无障碍阅读 关怀版

བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ལས་རྒྱུན་སྤྱོད་རྩོམ་ཡིག་གླེང་བ།

དུས་ཚོད། 2020-10-12 རྩོམ་པ་པོ རྩོམ་སྒྲིག

བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ལས་རྒྱུན་སྤྱོད་རྩོམ་ཡིག་གླེང་བ།

བསོད་གོ།

ནང་དོན་གནད་བསྡུས དཔྱད་རྩོམ་འདིར་བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ལས་འབྲེལ་ཏེ་རྒྱུན་སྤྱོད་རྩོམ་ཡིག་དེ་བོད་ཀྱི་སྐད་ཡིག་ཙམ་མ་ཡིན་པར་བོད་ཀྱི་དར་རྒྱས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་མ་ཟད། དེས་བོད་སྤྱི་ཚོགས་ཀྱི་སྐད་དང་རིག་གནས་སོགས་སུ་གོ་གནས་གལ་ཆེན་བཟུང་ཡོད་ཚུལ་ལ་གསལ་བཤད་དང་ཞིབ་འཇུག་བྱས་ཡོད།

གནད་ཚིག བོད་སྐད་ཡིག སྲུང་སྐྱོབདར་སྤེལ། རྒྱུན་སྤྱོད་རྩོམ་ཡིག

ང་ཡང་བོད་མི་རིགས་ཀྱི་སྐད་དང་རིག་གནས་དར་རྒྱས་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་བོད་རིགས་སྤུན་ཟླ་ཀུན་དང་མཐུན་པར། དོན་དེ་ལ་དུས་དང་རྣམ་པ་ཀུན་དུ་བསམ་གཞིགས་ཀྱིས་ཐབས་རེ་འཚོལ་འདོད་སྐྱེས། ཞིབ་ཏུ་བསམ་ན་ལག་ལེན་མེད་པའི་བསམ་གཞིགས་ཀྱིས་ཕན་པ་འབྱུང་མི་ཐུབ་ལ། ལག་ལེན་མེད་པའི་གཞུང་ལུགས་རྐྱང་རྐྱང་གིས་བོད་རང་གི་རིག་གནས་དང་སྐད་ཡིག་གི་འཇིག་ཉེན་སྐྱོབ་ཐབས་བྲལ། ལག་ལེན་མེད་ན་དར་རྒྱས་གླེང་ཐབས་བྲལ་བས། ང་ཚོའི་སྐད་དང་ཡི་གེ་ལ་མཚོན་ན་སྤྱི་ཚོགས་འཚོ་བའི་ནང་ཆ་ཀུན་ནས་སྤྱོད་རྒྱུ་ནི་གལ་ཤིན་ཏུ་ཆེ། དེ་ནི་མཐར་གཏུག་ནས་བཤད་ན་རྒྱུན་སྤྱོད་རྩོམ་ཡིག་ལ་འབྲེལ་འདུག་སྙམ་མོ།

བོད་ཀྱི་སྐད་དང་ཡི་གེ་ལ་བོད་རྒྱལ་སྲོང་བཙན་སྒམ་པོ་སྟེ་བོད་བཙན་པོའི་སྐབས་ནས་མཐོང་ཆེན་སྒོས་བོད་ཡིག་གསར་ཏུ་བཏོད་ཅིང་ལོ་ཙཱ་བ་གང་མང་སྐྱེད་སྲིང་གནང་བར་མ་ཟད། སྒྱུར་གྲྭ་བཙུགས་པ་དང་སྐད་ཡིག་གི་རྣམ་གཞག་སྟོན་པའི་སྒྲ་སྒྱུར་བམ་གཉིས་དང་བྱེ་བྲག་རྟོགས་བྱེད་ཆེན་མོ་ལ་སོགས་པ་བྱུང་། བོད་སིལ་བུའི་དུས་སུའང་རིག་གནས་དར་རྒྱས་ཀྱི་དགོས་མཁོར་དམིགས་ནས་བརྗོད་དོན་རྟོགས་དཀའ་བ་བརྡ་ཪྙིང་དང་སྒྱུར་ལོག་བྱུང་བ། མིང་མཐའ་སོགས་སྤྱོད་བདེ་ཆེད་བཅོས་ཤིང་བཀས་བཅད་དེ་གཏན་ལ་ཕབ་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།

དེ་ལ་བརྟེན་ནས་བོད་ཀྱི་སྐད་དང་ཡི་གེ་དེ་དར་རྒྱས་ཆེན་པོ་བྱུང་ཞིང་བོད་བྱིངས་ཀྱིས་གོ་ལ་སྤྱོད་ཐུབ་པ་ཞིག་ཏུ་གྱུར། དེ་ནི་ད་ལྟའི་བོད་སྔ་མའི་རྩོམ་གང་ཞིག་མདོ་དབུས་ཁམས་གསུམ་གྱི་མི་སུས་བལྟས་ཀྱང་གོ་ཐུབ་པ་ལས་ཤེས་ཐུབ། ཡིན་ན་ཡང་། དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐད་ཆ་ལ་འགྱུར་ལྡོག་འབྱུང་སྲིད་པ་དང་། ལྷག་པར་ཏུ་བཅིངས་འགྲོལ་གྱི་སྔ་རྗེས་ནས་བཟུང་ཕྱི་རོལ་གྱི་ཡུལ་དང་སྤྱི་ཚོགས་ཀྱི་ལམ་ལུགས་འཐུས་ཚང་དུ་མ་འཛོམས་རྐྱེན་ཡུལ་སྐད་དང་ཡིག་སྐད་ལ་ཧེ་བག་ཆེན་པོ་བྱུང་འདུག།

ད་ལྟའི་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་དང་ཁྲིམས་ལུགས་སྔར་ལས་ཡར་རྒྱས་དང་ལེགས་བཅོས་ཆེན་པོ་བྱུང་ཞིང་། སྒོས་སུ་མི་རིགས་སོ་སོས་རང་གི་སྐད་དང་ཡི་གེ་དར་རྒྱས་དང་གོང་འཕེལ་གཏོང་བའི་ཁེ་དབང་ལ་ཁྲིམས་ལུགས་ཀྱིས་ཁག་ཐེག་མཛད་པའི་མི་རིགས་སྲིད་ཇུས་ཡང་དག་གཏན་འབེབས་མཛད་ཡོད་པའི་དེང་གི་དུས་སུ། ང་ཚོས་རང་གི་རིག་གནས་དང་དེང་རབས་རིག་གནས་དར་སྤེལ་སྒོས་བོད་ཀྱི་སྐད་དང་ཡི་གེ་ལག་ལེན་མཐར་ཕྱིན་བྱེད་པར་རིག་གནས་མ་ལག་གི་ཐད་ནས་ངོས་ཟིན་ཡང་དག་ཅིག་མ་ཐོབ་པས། ད་དུང་ཡང་བོད་རང་གི་སྤྱི་ཚོགས་སུ་རྒྱུན་ལྡན་གྱི་འཚོ་བའི་ཡིག་རིགས་སྤྱོད་མ་ཐུབ་པར་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་དེ་ཉམས་པ་ནས་ཉམས་རྒུད་ཀྱི་གནས་སུ་གྱུར་ཏེ། ཐ་ན་བོད་ཀྱི་སྐད་དང་ཡི་གེ་དེས་སྤྱི་ཚོགས་པ་ཕན་མི་ཐོགས་པ་དང་དགོས་མེད་དུ་ལྟ་བའི་བསམ་བློའང་སྐྱེས་བཞིན་པ་འདི་ལགས། འདི་ལྟར་གྱུར་ན་གཅིག་ནས་བོད་རང་གི་ཕ་མེས་ནས་བརྒྱུད་པའི་རིག་གནས་དེའི་རྒྱུན་ཆད་པའི་ལོ་རྒྱུས་ཀྱི་ཉེས་པ་དང་ཁྲེལ་མེད་ཀྱི་བྱ་སྤྱོད་ཅིག་ངང་གིས་མགོར་ལེན་དགོས་པ་དང་། གཉིས་ནས་རང་རྒྱལ་གྱི་མི་རིགས་སྲིད་ཇུས་ཀྱི་ཡང་དག་པའི་དགོངས་དོན་དེ་ལག་ལེན་མ་བྱས་དང་ཏང་གི་བྱ་བཞག་ལ་སྣང་མེད་བྱས་པའི་ཉེས་ཅན་དུ་ཡང་ངང་གིས་གྱུར་འདུག གསུམ་ནས་མི་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འདོད་བློ་སྣང་མེད་དུ་བཞག་པའི་སྒེར་སྡོམ་གྱི་བྱ་སྤྱོད་ཅིག་ཀྱང་ཡིན་པ་རེད།

གོང་གི་དེ་དག་གི་གནད་གཅིག་ནི་བོད་ཀྱི་སློབ་གསོའི་སྡེ་ཁག་གམ་སློབ་གྲྭ་སོ་སོ་ནས་རིག་གནས་ལོ་རྒྱུས་དང་། སྒྱུ་རྩལ་རྩོམ་རིག རིག་གཞུང་གི་ཕྱོགས་ལས་དེང་རབས་སྤྱི་ཚོགས་སུ་མེད་དུ་མི་རུང་བའི་རྒྱུན་སྤྱོད་རྩོམ་ཡིག་གི་རིགས་སྣང་མེད་དུ་བཞག་ནས། འདི་མ་བསླབས་ཀྱང་ངང་གིས་ཤེས་ཐུབ་པའི་བསམ་བློའི་འོག་རྒྱུན་སྤྱོད་རྩོམ་ཡིག་ལ་དོ་སྣང་དང་མཐོང་ཆེན་བྱེད་མཁན་ཉུང་ལ། དེ་དང་འབྲེལ་ནས་རྒྱུན་སྤྱོད་ཡིག་རིགས་ཚད་ལྡན་ཞིག་འབྲི་ཤེས་མཁན་ཉུང་ཞིང་དེ་སྤྱོད་མཁན་ཀྱང་དེ་བས་ཉུང་སྟབས། བོད་ཀྱི་སྐད་དང་ཡི་གེ་སྤྱི་ཚོགས་སྟེང་ཡོངས་སུ་ཁྱབ་སྤེལ་བྱེད་པར་དཀའ་ཁག་ཆེན་པོ་བྱུང་བ་དེ་རེད།

གཤམ་ནས་བདག་གིས་རྒྱུན་སྤྱོད་རྩོམ་ཡིག་དེ་དོན་དམ་པར་བོད་ཀྱི་སྤྱི་ཚོགས་ལ་དགོས་པ་ཇི་འདྲ་ཡོད་པ་དང་ལོ་རྒྱུས་དང་དུས་རབས་ཀྱི་ངོས་ནས་དགོས་གལ་ཅི་འདྲ་མཆིས་ལུགས་དེ་ཞིབ་ཏུ་བཤད་པར་བྱའོ།

དང་པོ། ལོ་རྒྱུས་ཀྱི་སྟེང་གཙིགས་ཆེན་གནང་ཚུལ།

རྒྱུན་སྤྱོད་རྩོམ་ཡིག་ལ་བྱང་ཆ་ལྡན་རྒྱུ་ནི་རྩོམ་རིག་ཆེད་ལས་པ་མ་ཟད་གཞན་རིག་གནས་པ་ཡོད་དོ་ཅོག་གི་ཆེས་རྨང་གཞིའི་ཆ་རྐྱེན་དང་ཤེས་བྱ་གལ་ཆེན་ཞིག་ཡིན་པ་མ་ཟད། རིག་གཞུང་དང་སྤྱི་ཚོགས་དར་རྒྱས་སུ་གཏོང་པ། མི་རིགས་དང་རྒྱལ་ཁབ་བཅས་ཀྱི་སྲོག་རྩར་ཐུག་པའི་ཁྲག་རྒྱུན་ལྟ་བུ་ཡིན་ལ། རྒྱལ་ཁབ་དང་མི་རིགས་དར་རྒྱས་ཀྱི་རྟགས་མཚན་ཞིག་ཀྱང་ཡིན། བོད་རང་གི་ལོ་རྒྱུས་སུ་མ་མཐར་ཡང་བོད་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་རྒྱུན་སྤྱོད་རྩོམ་ཡིག་སྟེ། ཁྲིམས་ཡིག་དང་ཁྲལ་སྟོང་གི་ཡི་གེ རྒྱལ་ཁབ་གཞན་དང་ནང་ཁུལ་དུ་ཕན་ཚུན་འཕྲིན་གཏོང་བ་བཅས་རྒྱུན་སྤྱོད་ཡིག་རིགས་དེ་དག་དར་བའི་མགོ་ཚུགས་ཤིང་རྨང་གཞི་བརྟན་པོ་ཆགས། དེ་མིན་རྒྱུན་སྤྱོད་རྩོམ་ཡིག་གི་འཕེལ་རྒྱས་ལ་མི་དམངས་རང་བཞིན་དང་བཀོད་སྤྱོད་རང་བཞིན་གྱི་རྣམ་པ་གསར་བ་ཐོན་འདུག དེ་ནས་བཀས་བཅད་ཀྱི་ཐབས་ལ་བརྟེན་ནས་སྤྱོད་བདེ་བ་དང་ཀློག་བདེ་ཞིང་གོ་སླ་བའི་དགོས་མཁོ་སྐོང་བ་རྡོ་རིང་གི་ཡི་གེ་དང་ཁྲལ་སྟོང་གི་ཡི་གེ་སོགས་བསྡུར་ན་ཤེས་ཐུབ།

གཞན་ཡང་རྒྱ་མི་རིགས་ལ་མཚོན་ན་ཞི་བདེ་རྣམ་རྒྱལ་ནས་བཟུང་རྒྱུན་སྤྱོད་ཡིག་རིགས་ལ་བཅོས་སྒྱུར་དང་མཐོང་ཆེན་ནན་མོ་བྱས་འདུག  དེའི་སྐབས་སུ་རྒྱུན་སྤྱོད་ཡིག་རིགས་ནི་ཀློག་བདེ་ཞིང་གོ་སླ་བ། བལྟས་པ་ཙམ་གྱིས་གོ་ཐུབ་པ་ཞིག་ཡིན་དགོས་པའི་རྩ་བའི་བླང་བྱ་བཏོན་འདུག་པར་མ་ཟད། གོ་མིན་ཏང་གི་སྐབས་སུ་ཡང་ནན་ཅིན་སྲིད་གཞུང་གིས་གཞུང་ཡིག་འབྲི་སྟངས་ནི་རྒྱལ་དམངས་བསྒྱུར་བཅོས་ཀྱི་རྟགས་མཚན་ཞིག་ཏུ་བརྩིས་ནས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱིས་སྤྱོད་པའི་གཞུང་ཡིག་འབྲི་སྟངས་དོར་ནས་གཞུང་ཡིག་འབྲི་སྟངས་ལ་ཡིག་སྐད་(白话文)དང་མཚམས་རྟགས་སོགས་སྤྱོད་དགོས་པར་བསྟནཡིན་ན་ཡང་། སྤྱི་ཚོགས་ཀྱི་ལམ་ལུགས་ངན་རུལ་དུ་སོང་བ་དང་མགོ་ཁྲིད་དོ་དམ་མ་བཟང་བ་སོགས་ཀྱི་རྐྱེན་གྱིས་འབྲི་སྟངས་དེ་སྒྱུར་ཀྱིན་སྒྱུར་ཀྱིན་ཇེ་མང་དང་རྣམ་པ་དམ་པ། ཚིག་དོན་ལ་གསོན་ཉམས་ཤོར་བ་བཅས་ལས་ཕན་ནུས་ཆུང་དུ་བྱིན། ལྷག་པར་དུ་ཀྲུང་གོ་གསར་བ་དབུ་བཪྙེས་པ་ནས་བཟུང་གསར་བརྗེའི་རང་བཞིན་ནི་འབྱོར་མེད་གྲལ་རིམ་དང་སྲིད་གཞུང་གི་རྣམ་པ་མི་མང་དམངས་གཙོ་ཡིན་སྟབས། བྱ་གཞག་ཐམས་ཅད་དེ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་དགོས་མཁོ་སྐོང་བའི་དུས་རབས་ནང་ཆ་ཡོངས་ནས་མི་དམངས་ལ་ཁ་གཏད་པ་ལས། རྒྱུན་སྤྱོད་རྩོམ་ཡིག་གི་གསར་བཅོས་དང་སྒྲིག་འཛུགས་ལ་ཤིན་ཏུ་མཐོང་ཆེན་དང་བཅིངས་འགྲོལ་ཐོབ། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་གསར་བའི་ནང་དུའང་ཕྱི་རྒྱལ་གྱི་རྒྱུན་སྤྱོད་རྩོམ་ཡིག་གི་ཁྲོད་ནས་མཁོ་ཆེ་བའི་རྒྱུན་སྤྱོད་ཡིག་རིགས་ཀྱི་འབྲི་སྟངས་གསར་བ་གྲོས་ཡིག་དང་ཆིངས་ཡིག བརྡ་སྦྱོརདཔང་ཡིག ཡར་ཞུའི་ཡི་གེ་བཅས་ཀྱི་འབྲི་ལུགས་ནང་འདྲེན་དང་དེ་ལ་བཅོས་སྒྱུར་མང་དུ་བྱས་ཏེ་རང་གི་ཁྱད་ཆོས་དང་ལྡན་པ་ཞིག་ཏུ་བཏང་འདུག།

འདི་ནི་ཡང་དག་པའི་བསམ་བློའི་མཛུབ་སྟོན་འོག་ཚིགས་བཅད་རྩོམ་སྲོལ་ཪྙིང་བ་དོར་ཅིང་ཁ་སྐད་དང་མཐུན་པའི་རྩོམ་གསར་དང་བརྡ་རྟགས་གསར་པ་སྤྱད་པར་མ་ཟད། སྲིད་གཞུང་གིས་སྔར་ལས་ལྷག་པར་རྒྱུན་སྤྱོད་རྩོམ་ཡིག་གི་ནུས་པ་འདོན་སྤེལ་བྱ་བར་གཙུགས་ཆེན་གནང་། རྒྱུན་སྤྱོད་ཡིག་རིགས་དེ་“ཐོག་མར་སྟབས་བདེ་ཡིན་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནསདབང་སྒྱུར་གྲལ་རིམ་གྱི་དགོས་མཁོ་ལྟར་རིགས་ཇེ་མང་དུ་གྱུར་ཅིང་། སྟབས་བདེ་ནས་སྣེ་འཛིང་ཅན་དུ་གྱུར་ཅིང་། ད་ལྟ་ཡང་བསྐྱར་སྣེ་འཛིང་ཅན་ནས་སྟབས་བདེར་གཏོང་བའི་རེ་འདུན་ཡང་བཏོན།”①གཞུང་ཡིག་གི་ཐད་ནས་ཀྱང་ཐོག་མར་“ཡིག་ཆ་གཅིག་གིས་དོན་གཅིག་སྟོན་ན་”དགོས།②ཞེས་པ་ལྟར་ཡིག་ཆ་གཅིག་གིས་དོན་གཅིག་ལས་གོ་བ་ཇི་ལྟར་ལེན་ཆོག་པའི་ཚིག་དང་ཡིག་ཆ་ཡོད་མི་རུང་བར་བསྟན་པ་སོགས་ཀྱིས་རྒྱུན་སྤྱོད་རྩོམ་ཡིག་གི་ནུས་པ་དང་འབྲི་བའི་བྱང་ཚད་ཇེ་མཐོར་གཏོང་བ། དེ་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་བཏང་། བོད་ལ་ནི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་སྤྱི་ཚོགས་དང་མ་འོངས་བར་མིག་རྒྱ་ཡངས་བའི་མཁས་དབང་དུ་མ་ཞིག་གི་དྲིན་གྱིས་རྒྱུན་སྤྱོད་རྩོམ་ཡིག་ལ་མཐོང་ཆེན་གྱིས་རྒྱ་སོགས་ནས་ཉེར་མཁོའི་རྒྱུན་སྤྱོད་ཡིག་རིགས་ཁ་ཚང་བར་བོད་ལ་དྲངས་ནས་རྣམ་བཞག་གཏན་ལ་ཕབ་པའི་གཞུང་ལུགས་ཀྱི་གསུང་རྩོམ་དངོས་སུ་མཛད་པ། གཞུང་ཡིག་དང་གཞུང་ཡིག་འབྲི་ཚུལ། ལྟ་བུ་དང་དེ་མིན་རྩོམ་རིག་གི་གཞུང་ལུགས་སོགས་ཀྱི་ནང་དུ་ཅུང་བསྡུས་བའི་ཚུལ་གྱིས་བསྟན་པ་ཡོད་ཀྱང་། དེའི་བྱས་རྗེས་ལ་མཐོང་ཆེན་དང་བརྩི་འཇོག་མ་བྱས་པའི་རྐྱེན་གྱིས་ད་ལྟ་ངན་རྟགས་ཆ་ཀུན་ནས་ཐོན་འདུག འདི་ནི་དངོས་ཡོད་ཀྱི་སྤྱི་ཚོགས་ལ་མཐོང་རྒྱ་ཆུང་ཞིང་སྲོལ་རྒྱུན་རིག་གནས་ཀྱི་ལྟ་བའི་ཕྱོགས་ཞེན་གྱིས་སྒྲིབ་པ་དག་གིས་སྲོལ་རྒྱུན་རིག་གནས་ཆེས་མཆོག་ཏུ་བཟུང་ནས་སྙན་ངག་སོགས་མངོན་བརྗོད་དང་བརྡ་ཪྙིང་གི་ནང་དུ་མ་འདུས་པ་ཞིག་མེད་ལ། སྒོས་སུ་སྙན་ངག་གི་དཔེར་བརྗོད་ཙམ་འཇོག་ཤེས་པས་རྒྱུན་སྤྱོད་ཡིག་རིགས་དག་ཞོར་ནས་ངང་གིས་བྱང་བར་འདོད་པ་ལས་བྱུང་བ་ཞིག་རེད་སྙམ་པ་ལས་བྱུང་བ་གོར་མ་ཆགས།

གོང་གི་གནད་དོན་དེ་དག་ལ་ཞིབ་དུ་དཔྱད་ཚེ། གཏན་ཚིགས་དང་སྙན་ངག བརྡ་ཪྙིང་ལ་སོགས་པར་སྦྱངས་ན་རྒྱུན་སྤྱོད་རྩོམ་ཡིག་འབྲི་བར་ཕན་པ་མེད་ཅེས་བཤད་དཀའ་ན་ཡང་། དེ་དག་ལ་སྦྱངས་བས་རྒྱུན་སྤྱོད་རྩོམ་ཡིག་གི་འབྲི་སྲོལ་མ་བསླབས་ཀྱང་ཆོག་གོ་སྙམ་པ་ནི་ནོར་བ་སྟེ། གཞུང་ཡིག་དང་གཞུང་ཡིག་འབྲི་ཚུལ་ཞེས་པ་ལསགཞུང་ཡིག་འབྲི་རྩོམ་ནི་ཚན་རིག་ཅིག་ཡིན་པ་དང་། ཚན་རིག་གཞན་པས་ཚབ་བྱེད་མི་ཐུབ་པ་ཞིག་རེདཅེས་གསུང་བ་དེ་ནི་ལེགས་པར་བཤད་པའི་གཏམ་དུ་འདུག་ལ། དེ་ལས་རྒྱུན་སྤྱོད་རྩོམ་ཡིག་ནི་ལོ་རྒྱུས་སྟེང་དོར་ཐབས་བྲལ་བའི་ཚན་རིག་གལ་ཆེན་ཞིག་ཡིན་པར་མ་ཟད། དེའི་འབྲི་སྟངས་ལ་གཞན་ལས་ཐུན་མོང་མ་ཡིན་པའི་ཆ་ཡོད་པས་ངེས་པར་དེའི་འབྲི་སྟངས་ལ་ཆེད་དུ་སློབ་དགོས་པ་ཞིག་ཡིན་པ་དོན་གྱིས་བསྟན་པ་ང་ཚོས་ཤེས་ཐུབ།

གཉིས་པ། ངོ་བོའི་སྟེང་ནས་གལ་ཆེན་ཡིན་ཚུལ།

རྒྱུན་སྤྱོད་རྩོམ་ཡིག་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བྱ་བ་སྣ་ཚོགས་དང་མིའི་འབྲེལ་དོ་དམ་བཅས་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་སྣ་ཚོགས་ལ་བཀོལ་སྤྱོད་བྱ་བའི་རྩོམ་གལ་ཆེན་ཞིག་ཡིན་ལ། དེ་ནི་སྤྱི་ཚོགས་ཚན་རིག་དང་ཚགས་པརགཞུང་ཡིག རིག་གཞུང་གི་བསྟན་བཅོས་སོགས་རིག་པའི་གནས་ཆེ་ཆུང་དག་གི་རྩོམ་ལུས་ཡོད་དོ་ཅོག་གི་སྦྱོར་བ་ལ་བྱ། རྒྱུན་སྤྱོད་རྩོམ་ཡིག་གིས་བྱ་བའི་གནས་ལུགས་ཞུ་བའི་ཞིབ་བརྗོད་དང་། གསར་དར་གཞུང་ལུགས་ངོ་སྤྲོད་པགྲོས་དོན་འགོད་པཆིངས་ཡིག་འཇོག་པགསལ་བརྡ་བསྒྲགས་པཡར་ཞུའི་ཡིག་རིགས། མིའི་འབྲེལ་གྱི་བྱ་གཞག་མཐའ་དག་ལ་ཐུན་མིན་གྱི་ནུས་པ་འདོན་གྱིན་ཡོད།

རྒྱུན་སྤྱོད་རྩོམ་ཡིག་གི་བརྗོད་དོན་གསལ་བར་ཐོན་ཆེད་དང་ཁ་གསལ་བ་རྗོད་སྟངས་ལེགས་པ། རྗོད་བྱེད་ཀྱི་ཚིག་བདེ་ཞིང་དོན་གནད་ལ་ཁེད་པའི་བཀོད་སྤྱོད་རང་བཞིན་དང་སྒྱུ་རྩལ་མཛེས་ཉམས་ལ་གཞིགས་ནས་རྒྱུན་སྤྱོད་རྩོམ་ཡིག་ལ་ཐུན་མིན་གྱི་འབྲི་སྟངས་སྣ་ཚོགས་ཡོད་ཀྱང་སྤྱིའི་ཆ་ནས་གསལ་བཤད་ཀྱི་ཐབས་དང་ཞིབ་བརྗོད། དགག་སྒྲུབ་གང་རུང་ལས་མ་འདསདེ་དག་གི་འབྲི་ལུགས་དེ་རང་བྱུང་དང་། སྤྱི་ཚོགས་ཚན་རིག་གི་གཞུང་ལུགས་སྟོན་པའི་ཚིག་གི་སྦྱོར་བ་དང་དཔྱད་རྩོམ་ལ་སོགས་པའི་རྩོམ་ལུས་ཀྱི་རིགས་ཀུན་ལ་ཁྱབ་ཅིང་། ནང་དོན་དེར་སྤྱི་ཚོགས་ཀྱི་དོན་དངོས་ངོ་མ་སྟེ། ཆེ་ཕྱོགས་ནི་སྤྱི་ཚོགས་དང་འཛམ་གླིང་གི་འགྱུར་ལྡོག་སྟོན་པ། ཆུང་ཕྱོགས་ལ་མི་སྒེར་གྱི་འཚོ་བའི་དོན་ཕྲན་ཚེགས་བཅས་སྤྱི་ཚོགས་ཡོངས་ཀྱི་བྱ་བ་ཀུན་མ་འདུས་པ་ཞིག་མེད་པར་མ་ཟད། ནང་དོན་དེ་ཡང་དྲང་བདེན་གྱིས་ཡང་དག་པར་བརྗོད་པ་ལས་བརྫུན་བཟོ་དང་རྟོག་བཟོ་གཏན་ནས་བྱ་མི་ཆོག་སྟབས། རྩོམ་རིག་གི་གར་སྟེགས་སུ་རྒྱུན་སྤྱོད་རྩོམ་ཡིག་ལྟ་བུའི་མི་དམངས་རང་བཞིན་དང་ཡོངས་ཁྱབ་ཅན། བཀོལ་སྤྱོད་རང་བཞིན་ཅནཚད་ལྡན་ཅནཡོངས་ཁྱབ་རང་བཞིན་ཅན་གྱི་རྩོམ་གལ་ཆེན་ཞིག་ཡོད་པ་མ་ཡིན་ནོ།

དེ་བས། རྒྱུན་སྤྱོད་རྩོམ་ཡིག་ལ་སློབ་སྦྱོང་དང་དེ་བཀོལ་སྤྱོད་བྱ་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་མི་དང་བྱ་བ་སྣ་ཚོགས་ལ་མེད་དུ་མི་རུང་བའི་བྱ་གཞག་གལ་ཆེན་ཞིག་ཡིན། དེ་མིན་རྒྱུན་སྤྱོད་རྩོམ་ཡིག་ལ་བྱང་ཆ་ལྡན་རྒྱུ་ནི་དེང་རབས་ཀྱི་མི་ཞིག་ལ་མེད་མི་འོས་བའི་ཆེས་གཞི་རྩའི་ནུས་པ་ཞིག་ཡིན་པར་མ་ཟད། མི་རིགས་དང་རྒྱལ་ཁབ་ཅིག་གི་རིག་གནས་དང་སྤྱི་ཚོགས་དར་རྒྱས་ཀྱི་རྟགས་མཚན་ཞིག་ཀྱང་རེད།

གསུམ་པདུས་རབས་ཀྱི་ངོས་ན་གལ་ཆེན་ཡིན་ཚུལ

དུས་རབས་གསར་བའི་ནང་དུ་མཁོ་ཆེས་བ་ནི་ཚན་རིག་དང་དཔལ་འབྱོརརྒྱལ་ཁབ་ལ་བདག་སྐྱོང་བྱེད་པབྱ་བའི་ཐག་གཅོདསྤྱི་ཚོགས་སྒྲིག་གཞི་གསར་འཛུགས། བརྡ་འཕྲིན་གསར་བ་བསྒྲགས་པ་བཅས་སུ་རྒྱུན་སྤྱོད་རིགས་དང་འདིའི་རིགས་ཀྱི་རྩོམ་ལུགས་མེད་ཚེ། དེང་རབས་འཕྲུལ་ཆས་སམ་དྲ་རྒྱ་བཅས་ཇི་འདྲ་དར་རུང་དེང་རབས་ཀྱི་དགོས་མཁོ་སྐོང་ཐབས་བྲལ། རྒྱུན་སྤྱོད་རྩོམ་ཡིག་ལ་སྦྱོང་རྒྱུ་དེ་ནི་སྤྱི་ཚོགས་དང་དུས་རབས་ཀྱི་དགོས་མཁོ་ཞིག་རེད། དེ་ཉིད་ཆབ་སྲིད་དང་དཔལ་འབྱོར། རིག་གནས་འཚོ་བ་སོགས་ཕྱོགས་སོ་སོར་རྒྱ་ཆེར་སྤྱོད་ཅིང་ལས་རིགས་སོ་སོའི་བྱ་བ་དང་མི་ཚང་མའི་ཁེ་ཕན་ལ་རག་ལས་ཡོད། “མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྟར་ནརྒྱལ་ཁབ་ཀྱི་སྒྲིག་གཞི་དེ་དབང་སྒྱུར་གྲལ་རིམ་གྱི་ཡོ་བྱད་ཡིན། གྲལ་རིམ་དང་རྒྱལ་ཁབ་བྱུང་རྗེས་དབང་སྒྱུར་གྲལ་རིམ་གྱིས་རང་གི་དབང་སྒྱུར་མངོན་དུ་འགྱུར་ཆེད། དུས་རྒྱུན་གྱི་བྱ་བའི་སྲིད་དོན་ཐག་གཅོད་བྱ་རྒྱུའི་འགན་ནུས་འདོན་སྤེལ་བྱེད་པ་ལ་ངེས་པར་དུ་ཡིག་ཆ་འགྲེམ་སྤེལ་བྱེད་དགོས། དེར་བརྟེན། བློ་མཐུན་སི་ཏ་ལིན་གྱིས་མཛད་པའི་<<མར་ཁེ་སི་རིང་ལུགས་དང་བརྡ་སྤྲོད་རིག་པའི་གནད་དོན་>>ཞེས་པའི་ནང་ཐོན་སྐྱེད་མུ་མཐུད་དུ་འཕེལ་བ་དང་གྲལ་རིམ་བྱུང་བ། ཡི་གེ་བྱུང་བ། རྒྱལ་ཁབ་བྱུང་བ་བཅས་ལས་རྒྱལ་ཁབ་ཀྱི་བྱ་བར་དོ་དམ་བྱེད་པར་ཅུང་གོ་རིམ་ལྡན་པའི་ཡིག་ཆ་མཁོ་གལ་ཆེ་……”ཞེས་③གསུང་བ་དེ་ཡང་རྒྱུན་སྤྱོད་རྩོམ་ཡིག་བྱུང་དགོས་པར་ཚན་རིག་གིས་འགྲེལ་བཤད་གནང་པ་རེད་སྙམ།

སྤྱི་ཚོགས་ཀྱི་ཐོན་སྐྱེད་སྟོབས་ཤུགས་བྱ་འཕུར་བ་བཞིན་མདུན་དུ་སྐྱོད་བཞིན་པའི་འོག་ཏུ་ལས་རིགས་ཅན་དང་ཆེད་ལས་ཅན་དུ་འགྱུར་བཞིན་པའི་འཕེལ་ཚད་དེ་ཤིན་ཏུ་མགྱོགས། “དེ་མིན་ལས་བགོས་ཞིབ་མོའི་སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོས་ཆེད་གཉེར་ཤེས་ཡོན་ཅན་གདམ་གསེས་བྱེད་པའི་ཚད་གཞི་ཇེ་མཐོར་སོང་བ་དང་དགོས་མཁོ་ཇེ་ཆེར་སོང་བའི་ནང་དུ། ༡༩༨༠ལོའི་ཨ་རིར་མཚོན་ན་དྲུང་ཡིག་མི་གྲངས་ས་ཡ་གསུམ་དང་བརྒྱད་འབུམ་བདུན་སྟོང་༣༨༠༧༠༠༠ཡོད་པ་དང་། འདས་བའི་ལོ་བཅུའི་རིང་ལ་ས་ཡ་གཅིག་ལྷག་འཕར་བའི་ནང་། ཡིག་གཏག་པ་དང་མྱུར་འབྲི་བ་ས་ཡ་གཅིག་དང་ཉིས་འབུམ་དེའི་ནང་དུ་ཚུད་མེད”ལོ་རབས་དགུ་བཅུ་བའི་ནང་དུ་ལས་རིགས་ཉེར་དྲུག་གི་ནང་དུ་དྲུང་ཡིག་ལས་གར་ཞུགས་ཚད་གྱིས་ཨང་དང་པོ་ཟིན་ངེས་ཞེས་ཨ་རིའི་ངལ་རྩོལ་སྡོམ་རྩིས་ཅུས་ཀྱིས་ཚོད་དཔག་བྱས་འདུག④འདི་ལས་ང་ཚོས་ཤེས་ཐུབ་པ་ནི་དུས་རབས་གསར་བའི་ནང་དུ་རྒྱུན་སྤྱོད་རྩོམ་ཡིག་མཁོ་ཆེ་བ་དེ་དངོས་སུ་བདེན་དཔང་བྱས་འདུག ཡིན་ན་ཡང་ང་ཚོར་རྒྱུན་སྤྱོད་རྩོམ་ཡིག་ལ་བྱང་ཆ་དང་དེའི་བཀོལ་སྤྱོད་དེས་བཅད་མ་སྟོང་ཙམ་ལས་ས་ཁྱབ་རྡོ་ཁྱབ་དུ་སོང་མེད་པས་སྤྱི་ཚོགས་ལ་ཕན་ནུས་ཆུང་དུ་ཕྱིན།

རྒྱུན་སྤྱོད་རྩོམ་ཡིག་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་སུ་འབྲལ་ཐབས་མེད་པ་ཞིག་ཡིན་པ་གཞིར་བཞག་མིག་སྔའི་བོད་རང་གི་གནས་བབ་ཀྱི་ཐད་ནས་དེ་ལས་གལ་ཆེ་ཞིང་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད། སྤྱིར་ན་བོད་ཀྱི་གཞུང་ལུགས་སོ་སོ་དེ་གཞུང་ལུགས་ཙམ་ལས་དོན་དངོས་སུ་སྤྱི་ཚོགས་སུ་དར་ཁྱབ་དང་ལག་ལེན་བྱ་མ་ཐུབ་པས་དེའི་ནུས་པ་ཉམས་དམས་སུ་འགྱུར་བཞིན་འདུག  ལྷག་པར་ཏུ་བོད་ཀྱི་སྐད་དང་ཡི་གེ་དེ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བྱུང་མ་ཐུབ་པའི་གནད་གཙོ་བོ་དེ་ཡང་ལག་ལེན་མེད་པས་རེད། དེ་ཡང་ཡིན་ཏེ་བོད་ཀྱི་ཡོན་ཏན་པའི་སྡེ་དང་ལས་ཁུངས་སུ་གཞུང་ལུགས་ཙམ་ལས་རྒྱུན་སྤྱོད་ཡིག་རིགས་དེ་དོར་ནས་དེའི་ཚབ་རྒྱ་ཡིག་དང་རྒྱ་སྐད་ཀྱིས་བྱས་པས། ང་ཚོའི་སྐད་དང་ཡི་གེ་དེ་གྲོང་སྡེ་མཐའ་འཁོབ་པ་དག་གི་སྒེར་ནོར་དུ་གྱུར་ཙ་ན། བོད་ཀྱི་སྐད་དང་ཡི་གེ་དེ་མི་ཉམས་ཐབས་མེད་དུ་གྱུར་པ་རེད།

བོད་ཀྱི་སྤྱི་ཚོགས་འདི་འཕེལ་རྒྱས་སུ་འགྲོ་དགོས་ན་གཙོ་བོ་སློབ་གསོ་དར་དགོས་ལ། སློབ་གསོ་དེ་ཡང་ངེས་བར་དུ་སྤྱི་ཚོགས་འཚོ་བ་དངོས་ལ་ཁ་ཕྱོགས་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་ཁྲིམས་སྲོལ་ལས་ཀྱང་། སློབ་གསོས་ངེས་པར་ཏུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས་ཤིང་། ངེས་པར་ཐོན་སྐྱེད་ངལ་རྩོལ་དང་ཟུང་འབྲེལ་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག་གཟུགས་པོ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བའི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་སྐྱེད་བསྲིང་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད།

བོད་ཀྱི་སྤྱི་ཚོགས་དར་རྒྱས་སུ་གཏོར་བ་དང་། སློབ་གསོ་དེ་འཛམ་གླིང་དང་རང་གི་སྤྱི་ཚོགས་སུ་འཚམ་ཞིང་དུས་རབས་དང་མཐུན་པ་ཞིག་ཏུ་གཏོང་དགོས་ན། སྔོན་གྱི་སློབ་གསོ་ཪྙིང་བ་ཙམ་ལ་བརྟེན་ན་ཡར་རྒྱས་སུ་འགྲོ་མི་སྲིད་པས། སློབ་གསོ་ལེགས་བཅོས་བྱེད་པར་ཁྲིད་གཞི་གསར་འཛུགས་བྱེད་དགོས་པ་ནི་ཐོག་མའི་ལས་གཞི་གལ་ཆེན་ཞིག་རེད། དེ་ལ་སྔར་ཡོད་སྲོལ་རྒྱུན་རིག་གནས་ངོ་སྤྲོད་བྱེད་པ་དང་དེང་རབས་ཀྱི་རིག་གཞུང་གསར་བ་རྒྱལ་ཁབ་ཕྱི་ནང་ནས་ནང་འདྲེན་བྱེད་པ། སྣ་འཛོམས་རིག་གཞུང་དང་ཉེར་སྤྱོད་རིག་གཞུང་ཚན་ཁག སྔོན་ཐོན་ཞིབ་འཇུག་འབྲས་བུ་དང་ཐབས་ཤེས་གསར་བ་ལེན་པ་སྟེ། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་རིག་གཞུང་གང་ཞིག་སྒྲིག་འཛུགས་དང་འགྲེལ་བཤད་བྱ་བར་གོ་བདེ་ཞིང་ཁ་གསལ་བ། སྒྲིག་གཞི་དམ་པའི་སློབ་དེབ་སྤུས་ལེགས་ཅན་རྩོམ་སྒྲིག་བྱས་ནས་མངོན་གྱུར་བྱ་དགོས་པས། རྒྱུན་སྤྱོད་རྩོམ་ཡིག་གི་འབྲི་རྩལ་ལ་བྱང་ཆ་ལྡན་རྒྱུ་དང་དེར་མཐོང་ཆེན་བྱས་ན་མི་རྣམས་ཀྱི་བློ་ངོར་འབབ་པའི་སློབ་དེབ་རྨད་དུ་བྱུང་བ་ཞིག་འཛུགས་པར་ཕན་པ་མི་དམན་པ་ཞིག་ཡོད།

མདོར་ན། གོང་དུ་བསྟན་པ་ལྟར་ང་ཚོས་རྒྱུན་སྤྱོད་རྩོམ་ཡིག་གི་གལ་ཆེན་རང་བཞིན་ངེས་ཐོག་བོད་མི་ཡོངས་དང་སྒོས་སུ་བོད་ཀྱི་སློབ་གསོའི་སྡེ་ཁག ལས་ཁུངས་སོ་སོ་ནས་བོད་ཀྱི་སྐད་དང་ཡི་གེ་དེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ལེགས་པར་སྤྱད་ན། ད་གཟོད་བོད་ཀྱི་སྐད་དང་ཡི་གེ་དེ་མ་ཉམས་གོང་འཕེལ་དུ་འགྲོ་བར་མ་ཟད། བོད་ཀྱི་སྤྱི་ཚོགས་དེ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བར་འགྱུར་ངེས། དེ་ལས་ལྡོག་སྟེ་བོད་མི་རྣམས་ཀྱིས་བོད་རང་གི་སྐད་དང་ཡི་གེ་དེར་སྣང་ཆུང་དང་དེ་དོར་ནས་གཞན་སྐད་ཀྱིས་ཚབ་བྱེད་པའམ། མཁོ་མེད་དུ་བལྟས་ཚེ་བོད་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཞིག་གཏན་ནས་ཡོད་མི་སྲིད། སྒོས་སུ་བོད་ཀྱི་སློབ་གྲྭ་སོ་སོ་དང་ཤེས་ཡོན་པ་དག་གིས་གཞུང་ལུགས་ཆེན་པོ་ཞིག་གི་སྣེ་ལ་ཤི་འཐབ་རོ་འཐབ་བྱས་ཏེ། ང་ཚོའི་འཚོ་བ་དང་བོད་ཀྱི་སྤྱི་ཚོགས་ལ་མཁོ་ཆེ་བའི་རྒྱུན་སྤྱོད་ཡིག་རིགས་ལ་སློབ་སྦྱོང་དང་དེའི་བཀོད་སྤྱོད་ལ་ཡང་དག་པའི་འདུ་ཤེས་ཞིག་མེད་ཚེ། ང་ཚོའི་བོད་མི་རིགས་དང་བོད་ཀྱི་སྐད་དང་ཡི་གེ་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་སྟོང་གཏམ་ཙམ་དུ་འགྱུར་བ་ལས་འོས་མེད། རྒྱུན་སྤྱོད་ཡིག་རིགས་ལ་མཐོང་ཆེན་བྱེད་རྒྱུ་དེ་བོད་དང་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་དང་དར་རྒྱས་ཀྱི་ཐབས་ལམ་ཉག་གཅིག་ཡིན་ཞེས་བཤད་ནའང་མི་ཆོག་པ་མེད་པར་འདོད་ལ། དོན་འདིར་མཁྱེན་ལྡན་རྣམ་པས་ཐུགས་བསམ་བཞེས་རོགས་ཞུ།

(རྩོམ་པ་པོ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གི་06ལོའི་ཞིབ་འཇུག་སློབ་མ་ཡིན།)

མཆན

①<<གཞུང་ཡིག་དང་གཞུང་ཡིག་འབྲི་ཚུལ་>>ཤོག་ངོས་༡༤གཉའ་གོང་དཀོན་མཆོག་ཚེ་བརྟན་དང་ལྷ་མཆོག་རྒྱལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ༡༢

②<<གཞུང་ཡིག་དང་གཞུང་ཡིག་འབྲི་ཚུལ་>>ཤོག་ངོས་༡༥གཉའ་གོང་དཀོན་མཆོག་ཚེ་བརྟན་དང་ལྷ་མཆོག་རྒྱལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ༡༢

③<<གཞུང་ཡིག་དང་གཞུང་ཡིག་འབྲི་ཚུལ་>>ཤོག་ངོས་༩ གཉའ་གོང་དཀོན་མཆོག་ཚེ་བརྟན་དང་ལྷ་མཆོག་རྒྱལཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ༡༢

④<<གཞུང་ཡིག་དང་གཞུང་ཡིག་འབྲི་ཚུལ་>>ཤོག་ངོས་༡༧༧ གཉའ་གོང་དཀོན་མཆོག་ཚེ་བརྟན་དང་ལྷ་མཆོག་རྒྱལཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ༡༢

ཟུར་བལྟའི་དཔྱད་གཞི།

① <<རྒྱུན་སྤྱོད་རྩོམ་འབྲི་གནད་བསྡུས་>> རྒྱ་ཡིག་པར་གྱི་མགོ་བརྗོད

② <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་ཁྲིམས་སྲོལ་>>།

③ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་སྲོལ་ཡིག་>>