒྱུར་མཐའ་འཁྱོལ་བྱེད་པ།
རྒྱུན་དུ་དབུ་ཆེན་དང་དབུ་མེད་ཀྱིས་བྲིས་པའི་ནང་དོན་གང་རུང་སློབ་མའི་ཁྲོད་ཀློག་རྩལ་འགྲན་སྡུར་གཏོང་བ་དང་ཀློག་འདོན་ཐད་ཀྱི་རྒྱུགས་ལེན་བྱེད་སྒོ་སྤེལ་གང་ཐུབ་བྱས་ན་སློབ་མའི་ཁྱོན་ཡོངས་ཀྱི་ཀློག་འདོན་ནུས་པ་ཇེ་ལེགས་སུ་འགྲོ་བ་དང་འབྲེལ་ཡོད་ཤེས་བྱ་གཞན་སྦྱོང་རྒྱུར་ཡང་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་ཡིན།།
རྩོམ་པ་པོ། ཟླ་བ། རྒྱལ་རྩེ་སློབ་འབྲིང་གཉིས་པར་ཕྱག་ལས་གནང་མུས།
རྩོམ་སྒྲིག་པ། སྐྱིད་ལུས།



