无障碍阅读 关怀版

༄༅། །བོད་ཀྱི་ཚད་ལྡན་སྐད་གཏན་འབེབས་བྱ་བའི་ཐད་ཀྱི་བསམ་གཞིག

དུས་ཚོད། 2020-10-12 རྩོམ་པ་པོ རྩོམ་སྒྲིག

ཕག་མོ་ཚེ་བརྟན།

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་རྗེས་ནས་བོད་ཀྱི་ཚད་ལྡན་སྐད་དུ་གང་ཞིག་གཏན་འབེབས་བྱ་བའི་ཐད་ལ་དཔྱད་གླེང་གི་ཕྱག་རྩོམ་མང་བོ་དར་སྤེལ་བྱུང་བ་དང་བསམ་ཚུལ་དང་གཟིགས་ཚུལ་མང་པོ་བྱུང་ཡོད། དགོངས་ཚུལ་དེ་རྣམས་ཕྱོགས་གཅིག་ཏུ་བསྡུས་ན་གཙོ་བོ་ཁག་ལྔ་སྟེ། འགའ་ཞིག་གིས་ཨ་མདོའི་སྐད་ནི་གནའ་བོའི་བརྡ་ཪྙིང་དང་མཐུན་ཞིང་བོད་སྐད་རྣལ་མ་དང་མཐུན་པས་དེ་བོད་ཀྱི་ཚད་ལྡན་སྐད་བྱས་ན་རིགས་ཞེས་པ་དང་གཅིག  ལ་ལས་ཁམས་ནི་མདོ་དབུས་གཉིས་ཀྱི་བར་དུ་གནས་ཤིང་། དེའི་སྐད་མདོ་དབུས་གཉིས་ཀའི་སྐད་ལ་ཉེ་བས་བོད་ཀྱི་ཚད་ལྡན་སྐད་ལ་ཁམས་སྐད་བཟུང་ན་ལེགས་ཞེས་པ་དང་གཉིས། ཁ་ཅིག་གིས་བོད་མི་རིགས་ཀྱི་འབྱུང་ཁུངས་དང་། བོད་ཀྱི་ཆབ་དཔལ་རིག་གསུམ་སོགས་ཀྱི་ལྟེ་གནས་ཡིན་པས་ལྷ་སའི་སྐད་དེ་བོད་ཀྱི་ཚད་ལྡན་སྐད་ལ་འཇོག་དགོས་ཞེས་པ་དང་གསུམ། ཁག་གཅིག་གིས་བོད་སྐད་ཚན་ལྡན་སྐད་ནི་ལྷ་སའི་སྐད་དང་། གཙང་བའི་སྐད། ཨ་མདོའི་སྐད་སོགས་གང་ཡང་མ་ཡིན་པར་སྐད་དེ་རྣམས་ཀྱི་ནང་ནས་ལེགས་ཆ་འདུས་ཤིང་། ཁྱབ་ཆེ་བའི་གཅིག་གྱུར་གྱི་སྐད་ཡིན་ཞེས་བ་དང་བཞི། རེ་འགས་ཕྱི་སྡོད་བོད་མིའི་སྐད་དེ་བོད་སྐད་ཚད་ལྡན་སྐད་དུ་འཐད་ཅེས་སྒྲོགས་བཞིན་པ་དང་ལྔ་བཅས་ཡོད། འདི་དག་གི་ཐོག་ནས་མིག་སྔར་བོད་ཀྱི་ཚད་ལྡན་སྐད་གཏན་འབེབས་བྱེད་པའི་ཐད་ལ་ངོས་འཛིན་དང་ལྟ་ཚུལ་གཅིག་གྱུར་བྱུང་མེད།

གནས་ཚུལ་འདི་འདྲའི་འོག་དེང་སྐབས་ཡུལ་སྐད་ཆེན་པོ་གསུམ་དུ་གྱེས་ཡོད་པ་ནི། ཨ་མདོའི་སྐད་དང་ཁམས་པའི་སྐད། དབུས་གཙང་གི་སྐད་བཅས་ཡིན། ཡུལ་སྐད་ཆེན་པོ་གསུམ་གྱི་ནང་ང་རོའི་声调ཁྱད་པར་ཡོད་པའི་ཡུལ་སྐད་དང་། ང་རོའི་ཁྱད་པར་མེད་པའི་ཡུལ་སྐད་ཁག་གཉིས་ཡོད། ང་རོའི་ཁྱད་པར་ཡོད་པའི་ཡུལ་སྐད་ནི་དབུས་གཙང་གི་ཡུལ་སྐད་དང་ཁམས་པའི་ཡུལ་སྐད། ཤར་བའི་ཡུལ་སྐད་སོགས་ཡིན་ལ། ང་རོའི་ཁྱད་པར་མེད་པའི་ཡུལ་སྐད་ནི་ཨ་མདོ་དང་ལ་དྭགས་ཀྱི་ཡུལ་སྐད་སོགས་ཡིན། ཐོག་མར་སྒྲ་གདངས་ཀྱི་སྟེང་ནས་ཡུལ་སྐད་ཀྱི་ཁྱད་པར་གསལ་ལ། དབུས་གཙང་གི་ཡུལ་སྐད་ལ་སྒྲའི་ང་རོ་ཡོད་ལ། གསལ་བྱེད་འདུས་མ་复辅音ཉུང་བའི་ཁྱད་ཆོས་ལྡན། ཡུལ་སྐད་སོ་སོའི་བར་སྒྲ་གདངས་དང་། ཐ་སྙད་ཀྱི་ཁྱད་པར་ཡོད་པས་དེང་དུས་ཀྱང་ཕན་ཚུན་བར་གོ་བརྡ་མི་འཕྲོད་པའི་གནས་སུ་ལྷུང་། དཔེར་ན། དབུས་གཙང་གི་མི་ཞིག་དང་ཨ་མདོའི་མི་ཞིག་གམ། ཡང་ན་ཁམས་པའི་མི་ཞིག་གི་བར་ཕན་ཚུན་གླེང་མོལ་བྱེད་སྐབས་ཡུལ་སྐད་ཀྱི་དབང་གིས་ཕན་ཚུན་བར་དུ་གོ་བརྡ་མི་འཕྲོད་པས་སྐད་རིགས་གཞན་ལ་བསྟེན་དགོས། རང་རིགས་ལ་སྐད་དང་ཡི་གེ་ཡོད་བཞིན་དུ་མི་རིགས་གཞན་གྱི་སྐད་ཆ་དེ་ཚད་ལྡན་སྐད་དུ་བཞག་ནས་གོ་བརྡ་སྤྲོད་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།

བཅིངས་འགྲོལ་རྗེས་ཀྱི་ལོ་ངོ་ལྔ་བཅུའི་རིང་ལ། བོད་ཡུལ་དུ་འགྲིམ་འགྲུལ་སྟབས་བདེ་བྱུང་བ་དང་། མི་རྣམས་འབྲེལ་འདྲིས་ཇེ་མང་དུ་གྱུར་བས། ཡུལ་སྐད་སོ་སོའི་བར་གྱི་ཁྱད་པར་རིམ་གྱིས་མེད་བར་འགྱུར་བཞིན་ཡོད་མོད། འོན་ཀྱང་མི་རིགས་སོ་སོའི་ལོ་རྒྱུས་ཀྱི་ཆ་རྐྱེན་མི་འདྲ་བའི་དབང་གིས། སྐད་རིགས་སོ་སོ་གཅིག་གྱུར་ཏུ་འགྲོ་བའི་དུས་ཡུན་དང་མྱུར་ཚད། ཐབས་ལམ་སོགས་ཀྱང་གཅིག་འདྲ་མིན། དེ་བས་བོད་ལ་མཚོན་ན་ད་དུང་ཚད་ལྡན་སྐད་ཅིག་གཏན་འབེབས་བྱས་མེད། འོ་ན་ང་ཚོས་ཚད་ལྡན་སྐད་གཏན་འབེབས་བྱེད་དུས་ཡུལ་སྐད་གང་ཞིག་ཚད་གཞིར་བཟུང་ནས་ཚད་ལྡན་སྐད་དུ་འཇོག་དགོས་ཟེར་ན། ཐོག་མར་ཚད་ལྡན་སྐད་ཅེས་པར་གོ་བ་ཟབ་མོ་ཞིག་ལེན་དགོས་ཏེ། ཚད་ལྡན་སྐད་ཅེས་པ་ནི་མི་རིགས་ཀྱི་ཡུལ་སྐད་ཀྱི་རྨང་གཞིའི་སྟེང་ལས་སྣོན་དང་ཚད་ལྡན་དུ་བཏང་བའི་ཐུན་མོང་གི་སྐད་ལ་ཟེར། ཚད་ལྡན་སྐད་ལ་ཡིག་སྐད་དང་ཁ་སྐད་གཉིས་ཡོད་ལ། སྔ་མ་ནི་རྩོམ་རིགས་བརྩམས་ཆོས་དང་། ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ་གྱི་དཔེ་དེབ། ཁྲིད་དེབ། ཚགས་པར། དུས་དེབ་སྟེང་བཀོལ་སྤྱོད་བྱེད་བཞིན་པའི་ཡིག་སྐད་དང་། ཕྱི་མ་ནི་རྒྱང་བསྒྲགས་དང་། གློག་བཪྙན། བཪྙན་འཕྲིན་སོགས་སུ་བཀོལ་བཞིན་པའི་སྐད་ལ་ཟེར། ཡུལ་སྐད་ཅིག་ཚད་ལྡན་སྐད་དུ་འཇོག་ན་རང་འདོད་ལྟར་གཏན་འཁེལ་བྱེད་མི་རུང་སྟེ། དཔེར་ན། ཨ་མདོ་བས་ཨ་མདོའི་སྐད་ཚད་ལྡན་སྐད་དུ་འཇོག་དགོས་ཞེས་པ་དང་། ཁམས་པས་ཁམས་སྐད་ཚད་ལྡན་སྐད་དུ་འཇོག་དགོས་ཞེས་པའི་ཕྱོགས་ཞེན་དང་མཁྲེགས་འཛིན་གྱི་བསམ་བློ་རིང་དུ་དོར་ན་འགྲིག ཕྲན་གྱི་བསམ་ཚུལ་ནི་ལྷ་སའི་སྐད་གྱི་རྨང་གཞིའི་སྟེང་བོད་ཆོལ་ཁ་གསུམ་གྱི་གོ་ཐུབ་པའི་ཐ་སྙད་གཅིག་གྱུར་སྟེང་སྒྲ་གདངས་ཤིག་གཏན་འཁེལ་བྱས་ན་འགྲིག་སྙམ། རྒྱུ་མཚན་ཅི་ཡིན་ཞེ་ན། སྐད་བརྡ་རིག་པའི་གཞུང་ལུགས་ལྟར་ན་ཆ་རྐྱེན་འདི་དག་ཚང་དགོས་ཏེ།

ཡུལ་སྐད་ཅིག་ཚད་ལྡན་སྐད་དུ་འཇོག་ན། ཡུལ་དེའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་མིན་གྱི་ཆ་ནས་ཚད་ལྡན་སྐད་ཐག་གཅོད་བྱེད་དགོས། རང་རྒྱལ་གྱི་རྒྱ་མི་རིགས་ལ་མཚོན་ན། བྱང་ཕྱོགས་ཀྱི་ཡུལ་སྐད་ཀྱི་རྨང་གཞིའི་སྟེང་། པེ་ཅིན་སྐད་ཚད་གཞིར་བཟུང་ནས་ཐུན་མོང་གིས་སྤྱོད་བཞིན་པའི་ཚད་ལྡན་སྐད་དེ་གྲུབ་ཅིང་། རང་རྒྱལ་གྱི་བྱང་ཕྱོགས་ནི་ལོ་རྒྱུས་སྟེང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། མིང་དུ་གྲགས་པའི་རྒྱལ་ས་པེ་ཅིན་དང་། ཞི་ཨན། ལོའོ་ཡང་སོགས་བྱང་ཕྱོགས་ས་ཁུལ་དུ་ཡོད། ལྷག་པར་དུ་པེ་ཅིན་ལ་མཚོན་ན་ཡོན་མིན་ཆིན་སོག་རྒྱལ་རབས་རིམ་བྱོན་གྱི་དབང་སྒྱུར་གྲལ་རིམ་དག་གིས་རྒྱལ་ས་ཡིན་པ་དང་། བཅིངས་འགྲོལ་རྗེས་སུའང་རྒྱལ་སར་གྱུར་ཡོད།

རང་རེ་བོད་ལ་མཚོན་ན་སྲོང་བཙན་ཡར་སྔོན་དུ་རྒྱལ་རབས་སོ་གཅིག་ལྷག་གི་རིང་ལ་བཙན་པོ་རིམ་བྱོན་དག་གིས་དབུས་གཙང་གི་ཡུལ་ཡར་ལུང་དུ་རྒྱལ་སྲིད་བསྐྱངས་ལ། ལྷག་པར་དུ་བོད་རྒྱལ་སྲོང་བཙན་གྱི་རིང་ལ། མཐའ་བཞི་དབང་དུ་བསྡུས་ཤིང་། རྒྱལ་ས་ལྷ་སར་སྤོས་ནས་བོད་ཁམས་གཅིག་གྱུར་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཟོས་པ། ཐང་རྒྱལ་རབས་དང་མནའ་མཐུན་གྱི་འབྲེལ་བ་བཙུགས་པ། སློབ་དཔོན་ཐོན་མིས་བོད་ཡིག་གི་སྲོལ་མཛད་པ་དང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་རིང་སྐད་ལ་བཀས་བཅད་ལན་གསུམ་མཛད་དེ་བོད་སྐད་ཚད་ལྡན་དུ་བཏང། མཁས་དབང་རིམ་བྱོན་དག་གིས་ཀྱང་གནས་དེ་རུ་རྒྱ་གར་གྱི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་། ད་དུང་ཚོང་ལས་དཔལ་འབྱོར་གྱི་ཐད་བཤད་ནའང། ལྷ་ས་ནི་སྐབས་དེར་ཚོང་ལས་བརྗེ་རེས་བྱེད་པའི་ལྟེ་བ་ཞིག་ཡིན། འཛམ་གླིང་གི་མི་རིགས་གཞན་དག་ལ་མཚོན་ནའང་ཚད་ལྡན་སྐད་དེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་མིན་གྱིས་ཐག་བཅད་པ་གང་མང་ཡོད་དེ། མོའོ་སི་ཁོའོ་ནི་ཨུ་རུ་སུའི་ཆབ་སྲིད། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་པས་མོའོ་སི་ཁོའོ་སྐད་ཀྱི་རྨང་གཞིའི་སྟེང་ཨུ་རུ་སུའི་ཚད་ལྡན་སྐད་གྲུབ་ལ། དེ་བཞིན་དབྱིན་ཇིའི་སྐད་ནི་ལུན་ཏུན་ཡུལ་སྐད་ཀྱི་རྨང་གཞིའི་སྟེང་གྲུབ་པ་ཡིན་ལ། ད་ལྟ་ཏུང་ཅིན་པའི་ཡུལ་སྐད་དེ་རང་ཤུགས་ཀྱིས་འཇར་པན་གྱི་ཚད་ལྡན་སྐད་དུ་གྱུར་སོང་། འདི་དག་ལ་དཔྱད་ན། རང་འགུལ་དང་བཙན་ཤུགས་ཀྱིས་གྲུབ་པ་གང་ཡིན་རུང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་སུ་གྱུར་བའི་ཡུལ་སྐད་དེ་ཚད་ལྡན་སྐད་དུ་འཛིན་པ་ཆོས་ཉིད་དུ་གྱུར་ཡོད། དེ་བས་རང་རེའི་བོད་ཀྱང་ཆོས་ཉིད་དེ་ལས་མ་འདས་བར་ལྷ་སའི་སྐད་ཀྱི་རྨང་གཞིའི་སྟེང་བོད་ཆོལ་ཁ་གསུམ་གྱི་གོ་ཐུབ་པའི་ཐ་སྙད་གཅིག་གྱུར་སྟེང་སྒྲ་གདངས་ཤིག་གཏན་འཁེལ་བྱས་ན་འགྲིག་སྙམ།

ཡུལ་སྐད་ཅིག་ཚད་ལྡན་སྐད་དུ་འཇོག་ན། ཡུལ་སྐད་དེའི་བཀོལ་སྤྱོད་བྱེད་པའི་ས་ཁུལ་གྱི་ཆེ་ཆུང་དང་། བཀོལ་སྤྱོད་བྱེད་མི་མང་ཉུང་གིས་ཚད་ལྡན་སྐད་ཐག་གཅོད་བྱེད་དགོས། དེ་ན་དབུས་གཙང་གི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་བརྒྱ་དང་ཉི་ཤུ་ལྷག་ཡོད་ལ། རང་རྒྱལ་གྱི་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱད་ཆ་གཅིག་ཟིན། ཞིང་ཆེན་དང་ལྗོངས་ཀྱི་ཁྲོད་ཞིན་ཅང་དུ་ཡུ་གུར་རིགས་ཕུད་རྗེས་ཆེས་ཆེ་བའི་ལྗོངས་ཤིག་ཡིན། མི་འབོར་གྱི་ཐད་ནས་བཤད་ནའང་བོད་སྐད་བཀོལ་སྤྱོད་བྱེད་མི་ས་ཡ་བཞི་དང་ལྔ་འབུམ་དགུ་ཁྲི་སུམ་སྟོང་དང་སུམ་བརྒྱ་སུམ་ཅུ་ལྷག་ཡོད། དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བོད་མི་ས་ཡ་གཉིས་དང་འབུམ་དགུ་ཡོད། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་བོད་མི་དགུ་འབུམ་ཆིག་ཁྲི་ཡོད། ཟི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་བོད་མི་ས་ཡ་གཅིག་དང་འབུམ་བརྒྱད། ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་བོད་མི་སུམ་འབུམ་དྲུག་ཁྲི་ལྷག་ཡོད། དེ་བས་དབུས་གཙང་གི་སྐད་སྨྲ་བའི་མིས་བོད་མི་ཡོངས་ཀྱི་བརྒྱ་ཆ་ལྔ་བཅུ་ལྷག་ཟིན་ཡོད།

ས་རྒྱ་ཆེ་ཆུང་དང་མི་འབོར་གྱི་མང་ཉུང་སྟེང་ཚད་ལྡན་སྐད་ཐག་བཅད་པ་མི་རིགས་གཞན་དག་གི་ཁྲོད་ནའང་ཡོད་དེ། དཔེར་ན། རང་རྒྱལ་གྱི་རྒྱ་སྐད་ལ་མཚོན་ན། བྱང་ཕྱོགས་ཀྱི་ཡུལ་སྐད་རྒྱ་མི་རིགས་ཀྱི་ཐུན་མོང་གི་སྐད་དུ་གྱུར་བ་ལྟ་བུའོ། རྒྱུ་མཚན་ནི་ས་རྒྱ་དང་མི་གྲངས་བྱང་ཕྱོགས་སུ་མང་བས་སོ། དེ་བས་ལྷ་སའི་སྐད་ཀྱི་རྨང་གཞིའི་སྟེང་བོད་ཆོལ་ཁ་གསུམ་གྱི་གོ་ཐུབ་པའི་ཐ་སྙད་གཅིག་གྱུར་སྟེང་སྒྲ་གདངས་ཤིག་གཏན་འཁེལ་བྱས་ན་འགྲིག་སྙམ།

ཡུལ་སྐད་ཅིག་ཚད་ལྡན་སྐད་དུ་འཇོག་ན། ཡུལ་སྐད་དེས་མི་རིགས་ཡོངས་ཀྱི་སྐད་ཆ་འཕེལ་བའི་ཁ་ཕྱོགས་ཀྱི་ཚབ་བྱེད་ཐུབ་མིན་གྱི་ཆ་ནས་འཇོག་དགོས། མི་རིགས་ཤིག་ལ་ཚད་ལྡན་སྐད་མཁོ་བ་ནི་སྤྱི་ཚོགས་ཡོངས་ཀྱི་དགོས་མཁོ་ལྟར་ཡིན་ལ། མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་རེད། དེང་གི་དུས་འདི་ལ་བོད་རིག་པ་ཞེས་པའི་རིག་པ་གསར་བ་ཞིག་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཏུ་ཆར་ཤུལ་གྱི་ཤ་མོ་བཞིན་དར་ཁྱབ་བྱུང་བ་དང་། འཛམ་གླིང་རང་བཞིན་གྱི་བོད་རིག་པའི་གྲོས་ཚོགས་བསྡུ་དུས་སུའང་ལྷ་སའི་སྐད་གཞིར་འཛིན་བཞིན་མཆིས་ལ། རྒྱ་ནང་དུའང་བོད་རིག་ཞིབ་འཇུག་ལས་ཁུངས་མང་པོ་ཞིག་བྱུང་དང་འབྱུང་མུས་ཡོད་པ་དང་། བོད་རིག་པའི་གྲོས་ཚོགས་སོགས་བསྡུ་དུས་སུའང་ལྷ་སའི་སྐད་གཞིར་བཟུང་ནས་བསྡུ་བཞིན་ཡོད། དེ་མིན་ད་དུང་ཀྲུང་དབྱང་བཪྙན་འཕྲིན་ཁང་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་སུ་བཀོལ་སྤྱོད་བྱེད་བཞིན་པའི་སྐད་ནི་ལྷ་སའི་སྐད་ཡིན། གནས་ཚུལ་འདི་དག་ལ་གཞིགས་ན། ལྷ་སའི་སྐད་ཀྱིས་བོད་སྐད་འཕེལ་བའི་ཁ་ཕྱོགས་ཀྱི་ཚབ་བྱེད་ཐུབ་པས། ལྷ་སའི་སྐད་ཀྱི་རྨང་གཞིའི་སྟེང་བོད་ཆོལ་ཁ་གསུམ་གྱི་གོ་ཐུབ་པའི་ཐ་སྙད་གཅིག་གྱུར་སྟེང་སྒྲ་གདངས་ཤིག་གཏན་འཁེལ་བྱས་ན་འགྲིག་སྙམ།

མདོར་ན། བོད་ལ་ཚད་ལྡན་སྐད་ཅིག་ཅི་ལྟར་ཆགས་པར་ཁོ་བོའི་ལྟ་ཚུལ་ཏེ། དེང་འདིར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ནས་དབུ་འཁྲིད་པའི<<བོད་སྐད་ཚད་ལྡན་སྐད་དུ་གཏོང་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ>>སྟེང་གྲོས་བསྡུར་ཆེན་པོ་ཞིག་མཛད་ནས་ལྗོངས་ཞིང་ལྔའི་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་དང་མི་རིགས་སློབ་གླིང་སོ་སོའི་སྐད་ཡིག་སྡེ་ཁག་གི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་ཆེད་མཁས་མི་སྣ་ལྷན་རྒྱས་ལ་བསྐུལ་མ་བཏང་སྟེ། ཞིང་ཆེན་སོ་སོའི་བོད་སྐད་ཡིག་ལས་ཁུངས་དང་མི་རིགས་སློབ་གླིང་སོ་སོ་ནས་ཆེད་མཁས་མི་སྣ་དང་དགེ་རྒན་རེ་གཉིས་འདེམས་རྗེས་དཔྱད་བསྡུར་གང་ལེགས་ངང་ཐོག་མར་འདི་དག་བསྒྲུབ་དགོས། གཅིག ཐ་སྙད་གཅིག་གྱུར་སྟེང་ཚད་ལྡན་ཅན་དུ་གཏོང་དགོས། དེས་ཐ་སྙད་ཕན་ཚུན་བར་ལ་སྤྱིར་ན་སྒྲ་དང་དོན་གཉིས་ཀའི་ཕན་ཚུན་ཁྱད་པར་འབྱེད་ཆོས་སུ་གནས་པ་ཞིག་ཡིན་དགོས། གཉིས། ཚད་ལྡན་སྒྲ་གདངས་ཤིག་གཏན་འཁེལ་བྱེད་དགོས། དེ་ངེས་པར་དུ་བརྡ་སྤྲོད་ཀྱི་གཞུང་ལས་རྟགས་འཇུག་གི་སྒྲའི་འཇུག་ཚུལ་གཞིར་བཟུང་ནས་གཏན་ལ་འབེབས་དགོས། གསུམ། ཚིག་སྦྱོར་ཚད་ལྡན་ཅན་དུ་འགྱུར་བར་བྱེད་དགོས། དེས་རྣམ་དབྱེ་དང་ཕྲད་སྦྱོར་ཚུལ་མ་དག་པའི་རྐྱེན་གྱིས་དོན་ལ་གོ་བརྡ་མ་འཕྲོད་པའམ་གོ་བརྡ་ལོག་པར་འཛོལ་བའི་གནད་དོན་དེ་ཡིག་སྐད་ཀྱི་ལམ་ནས་ཐག་གཅོད་བྱ་དགོས། བཞི། མིང་མཛོད་དང་ཚིག་མཛོད་དཔར་དུ་བསྐྲུན་ཏེ་ཁྱབ་གདལ་དུ་གཏོང་དགོས། དེས་ཆབ་དཔལ་རིག་གསུམ་ཐད་ཀྱི་མིང་ཚིག་དང་ཞིང་འབྲོག་བཟོ་གསུམ་ཐད་ཀྱི་མིང་ཚིག ཚན་རིག་རིག་གནས་ཐད་ཀྱི་མིང་ཚིག་དང་རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་དང་ལྗོན་ཤིང་། གཏེར་ཁ། རི་དྭགས། གཅན་གཟན། ཆུ་སྲིན། སྲིན་བུ་སོགས་ཀྱི་མིང་ཚིག་སྔར་ཡོད་པའི་རྨང་གཞིའི་ཐོག་མེད་པ་རྣམས་བོད་སྤྱི་ལ་ཁྱབ་པའི་ཐ་སྙད་གསར་བ་ཐོས་པར་འཇེབས་པ་བཏགས་ནས་མིང་མཛོད་དང་ཚིག་མཛོད་དཔར་དུ་བསྐྲུན་ཏེ་བོད་ཀྱི་ཡུལ་གྲུ་སོ་སོར་ཁྱབ་གདལ་དུ་སྤེལ་དགོས། ལྔ། རྒྱལ་སྤྱིའི་སྒྲ་རྟགས་ལ་བརྟེན་ནས་བོད་ཀྱི་ཚད་ལྡན་སྐད་ཁྱབ་གདལ་དུ་གཏོང་བ། རྒྱལ་སྤྱིའི་སྒྲ་རྟགས་ནི་འཛམ་གླིང་ཐོག་གི་སྐད་རིགས་སྣ་ཚོགས་སྦྱོང་བའི་ཐབས་དམ་པ་ཞིག་ཡིན་པས། མཁས་དབང་རྣམ་པ་དང་ཁྱད་པར་དུ་སྐད་བརྡ་རིག་པར་མཁས་པ་རྣམས་ཀྱིས་བོད་ཀྱི་ཚད་ལྡན་སྐད་གཏན་འབེབས་བྱེད་པའི་དུས་མཚུངས་སུ། དེའི་སྒྲ་གདངས་རྒྱལ་སྤྱིའི་སྒྲ་རྟགས་སུ་བཀོད་ནས་བཀྲམས་ན་བོད་ཀྱི་ཚད་ལྡན་སྐད་གང་མགྱོགས་ཀྱིས་ཁྱབ་སྤེལ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད།

དེ་རྗེས་སློབ་གླིང་སོ་སོ་ནས་དགེ་རྒན་ན་གཞོན་བཅུ་ལྷག་གི་མི་སྣ་གསོ་སྐྱོང་མཛད་དེ་ཐོག་མར་ཆོལ་ཁ་གསུམ་གྱི་མི་རིགས་སློབ་ཆེན་ཁག་ལ་སྒྲ་གདངས་འཆད་འཁྲིད་ཀྱི་དུས་ཡུན་ཟླ་གཉིས་ལྷག་ལ་ཡུལ་བསྐོར་བྱེད་དགོས། རིམ་བཞིན་སློབ་ཆེན་ནས་འབྲིང་རིམ་དང་དེ་ནས་སློབ་འབྲིང་བར་དུ་དགེ་རྒན་གསོ་སྐྱོང་དང་རིམ་པ་བཞིན་གྱི་འཆད་འཁྲིད་ཡུལ་བསྐོར་བྱེད་དགོས། བོད་སྐད་ཚད་ལྡན་སྐད་དུ་གཏོང་བའི་བྱ་བའི་ཁྲོད། ཚད་ལྡན་སྐད་ཀྱི་མཚོན་བྱེད་གཙོ་བོ་ནི་ཡིག་ངོས་སུ་བཀོད་པའི་སྐད་ཆ་སྟེ་རྩོམ་ཡིག་གི་སྐད་ཆ་དེ་ཚད་ལྡན་སྐད་དག་ཐེར་དང་གཅིག་གྱུར་བྱེད་ཡུལ་ཡིན། ཚད་ལྡན་སྐད་ཁྱབ་གདལ་དུ་གཏོང་བར་སློབ་གྲྭ་ཆེ་འབྲིང་ལ་སློབ་མ་བསྡུ་ལེན་བྱེད་སྐབས་བོད་ཁམས་ཡོངས་ལ་ཁ་ཕྱོགས་དགོས་ལ། གཞན་ཡང་གློག་འཕྲུལ་གྱི་ནུས་པ་ལ་བརྟེན་ནས་ཁྱབ་བརྡལ་གཏོང་དགོས། དེང་སྐབས་རླུང་འཕྲིན་དང་བཪྙན་འཕྲིན། དྲྭ་རྒྱའི་ནུས་པ་ནི་དྲིལ་བསྒྲགས་ཀྱི་ཡོ་བྱད་ཡོད་ཚད་ལས་བརྒལ་ཡོད་པས་ལྷ་སའི་སྐད་ཀྱི་རྨང་གཞི་སྟེང་ཆོལ་གསུམ་བོད་མིའི་གོ་ཐུབ་པའི་ཐ་སྙད་གཅིག་གྱུར་སྟེང་སྒྲ་གདངས་ཤིག་གཏན་འཁེལ་བྱས་རྗེས་ཀྱི་ཁ་བརྡ་དང་ལེ་ཚན་མང་དུ་བཏང་ན་ཚད་ལྡན་སྐད་གཏན་འབེབས་བྱེད་པར་ཕན་ནུས་ཆེན་པོ་ཡོད་པར་འདོད་དོ། །

རྩོམ་པ་པོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་མི་རིགས་དགེ་ཐོན་སློབ་གླིང་དགེ་རྒན། ཕག་མོ་ཚེ་བརྟན།

རྩོམ་སྒྲིག་འགན་འཁུར་བ། གདུགས་དཀར་ཚེ་རིང་། སྐྱིད་ལུས།