༄༅། ། མི་རིགས་དང་མི་རིགས་ཀྱི་རིག་གནས།
བསེ་ཚང་བློ་བཟང་དཔལ་ལྡན།
【ནང་དོན་གནད་བསྡུས།】 དུས་རབས་ཉེར་གཅིག་པ་ནི་རིག་གནས་འཛམ་གླིང་ཅན་དང་རིག་གནས་གཞི་མང་ཅན་གྱི་དུས་རབས་ཤིག་ཡིན་ཕྱིར།
མི་རིགས་ཀུན་གྱིས་རིག་གནས་བརྗེ་རེས་དང་། དབྱེར་མེད་གཅིག་ཏུ་ཐིམ་པ་དང་། ཕན་ཚུན་ལེགས་ཆས་ཁ་གསབ་བྱས་ནས་མི་རིགས་ཀྱི་ས་རྒྱ་དང་རྣམ་པའི་གཏན་ཚིགས་ལས་བརྒལ་ཏེ་རིག་གནས་འདི་འཛམ་གླིང་ལ་ཁ་ཕྱོགས་ནས་བླང་དོར་དགག་སྒྲུབ་ཀྱི་སྲང་ལ་བཀུག་སྟེ་ཀུན་གྱིས་ཐུན་མོང་གི་ལོངས་སྤྱོད་དུ་བསྒྱུར་དགོས།
【བརྡ་ཆད་གཙོ་བོ།】 མི་རིགས། མི་རིགས་ཀྱི་རིག་གནས།
དང་བོ། མགོ་བརྗོད།
༄༅།། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉིད་རུས་རྒྱུད་ཚོ་བ་གོང་དུ་འཕེལ་ནས་མི་རིགས་སྤྱིའི་ཕུང་བོར་གྲུབ་པ་ན།
མི་རིགས་རང་རང་གི་རིག་གནས་ཀུན་གྱིས་རང་གི་ཐུན་མོང་མིན་པའི་མི་རིགས་རང་བཞིན་དང་ཁྱད་ཆོས་ལ་བརྟེན་ཏེ་འཛམ་གླིང་རིག་གནས་ཀྱི་རིན་ཆེན་གཏེར་མཛོད་དུ་འོད་སྟོང་སྤྲོ་བཞིན་མཆིས་སོ། །སྤྱིར་མི་རིགས་དང་རིག་གནས་ཞེས་པ་གཉིས་ཀྱི་དོན་སྤྱིའི་གོ་བ་དང་ཁྱབ་ཁོངས་ཐ་དད་ཅིང་མི་འདྲ་མོད།
འོན་ཀྱང་མི་རིགས་ཤིག་གླེང་འོང་དུས་ངང་ངམ་ཤུགས་ཀྱིས་དེའི་རིག་གནས་ཁྱད་ཆོས་དང་རྣམ་པ་ཀུན་དྲངས་འོང་བ་ཡིན་ལ།
དེ་བཞིན་རིག་གནས་ཤིག་གླེང་བའི་སྐབས་སུའང་དེའི་རྟེན་གཞི་མི་རིགས་དང་དེའི་ངོ་བོ་མི་གླེང་མི་སྲིད་པས།
མི་རིགས་དང་རིག་གནས་གཉིས་དེ་ལྟ་བུར་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་དེའི་ཚོན་མདངས་སྣ་ཚོགས་སུ་བཀྲ་བ་དང་སྐྱེ་སྟོབས་ཀྱི་གཟི་དཔལ་འབར་བ་ཀུན་ནས་མཚོན་པར་བྱེད་དོ།
།
མི་རིགས་ནི་རིམ་གྱིས་འགྱུར་བཞིན་པའི་ཆོས་དང་ལྡན་པ་ལོ་རྒྱུས་ཀྱི་ཆ་ནས་བཞག་པའི་དོན་སྤྱིའི་གོ་བ་དང་ལྡན་པ་ཞིག་ཡིན་པས།
དེ་ཉིད་ཀྱི་བྱུང་བ་དང་། འཕེལ་རྒྱས།
ཉམས་ཆག་ཀུན་དུས་ཡུན་ཤིན་ཏུ་རིང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང་དེ་ལ་ཁོ་རང་ངོས་ཀྱི་འགྱུར་ལྡོག་གི་རང་བཞིན་ལྡན་པའི་ཆོས་ཉིད་ཅིག་ཡོད་དོ།
ལོ་རྒྱུས་ཐོག་ཏུ་མི་རིགས་ཅི་ཙམ་ཉམས་ཟིན་པ་བཤད་མི་དགོས་ཤིང་མ་འོངས་པ་ན་མི་རིགས་ཅི་ཙམ་གྲུབ་འགྲོ་བ་ལ་མ་དཔྱད་པར་ད་ལྟ་འཛམ་གླིང་སྟེང་ན་མི་རིགས་ཉིས་སྟོང་ལྷག་ཡོད་པའི་གནས་བབ་དངོས་ལ་བརྟེན་ནས་བཤད་ན།
དེ་ཐམས་ཅད་རང་རང་གི་རིགས་རྒྱུད་མི་འདྲ་བར་མ་ཟད།
རྒྱལ་ཁབ་དང་ས་གནས་མི་འདྲ་ཞིང་རིག་གནས་ཀྱི་རིགས་ཀྱང་མི་འདྲ་ལ།
དེའི་སྤྱིའི་ཁྱབ་རྒྱ་དང་དཔལ་འབྱོར་གྱི་ཆ་ནས་སྤྱི་ཚོགས་འཕེལ་བའི་དུས་རིམ་ལ་ཁྱད་པར་ཆེན་པོ་ཡོད་དོ།
དེ་ཡང་མི་རིགས་སོ་སོའི་དཔལ་འབྱོར་གྱི་ཆ་ནས་སྤྱི་ཚོགས་འཕེལ་ཚད་ལ་ཁྱད་པར་ཆེ་བའམ་རིག་གནས་འཕེལ་རིམ་གྱི་ཆ་ནས་ཁྱད་པར་ཇི་ལྟར་ཆེ་ནའང་།
མིའི་རིགས་ཀྱི་རིག་གནས་ལོངས་སྤྱོད་ཀྱི་རིན་ཐང་གི་སྒོ་ནས་མི་རིགས་ཆེ་ཆུང་ཞེས་དང་།
སྔོན་ཐོན་དང་རྗེས་ལུས་ཞེས་སུ་གདགས་སུ་མེད་པས།
མི་རིགས་སོ་སོའི་རིག་གནས་ཐམས་ཅད་འགྲོ་བ་མིའི་རིགས་ཀྱི་རིག་གནས་གཏེར་མཛོད་ཆེན་པོར་ཉར་པའི་མུ་ཏིག་གི་ཕྲེང་བ་རེ་རེ་ཡིན་ལ།
དེ་རྣམས་ཀྱི་ཁྱད་པར་ནི་དུས་རབས་དང་། ས་གནས། ཕྱིའི་རྣམ་པ་ཙམ་མོ། དེ་ལྟ་ནའང་རིག་གནས་ཐམས་ཅད་མཉམ་པ་ཉིད་ཡིན་དེ།
དེ་ཀུན་མིའི་རིགས་རང་ཉིད་ཀྱི་ཆར་གྱུར་པའི་ཕྱིར་རོ།།
བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཏེ།
སྤྱི་ཚོགས་ལོ་རྒྱུས་འཕེལ་ཡུན་རིང་མོའི་ནང་བོད་རིགས་མི་དམངས་ཀྱིས་ཐུན་མོང་མིན་པའི་མི་རིགས་ཁྱད་ཆོས་དང་གཟི་འོད་ལམ་ལམ་འབར་བའི་བོད་ཀྱི་རིག་གནས་གསར་དུ་བསྐྲུན་པས། ཀྲུང་ཧྭ་རིག་གནས་བྱུང་བ་དང་། འཕེལ་བ།
དར་བ་ལ་བླ་ན་མེད་པའི་མཛད་རྗེས་བཞག་ཅིང་།
ཀྲུང་ཧྭ་རིག་གནས་ཀྱི་བང་མཛོད་བསགས་སྲུང་སྤེལ་བའི་བྱེད་པོ་ཟླ་མེད་ཅིག་ཏུ་གྱུར་ལ།
འཛམ་གླིང་རིག་གནས་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་སུ་བཀྲ་བའི་ཆ་ལ་རླབས་ཆེ་བའི་ཕྱག་རིས་བཞག་པའི་ཕྱིར་རོ།།
དུས་རབས་ཉེར་གཅིག་པ་ནི་སྒོ་ཀུན་ནས་འཛམ་གླིང་རང་བཞིན་གྱི་ཆ་མགྱོགས་མྱུར་གྱིས་འཕེལ་བཞིན་པའི་དུས་རབས་ཤིག་ཡིན་པའི་ཕྱིར་ན།
སྤྱི་ཚོགས་ཧྲིལ་གྱིས་མདུན་དུ་བསྐྱོད་ཅིང་། མི་རིགས་གཞི་ནས་གོང་དུ་འཕེལ་ཞིང་།
རིག་གནས་ཀྱང་སྦྲུལ་ཤུན་བརྗེ་བ་ལྟར་འགྱུར་བཞིན་འདུག་གོ དེ་ཡང་།
སྤྱི་ཚོགས་མདུན་བསྐྱོད་ཀྱི་དབང་གིས།
འཛམ་གླིང་སྟེང་གི་མི་རིགས་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་མང་དང་དམ་པོར་གྱུར་ཅིང་། མི་རིགས་འཕེལ་རྒྱས་སུ་སོང་བའི་དབང་གིས།
མི་རིགས་སོ་སོའི་རིག་གནས་ཕན་ཚུན་གྱི་ལེགས་ཆ་ལེན་རེས་དང་ཤན་ཤུགས་ལ་བརྟེན་ནས་རྒྱུན་ཆད་མེད་པར་དར་རྒྱས་སུ་འགྲོ་བ་དང་།
མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་བརྗེ་རེས་དང་གེགས་མེད་ལྷུག་པར་གྲོལ་བའི་སྤྱི་ཚོགས་གནས་བབ་ཀྱི་མཐུན་རྐྱེན་ལ་བརྟེན་ནས་དུས་རབས་གསར་བའི་ཁྲུས་གསོལ་ཐོབ་བཞིན་པའི་ཕྱིར་ན། སྐྱེས་པ་དང་ལྷན་ཅིག་པ་དང་། ཕ་ས་མ་ཡུལ་གྱི་རིག་གནས་མ་ཕྱི་དེ་ག་རང་ཉམས་དམས་སུ་འགྲོ་བཞིན་པའོ།
དེའི་རྐྱེན་གྱིས་རིག་གནས་འཛམ་གླིང་རང་བཞིན་གྱི་ཆོས་སུ་འགྱུར་བཞིན་པའི་དེང་གི་དུས་འདིར།
མི་རྣམས་ཀྱིས་རིག་གནས་སྣ་མང་རང་བཞིན་ཀྱི་ཆ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ་རིག་གནས་ཀྱི་མི་རིགས་རང་བཞིན་རྒྱུན་འཁྱོངས་བྱས་ཏེ།
རིག་གནས་སྣ་མང་བ་དང་འཛམ་གླིང་གི་རང་བཞིན་ལྡན་པའི་གཞི་གཉིས་འགལ་མེད་ལྷན་ཅིག་གནས་པ་དང་།
ཕན་ཚུན་ལེགས་ཆ་བརྗེ་རེས་བྱེད་པའི་དམིགས་འབེན་འགྲུབ་པར་བྱེད་པ་སྟེ།
མིའི་རིགས་ཡོངས་ཀྱི་རིག་གནས་ཀྱིས་རང་ཉིད་ལ་སྟོབས་བསྐྱེད་པ་དང་ཕུན་སུམ་ཚོགས་པར་བྱ་དགོས་པའི་ཕྱོགས་ལ་གོ་བ་གསར་དུ་ཪྙེད་བཞིན་འདུག་གོ
གཉིས་པ།
རིག་གནས་ཞེས་པའི་དོན་སྤྱིའི་གོ་བའི་བརྟག་ཞིབ།
མི་རིགས་དང་རིག་གནས་གཉིས་ཀྱི་འབྲེལ་བར་བརྟག་ཞིབ་བྱ་བའི་ཐོག་མ་ཁོ་ནར་རིག་གནས་ཞེས་པའི་དོན་སྤྱི་འཇོག་མཚམས་དང་དེའི་སྒྲ་དོན་བཤད་འཇུག་ཐད་ཀྱི་བགྲོད་ལམ་ལ་བརྟག་གཞིགས་ཅུང་ཟད་རེ་བྱེད་དགོས།
གནའ་རབས་ཀྲུང་གོའི་རྒྱ་ཡིག་གི་རིག་གནས་ཞེས་པའི་ཐ་སྙད་དེའི་ཐོག་མའི་དོན་ནི་རིག་པས་སྐྱོང་ཞིང་བསྒྱུར་པ་ལ་གོ་བས་དེ་ལ་བསྒྱུར་ཞིང་འདུལ་བའི་དོན་ཡོད།
དེས་ན་ཀྲུང་གོའི་རིག་གནས་མགོ་བརྩམས་མ་ཐག་པ་ནས་བཟུང་གཙོ་བོ་བསམ་པ་དང་མི་ཆོས་ཀྱི་ཆ་ལ་ཁ་ཕྱོགས་པར་གྱུར་པའོ།
དེང་རབས་ཀྲུང་གོའི་རྒྱ་ཡིག་གི་སྐད་ཀྱི་རིག་གནས་ཞེས་པའི་ཐ་སྙད་དེ་ནི་དུས་རབས་བཅུ་དགུ་བ་ལ་འཇར་པན་གྱི་ཡེ་གེ་ལས་འགྱུར་བའོ།
ནུབ་གླིང་མི་རིགས་ཀྱི་སྐད་ཡིག་གི་མ་ལག་ནང་དུ་རིག་གནས་ཞེས་པའི་ཐ་སྙད་དེ་ཆེས་ཐོག་མར་ལ་ཏིང་ཡི་གེ(cultura)ཞེས་པ་འདི་ལས་བྱུང་། དེའི་དོན་ནི་སོ་ནམས། སྦྱང་བ། ཉམས་འཇོག་སོགས་དོན་མང་བོར་འཇུག་གོ
རྗེས་ནས་དེ་ལས་འཕྲོས་ཏེ་མིའི་གཤིས་རྒྱུད་གསོ་སྦྱོང་དང་སྒོ་གསུམ་གྱི་སྤྱོད་པའི་བློ་སྦྱོང་ལའང་གོ་བའོ།
དེ་ཕྱིར་དེའི་དོན་ལ་མིའི་རིགས་ཀྱི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ཀྱི་ཆ་གཉིས་ཀ་འདུ་བའོ།
དེ་ན་འདིའི་ཐད་ནས་བལྟས་ན་ནུབ་གླིང་བའི་རིག་གནས་ཞེས་པའི་ཐ་སྙད་དེའི་ནང་དོན་ཀྲུང་གོའི་གནའ་རབས་ཀྱི་རིག་གནས་ཞེས་པའི་དོན་གྱི་གོ་བ་ལས་རྒྱ་ཆེའོ།
བོད་སྐད་ཡིག་གི་རིག་གནས་ཞེས་པའི་ཐ་སྙད་དེ་ཡང་སྔ་མོ་ཞིག་ནས་བྱུང་བ་ཡིན་ཏེ།
ཕལ་ཆེར་གནའ་བོའི་རྒྱ་གར་གྱི་རིག་གནས་བོད་དུ་འགྱུར་བ་ནས་མགོ་བརྩམས་ཏེ་རིམ་གྱིས་བཅུ་ཕྲག་རིག་གནས་ཞེས་པའི་ཐ་སྙད་འདི་ཆགས་པ་ཡིན་འདུག
དེའི་དོན་ཐད་ཀར་རྒྱ་ནག་གི་སྐད་དུ་བསྒྱུར་ན་明处ཞེས་པར་འགྱུར། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅུ་ཕྲག་རིག་གནས་ཞེས་པའི་གྲགས་སྙན་འབར་བ་དེ་ནི་རིག་གནས་ཆེ་བ་ལྔ་སྟེ།
སྒྲ་རིག་པ་དང་། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པའོ། ཆུང་བ་ལྔ་ནི།
སྙན་ངག
མངོན་བརྗོད། སྡེབ་སྦྱོར། ཟློས་གར་དང་སྐར་རྩིས་བཅས་སོ།
སྤྱིར་བཏང་བོད་ཀྱི་རིག་གནས་ཞེས་པ། བཅུ་ཕྲག་རིག་གནས་ལ་གོ་ཞིང་།
ལྷག་པར་བོད་བརྒྱུད་ནང་བསྟན་དགོན་སྡེའི་སློབ་གསོ་ཐོབ་པ་ཤུགས་ཆེ་བ་འགའ་རེ་དང་བཅུ་ཕྲག་རིག་གནས་ལ་སྦྱང་བ་ཕྲ་བའི་གཞོན་ཞུགས་འགའ་རེའི་བློ་ངོར་དེ་ཁོ་ནར་འཆར་བར་འདུག་གོ
དེ་ནི་བཅུ་ཕྲག་རིག་གནས་ཀྱི་གོ་བ་རང་ཉམས་ཁབ་ཀྱི་བུ་ག་ལྟ་བུར་སྣ་འཁྱིལ་བའི་གཞན་དབང་ལས་མ་འདས་སོ།
དོན་ལ་ང་ཚོས་ད་ལྟ་བོད་ཀྱི་རིག་གནས་ཞེས་པའི་དོན་གྱི་གོ་བ་ནི་རིག་གནས་རིག་པ་ལ་བརྟེན་པའི་གཞུང་ལུགས་སྤྱིའི་ཆ་ལ་འཇོག་པ་ལྟར་དེ་ཐམས་ཅད་བཅུ་ཕྲག་རིག་པའི་གཙོ་འཁོར་ཡན་ལག་གི་ཆ་ལ་འུབ་ཀྱིས་འདུ་བར་གོ་བ་ནི་མཁས་པའི་དགོངས་བཞེད་རྨ་མེད་པའོ།།
རིག་གནས་ཞེས་པ་དེ་ནང་དོན་ཁྱབ་རྒྱ་ཆེ་ཞིང་འཕྲོས་དོན་རབ་ཏུ་ཡངས་པའི་དོན་སྤྱིའི་གོ་བ་ལྡན་པའི་ཐ་སྙད་ཅིག་ཡིན་པར་མཁས་པ་རྣམས་ཀྱིས་བཞེད་དེ།
སྤྱི་ལོ༡༨༧༡ལོར། དབྱིན་ཇིའི་མིའི་རིགས་ཀྱི་རིག་གནས་རིག་པ་སྨྲ་བ་ཐེད་ལེས་བརྩམས་པའི་གདོད་མའི་རིག་གནས་ཞེས་པར།
རིག་གནས་ཞེས་པ་དེ་སྒོ་སོ་སོར་སྦྱར་ནས་གནད་འདུས་ལ་ཟུར་ཆོད་པའི་འགྲེལ་བ་བྱས་པ་ནི།
དེ་ལས། རིག་གནས་ཞེས་པ་ཤེས་རིག་ཐམས་ཅད་དང་། དད་མོས།
སྒྱུ་རྩལ། ཀུན་སྤྱོད། བཅའ་ཁྲིམས། ཡུལ་སྲོལ། སྤྱི་ཚོགས་ཀྱི་གྲུབ་ཆར་གྱུར་པའི་མི་རྣམས་ཀྱིས་ཁོང་དུ་ཆུད་དགོས་པའི་རིགས་དང་དང་དུ་ལེན་དགོས་པའི་ནུས་སྟོབས་དང་གོམས་སྲོལ་གཞན་ཐམས་ཅད་དང་བཅས་པའི་འདུས་སྤྱི་ཞིག་ཡིན་ཞེས་བསྟན།
ཐེད་ལེས་བཞག་པའི་རིག་གནས་ཀྱི་གོ་དོན་དེ་ནི་རིག་གཞུང་སྨྲ་བས་ཐེངས་དང་བོར་རིག་གནས་ལ་སྤྱིའི་ཆ་ནས་དོན་སྤྱི་ཞིག་གཏན་འབེབ་བྱས་པས་དེའི་ཤན་ཤུགས་ཆེ་ལ་གཏིང་ཟབ་པ་ཡིན་ཏེ།
དེའི་རྗེས་ཀྱི་སྤྱི་ཚོགས་ཚན་རིག་སྨྲ་བ་མང་བོ་དང་ལྷག་པགྲུ་དམངས་སྲོལ་རིག་པ་སྨྲ་བ་དང་མིའི་རིགས་ཀྱི་རིག་གནས་རིག་པ་སྨྲ་བ་རྣམས་ཀྱིས་རིག་གནས་སྣང་ཚུལ་འཆད་པ་ལ།
རུག་གནས་ཞེས་པའི་དོན་སྤྱིའི་ཁྱབ་བྱ་གཏན་ལ་འབེབ་པར་རྩ་བའི་ཁྱབ་ཁོངས་དང་སྤྱིའི་ཁོག་ཙམ་བསྟན་པའོ།།
མི་རིགས་རིག་པ་སྨྲ་བ་རྣམས་ཀྱིས་དུས་རབས་གཅིག་ལྷག་གི་རིང་ལ་བརྟག་ཞིབ་དང་ཞིབ་འཇུག་བྱས་པར་བརྟེན།
ད་ལྟ་མི་རིགས་རིག་པར་བགྲོ་གླེང་བྱེད་བཞིན་པའི་རིག་གནས་ཞེས་པའི་ཐ་སྙད་འདིའི་མཚན་ཉིད་འདི་ག་རང་བཀོལ་ནས་དེས་འཆད་བཞིན་འདུག་སྟེ།
རིག་གནས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཚོགས་པ་(འདིར་མི་རིགས་ལ་གོ)བྱེ་བྲག་པའི་འཚོ་སྡོད་དང་།
འཕེལ་རྒྱས་སུ་འགྲོ་བ་རྒྱུན་ཆགས་རྟག་བརྟན་དུ་གནས་བྱེད་དང་།
ཚོགས་པ་དེ་གའི་མི་སྣ་ཚང་མས་མི་རབས་ནས་མི་རབས་སུ་རྒྱུན་བསྲིངས་པར་བརྟེན་རིམ་གྱིས་གསོག་འཇོག་དང་གཏན་ཁེལ་རྒྱུན་ཆགས་སུ་གྱུར་པའི་རྣམ་པར་ཚུགས་པ་དང་ཆབས་ཅིག་སྦྱར་བྱུང་སྦྱངས་སྟོབས་ཀྱིས་རྒྱུན་མཐུད་དང་རྒྱ་ཆེར་བསྐྱེད་པའི་ལྟོས་བཅས་ཀྱི་སྒོ་ནས་བཤད་ན་བརྟན་འཇགས་ཡིན་ལ་རང་རྐྱ་ཕེར་ལ་ཆ་ཚང་བའི་ཚད་ལྡན་གྱི་སྤྱི་ཞིག་ཡིན་ནོ།།
ཞེས་སྨྲ། རྒྱལ་ནང་གི་རིག་པ་སྨྲ་བ་རྣམས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ཀྱི་ངོ་བོ་དང་མིའི་འཕེལ་རྒྱས་གཅིག་གྱུར་གྱི་སྒོ་ནས་གོ་བ་ལེན་གྱིན་འདུག་སྟེ།
རིག་གནས་ཀྱི་ངོ་བོ་ནི་མིའི་ཆོས་སུ་གྱུར་པའི་ཆ་ནས་བཞག་པ་སྟེ།
མིའི་རིགས་ཀྱིས་རང་བྱུང་ཁམས་བཅོས་བསྒྱུར་དང་།
སྤྱི་ཚོགས་དང་མི་རང་ཉིད་ཡུན་རིང་གི་ལོ་རྒྱུས་བརྒྱུད་དེ་བྱུང་བའི་དངོས་པོ་དང་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་དང་།
མིའི་སྤྱོད་ལམ་དང་། འཚོ་བ་རོལ་སྟངས།
མིའི་ཆོས་ཅན་དུ་གྱུར་པའི་རྣམ་པ་དང་བཅས་པའི་བྱ་བ་ཁྱད་པར་བ་ཞིག་ཡིན་པར་སྨྲ།
སྤྱིར་རིག་གནས་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་བ་གཉིས་ཡོད་དེ།
སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་དེའི་དོན་ནི་རིག་གནས་ཏེ་མིའི་ཆོས་སུ་གྱུར་པའི་ཆ་དེས་ཚུར་ལ་རྣམ་པ་གཏད་པ་ནི་ལོ་རྒྱུས་རིམ་གྱིས་འཕེལ་བའི་བརྒྱུད་རིམ་ལ་མིའི་རིགས་ཀྱི་དངོས་པོ་དང་བསམ་པའི་ནུས་སྟོབས་སླེབས་སའི་ཚད་དང་རྣམ་པ་ལ་བྱའོ།
སྒྲ་དོག་འཇུག་གི་དབང་དུ་བྱས་པའི་དེའི་དོན་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འདྲ་མིན་གནས་སྟངས་གཙོ་བྱས་པའི་ནང་དོན་ལྡན་པའི་ལྟ་གྲུབ་ཀྱི་མ་ལག་ལ་ཟེར་རོ།
སྔ་མའི་དབང་དུ་བྱས་པའི་རིག་གནས་ལ་མིའི་ཆོས་དང་ལྡན་པའི་རྣམ་པ་དང་།
སྤྱི་ཚོགས་ཀྱི་རང་བཞིན་དང་སྣ་མང་རང་བཞིན་སོགས་ཁྱད་ཆོས་ཡོད་དོ།
།དེའི་རྩོམ་གཞིར་གྱུར་པའི་ཆ་ལ་རིམ་པ་མང་བོའི་སྒོ་ནས་དབྱེ་ཞིབ་བྱས་ཆོག་གོ
རིག་གནས་ཀྱི་མཚན་ཉིད་ལ་གོ་བ་ལེན་ཚུལ་མི་འདྲ་བ་ཇི་འདྲ་མཆིས་ཀྱང་།
རིག་གནས་དེའི་དོན་གང་ལ་བསྐོར་ནས་བཤད་ཀྱང་མཐར་གཏུགས་ན་དེའི་སྙིང་བོའམ་གནད་འབབ་ས་མི་ཡིན་པའི་གནད་འགག་དེ་ཉིད་གསལ་བོར་ཤེས་ཐུབ་བོ།
མི་དང་རིག་གནས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པས་མིས་རིག་གནས་གསར་དུ་བསྐྲུན་ཐུབ་ལ།
རིག་གནས་ནི་མིའི་རིགས་ལ་སེམས་ཅན་གཞན་ལ་མེད་པའི་གསར་གཏོད་བྱེད་པའི་ནུས་པ་ཡོད་པ་གོ་བྱེད་དམ་མཚོན་བྱེད་ཡིན་ཞིང་།
དེ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་ཀྱང་ཡིན་ནོ།
དེས་ན་རིགས་རྒྱུད་དང་མི་རིགས་ཐ་དད་པ་རྣམས་ཀྱིས་རིག་གནས་ཀྱི་རྣམ་གཞག་ཐ་དད་པ་བཟོ་སྐྲུན་བྱས་སོ།
དེ་ཡང་རིག་གནས་དེ་ཉིད་མི་རིགས་རིག་པ་ལྟར་ན་མི་རིགས་སོ་སོའི་མི་རྣམས་ཀྱིས་ངེས་པར་དུ་ཁོང་དུ་ཆུད་དགོས་པའི་རིག་གནས་ཤིག་ཡིན་པར་སྨྲ་ཞིང་།
མི་རྣམས་ཀྱིས་སྦྱངས་བྱུང་སྦྱིངས་སྟོབས་ཀྱི་རིག་གནས་ཐ་དད་པའི་དབང་གིས་མི་རིགས་ཐ་དད་པར་གྲུབ་པ་ཡིན་ནོ།
འདི་ནི་ཕྱི་རོལ་དོན་ལ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ལ།
དེ་དང་འདྲ་བར་མི་རེ་རེ་ནས་རིག་གནས་ཤིག་ངེས་པར་དུ་ཁོང་དུ་ཆུད་པར་བྱེད་པ་ལ་རང་ཉིད་གང་དུ་གཏོགས་པའི་མི་རིགས་དེའི་གྲལ་དུ་རང་ཉིད་ཞུགས་དགོས་པ་དེ་ཡང་དོན་ལ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ནོ།
དེ་གཉིས་ཀ་མིའི་འདུན་མོས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རང་དབང་བ་ནི་མ་ཡིན་ནོ། དེའི་ཕྱིར་སྤྱི་ཚོགས་ཐོག་ན་མི་རིགས་གང་དུའང་འཇོག་མི་ནུས་པའི་མི་ཞིག་གཞི་མ་གྲུབ་ལ།
མི་ཐམས་ཅད་ལ་རང་ཉིད་གང་དུ་འཇོག་སའི་མི་རིགས་ཤིག་ཡོད་ཅིང་།
རང་ཉིད་ཀྱི་མེས་པོའི་ཁབ་རེ་ཡོད་དོ།
དེ་ནི་རིག་གནས་ཀྱི་དོན་ལ་གྲུབ་པའི་མི་རིགས་རང་བཞིན་གྱི་འབབ་ས་རེ་ཡོད་པའི་རང་བཞིན་གྱིས་གཏན་འབེབ་བྱས་པ་ཡིན་ནོ།
གསུམ་པ། མི་རིགས་དང་རིག་གནས།
མི་རིགས་ཞེས་པའི་ཐ་སྙད་འདི་ང་ཚོས་རྒྱུན་དུ་གླེང་བཞིན་པ་དང་བཀོལ་བཞིན་འདུག་ལ།
མི་རེ་རེ་ལ་རང་ཉིད་གར་གཏོགས་པའི་མི་རིགས་དང་མི་རིགས་ཀྱི་རིག་གནས་རེ་འཇོག་རྒྱུ་ཡོད་དོ།
དེས་ན་མི་རིགས་ཞེས་པའི་དོན་གང་ཡིན་ཐད་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་ཕལ་མོ་ཆེས་ཐུན་མོང་དུ་ཁས་ལེན་པ་ནི་སི་ཏ་ལིན་གྱི་མི་རིགས་ཀྱི་མཚན་ཉིད་ཡིན་ཏེ།
དེ་ཡིས། མི་རིགས་ནི་མིའི་ལོ་རྒྱུས་སྟེང་གྲུབ་པའི་ཐུན་མོང་གི་སྐད་ཆ། ཐུན་མོང་གི་ས་གནས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ལ་བརྟེན་ནས་མངོན་པར་གྱུར་པའི་ཐུན་མོང་གི་སེམས་ཁམས་རྒྱུ་སྤུས་དང་བཅས་པའི་རྩ་བའི་ཁྱད་ཆོས་བཞི་དང་ལྡན་པའི་གཏན་འཇགས་ཀྱི་རིགས་སྤྱི་ཞིག་ལ་བྱའོ།
ཞེས་བཤད།
མཚན་ཉིད་འདིས་བསྟན་པའི་ཐུན་མོང་གི་རིག་གནས་ཁྱད་ཆོས་ལ་བརྟེན་ནས་མངོན་པར་གྱུར་པའི་ཐུན་མོང་གི་སེམས་ཁམས་རྒྱུ་སྤུས་ཞེས་པ་དེས་མི་རིགས་ནི་རིག་གནས་ཀྱི་རྒྱུད་འཛིན་བྱེད་པ་བོ་དངོས་ཡིན་པ་གསལ་བོར་བསྟན་ཏོ།
མཚན་ཉིད་དེར་བརྟེན་ནས་རིག་གནས་ནི་མི་རིགས་ཀྱི་ཁྱད་པར་འབྱེད་ཆོས་གཙོ་བོ་ཞིག་ཡིན་པར་གོ་ཐུབ།
དེའི་རྒྱུ་མཚན་ནི་རིག་གནས་མིའི་རིགས་ཀྱིས་བཟོས་པ་ཡིན་ལ། དེ་དང་ཆབས་ཅིག་རིག་གནས་དེས་སླར་ཡང་མིའི་རིགས་རང་ཉིད་ལ་ཁ་ལོ་བསྒྱུར་བ་དང་བཟོ་སྐྲུན་བྱེད་པའང་ཡིན།
རིག་གནས་ཡོན་ཏན་འཕེལ་འགྱུར་གྱི་བརྒྱུད་རིམ་ལ་བརྟེན་ནས།
འཛམ་གླིང་ཐོག་ས་གནས་དང་རྒྱལ་ཁབ་མི་འདྲ་བའི་མི་རིགས་དེ་དག་གིས་རང་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་གསར་བཟོ་བྱས་ཏེ་ཆ་འདྲ་བའམ་ཡང་ན་ཤིན་ཏུ་ཐ་དད་པའི་མི་རིགས་ཀྱི་བསམ་པ་ཆགས་སོ།
མི་རིགས་ཤིག་གི་རིག་གནས་དེ་ཉིད་འཇིག་རྟེན་བྱེད་པོ་ལྟ་བུ་ཞིག་གིས་ཐུགས་རྗེས་སུ་བསྩལ་བ་མ་ཡིན་ལ།
ལྟོས་མེད་ལྷན་སྐྱེས་ཀྱི་བག་ཆགས་ལྟ་བུ་སྔོན་སོང་གིས་བསྐྱེད་པའང་མ་ཡིན་པར་མི་རིགས་དེ་ཉིད་ས་གནས་ཁོར་ཡུག་ངེས་པ་ཞིག་ལ་བརྟེན་ནས་ཡུན་རིང་བོར་སྤྱི་ཚོགས་འཚོ་བའི་མྱོང་བ་དངོས་ཀྱི་སྒོ་ནས་གསར་གཏོད་དང་གསོག་འཇོག་བྱས་ནས་གྲུབ་པ་ཡིན། མི་རིགས་ཀྱི་རིག་གནས་གསར་དུ་བྱུང་བ་དང་།
རིམ་གྱིས་འགྱུར་བ། མི་རིགས་ཀྱི་རིག་གནས་འདྲ་མིན་ཐ་དད་རང་བཞིན་བཅས་ནི། མི་རིགས་རང་གི་རིག་གནས་ཀྱི་སྐྱེ་ཁམས་ལ་འབྲེལ་བ་ཟབ་མོ་ཡོད།
རིག་གནས་སྐྱེ་ཁམས་དེ་ཡང་གང་བྱ་བའི་དངོས་པོའི་ལོངས་སྤྱོད་ཐོན་སྐྱེད་བྱེད་སྟངས་དང་གང་བཙུགས་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱི་རྣམ་པ་ལ་སྲོག་དང་རྣམ་ཤེས་ལྟ་བུའི་འབྲེལ་བ་གྲུབ་འདུག ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མིའི་རིགས་ཀྱིས་རིག་གནས་མ་ཕྱི་ཆ་ཀུན་ནས་རིགས་གཅིག་ཡིན་པ་ཞིག་གསར་གཏོད་བྱེད་མི་སྲིད་ལ།
མིའི་རིགས་ཀྱིས་བཟོ་པའི་རིག་གནས་དང་མ་ཕྱི་ཐ་དད་པའི་རིག་གནས་དེ་ཡིས་མི་རིགས་ཤིག་གསར་དུ་སྐྲུན་པར་བྱེད་དོ།
ཡང་ཅིག་བཤད་ན། མི་རིགས་སོ་སོའི་རིག་གནས་གསར་གཏོད་བྱེད་པའི་ཕྱི་ནང་གི་ཁོར་ཡུག་དང་།
རྣམ་པ། ཐབས་བཀོད་ཐ་དད་པའི་དབང་གིས་གསར་གཏོད་བྱས་པའི་རིག་གནས་དེ་དག་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་མཆིས་སོ།
ཁྱད་ཆོས་དེ་དག་ཀྱང་མི་རིགས་སོ་སོའི་རིག་གནས་ཀྱི་དངོས་པོའི་ཆ་དང་བསམ་པའི་ཆར་གྱུར་པའི་ཕྱོགས་སོ་སོ་ནས་མཚོན་པར་བྱེད་ཅིང་།
ལྟོས་ས་ལྟོས་འཇོག་གི་སྒོ་ནས་གཏན་ཆགས་སུ་གནས་པའི་དངོས་པོའི་ལོངས་སྤྱོད་ཐོན་སྐྱེད་བྱེད་སྟངས།
འཚོ་བ་རོལ་ཐབས། སྤྱོད་ལམ་གྱི་ཚད་གཞི། སྤྱི་ཚོགས་སྒྲིག་གཞི།
འཚོ་བའི་གོམས་སྲོལ།
སྐད་ཆ་དང་བསམ་གཞིགས་བྱེད་སྟངས།
རིན་ཐང་དང་ལེན་བྱེད་ཕྱོགས་དང་བཅས་པ་སོགས་ཆགས་པ་དང་དེ་དག་ལ་ཤན་ཤུགས་ཐེབས་པར་འགྱུར་རོ།
རྒྱུན་གྱི་སྒོ་ནས་གཏན་འཇགས་ཀྱི་ཁྱད་ཆོས་ལྡན་པ་འདིས་ད་གཟོད་ཁྱད་ཆོས་མི་འདྲ་བའི་མི་རིགས་འདི་བཟོས་པ་ཡིན་ནོ།
མི་རིགས་ཤིག་མི་རིགས་གཞན་ཞིག་དང་ཐ་དད་པར་འཇོག་བྱེད་ཀྱི་རྩ་བའི་མཚོན་བྱེད་ནི་རང་རང་ལ་ཐུན་མིན་གྱི་མི་རིགས་ཀྱི་རིག་གནས་ཤིག་ཆགས་ཡོད་པ་དེ་ཡིན་ནོ།
ཅུང་ཟད་གཏན་འཇགས་ཡིན་པ་མ་ཟད་ཁྱད་ཆོས་ལྡན་པའི་རིག་གནས་འདི་རིགས་ལྷག་ལུས་མེད་པར་མི་རིགས་འདི་ཉིད་ཀྱི་མི་ཡོངས་ཀྱི་འཚོ་བ་དངོས་དང་།
བསམ་གཞིགས་བྱེད་སྟངས་སོགས་ཀྱི་དངོས་ཤུགས་ཅི་རིགས་ནས་མངོན་པར་འགྱུར་བ་ཕུད།
མི་རིགས་དེས་གསར་བཟོ་བྱས་པའི་དངོས་པོའི་ཐོན་རྫས་དང་བསམ་པའི་ལོངས་སྤྱོད་སོགས་ཀྱི་ཆ་ནས་ཀྱང་གསལ་བོར་མངོན་པར་འགྱུར་བ་དང་ཆབས་ཅིག་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པའི་མི་རིགས་ཀྱི་རིག་གནས་འདི་དག
རྣམ་པ་མི་འདྲ་བ་ཙམ་མ་གཏོགས་རྒྱུན་ཆགས་ཀྱི་སྒོ་ནས་མི་རིགས་དེའི་མི་རབས་ནས་མི་རབས་སུ་བརྒྱུད་པ་བར་ཆད་པར་འགྱུར་ཞིང་། དེ་ཡང་གསར་ཪྙིང་གི་ལེགས་ཆ་ལེན་རེས་དང་།
ཕན་ཚུན་ཤན་བརྡེག་བཞིན་མི་རིགས་རང་ཉིད་ཀྱི་རིག་གནས་སྲོལ་རྒྱུན་ཞིག་འགྲུབ་པར་འགྱུར་རོ།
མི་རིགས་རང་ཉིད་མེད་ན་མི་རིགས་དེའི་རིག་གནས་ཀྱང་ཤི་བའི་རོ་དང་འདྲ་བར་འགྱུར་བའི་ཕྱིར།
རིག་གནས་ལ་རྣམ་པ་གསལ་བའི་མི་རིགས་རང་བཞིན་ལྡན་ལ།
མི་རིགས་དེ་ཉིད་མི་རིགས་ཀྱི་རིག་གནས་ལ་བལྟས་ནས་བཤད་ན། རིག་གནས་ཀྱི་རྟེན་གཞིའམ་འདེགས་རྟེན་ཡིན་ལ་གཞི་དངོས་ཀྱང་ཡིན་ནོ།
མི་རིགས་ནི་མི་རིགས་ཀྱི་རིག་གནས་ཆགས་པའི་གཞི་ཉག་གཅིག་ཡིན་པའི་ཕྱིར་ན།
མི་རིགས་ཀྱི་རིག་གནས་དེ་མི་རིགས་འཕེལ་རྒྱས་སུ་ཕྱིན་པ་ལ་བརྟེན་ནས་བྱུང་བའི་དངོས་པོ་ཡིན་ཞིང་།
རིག་གནས་གང་ཞིག་ཡིན་རུང་མི་རིགས་ཀྱི་རིག་གནས་རྨང་གཞི་བྱས་ནས་གྲུབ་པའོ། དེའི་ཕྱིར་མི་རིགས་གོང་དུ་འཕེལ་བ་ལ་བརྟེན་ནས་དེ་ཡང་འཕེལ་བ་ཡིན།
དེ་ལྟར་མི་རིགས་ཀྱི་རིག་གནས་དང་མི་རིགས་བར་གྱི་འབྲེལ་བ་དེ་གཟུགས་དང་གྲིབ་མ་བཞིན་འབྲལ་མི་ཤེས་པ་དེ་ལྟ་བུ་ལགས་ཕྱིར།
བོད་ཀྱི་རིག་གནས་ཀྱང་བོད་མི་རིགས་ཀྱི་རིག་གནས་ཡིན་ལ་དེ་དང་ཁ་འབྲལ་མི་ཤེས་པར་གནས་ཡོད་པ་མ་ཟད།
བོད་རིགས་གོང་འཕེལ་བྱུང་བ་དང་སྦྲགས་ནས་དེ་ཡང་གོང་འཕེལ་དུ་འགྲོ་ཞིང་།
བོད་སྤྱིའི་གཤིས་རྒྱུད་གོང་འཕེལ་དུ་འགྲོ་བ་དང་བསྡེབས་ནས་དེ་ཡང་གོང་དུ་འཕེལ་བ་ནི་དངོས་སྟོབས་ལ་གྲུབ་པའི་ཆོས་ཉིད་ཅིག་ཡིན་ལ་ལྡོག་སྟེ་བཤད་ཀྱང་གནད་གཅིག་ལ་འབབ་ཅིང་མཚུངས་པ་ཡིན་ནོ།
།གལ་ཏེ་བོད་རིགས་ཞེས་པའི་གདགས་གཞིའི་རྣམ་པ་འདི་གཞི་མ་གྲུབ་ན།
བོད་ཀྱི་རིག་གནས་ཞེས་པ་ཞིག་ཀྱང་འགྲུབ་མི་སྲིད་པ་ལྟར་དུ་མི་རིགས་གང་ཞིག་ཡིན་རུང་མི་རིགས་དེའི་རིག་གནས་ཀྱི་ཕྱོགས་དང་རིམ་པ་དང་སྒོ་སོ་སོ་ནས་མི་རིགས་ཀྱི་ཁྱད་ཆོས་དང་བསམ་པའི་ཆ་ཀུན་མངོན་པར་མཚོན་པ་ལྟར་བོད་རིགས་ཀྱང་དེ་ལས་མ་འདས་སོ།
གོང་དུ་གཞི་ལ་མ་བཀར་བར་སྤྱིའི་ཆོས་ཉིད་ཀྱི་སྒོ་ནས་བརྟག་དཔྱད་བྱས་པ་དེས།
མི་རིགས་དང་རིག་གནས་གཉིས་ཀ་ལོ་རྒྱུས་ཀྱི་ཐོན་རྫས་ཡིན་ལ།
རིག་གནས་དང་མི་རིགས་གཉིས་ཁ་ཕྲལ་ནས་གནས་སུ་བྱར་མེད་པར་སྔར་བཤད་པ་ལྟར་རོ། མི་རིགས་རང་ཉིད་ཀྱིས་རང་ཐོན་སྐྱེད་བྱ་འགུལ་དང་སྤྱི་ཚོགས་བྱ་འགུལ་ལ་བརྟེན་ནས་ཐུན་མོང་མིན་པའི་མི་རིགས་ཀྱི་རིག་གནས་གསར་གཏོད་བྱས་ཤིང་།
མི་རིགས་དང་དེའི་རིག་གནས་གོང་དུ་འཕེལ་བ་ཡིས་ཀྱང་ཐུན་མོང་རང་རྐྱ་ཕེར་བའི་རིག་གནས་སྲོལ་རྒྱུན་ཡང་ཆགས་པ་ཡིན་ནོ།
རིག་གནས་སྲོལ་རྒྱུན་དེས་དུས་རབས་ནས་དུས་རབས་སུ་མི་རིགས་ཀྱི་ཚོགས་པ་དེ་དང་དེའི་མི་རྣམས་ལ་ཕན་གདགས་པར་བྱེད་ལ།
མི་རིགས་ཀྱི་ཚོགས་པ་དེ་ཡང་རིག་གནས་སྲོལ་རྒྱུན་ལ་བརྟེན་ཏེ་ལྷོད་པ་མེད་པར་ཕྱོགས་གཅིག་ཏུ་དམ་པོར་བཅིངས་པར་འགྱུར་རོ། །དེ་ཕྱིར་སྲོལ་རྒྱུན་རིག་གནས་དེ་ཕྱོགས་གཅིག་ནས་མི་རིགས་རང་ཉིད་ཀྱི་མི་ཡོངས་ལ་དབང་བར་མཚོན་ཞིང་མི་རིགས་གཞན་དང་ཁྱད་པར་འབྱེད་བྱེད་དུའང་མངོན་ནོ།
དེར་བརྟེན་ནས་འཛམ་གླིང་སྟེང་འདི་ན་སྣང་བའི་རིག་གནས་ཡོངས་རྫོགས་མི་རིགས་ཤིག་ལ་རྟེན་ཅིང་འབྲེལ་བར་འབྱུང་བས།
རིག་གནས་ཀྱི་མི་རིགས་རང་བཞིན་ནི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡིན་ཞེས་བཤད་ཆོག་གོ
རྒྱུ་མཚན་དེ་དག་གི་རྐྱེན་གྱིས།
མི་རིགས་ཀྱི་རིག་གནས་ནི་མི་རིགས་དེའི་བླ་སྲོག་ཡིན་ཞིང་།
རིག་གནས་ནི་མི་རིགས་དེའི་ཕྱི་ཕྱིར་འབྲངས་ཤིང་དེ་ལ་བརྟེན་ཅིང་གནས་པའི་ཕྱིར་ན།
རིག་གནས་ཉམས་དམས་སུ་གྱུར་པ་དེ་ཡིས།
མི་རིགས་ཀྱང་དེ་དང་ལྷན་ཅིག་ཏུ་ཉམས་པར་འགྱུར་བའི་སྡོམ་ཚིག་ཅིག་ཪྙེད་པར་འགྱུར་རོ།
བཞི་བ། བོད་དང་བོད་ཀྱི་རིག་གནས།
ཀྲུང་ཧྭ་མི་རིགས་ནི་མི་རིགས་ང་དྲུག་གིས་གྲུབ་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་ཞིང་།
ལོ་རྒྱུས་རིང་ལ་འོད་སྟོང་ལམ་ལམ་འབར་བའི་ཀྲུང་ཧྭ་རིག་གནས་ཀྱང་རིས་སུ་མ་ཆད་པའི་མི་རིགས་དེ་ཀུན་གྱིས་དཔུང་གཅིག་ཏུ་བསྡེབས་ནས་གསར་གཏོད་བྱས་པའོ།
རང་རྒྱལ་གྱི་མཚན་སྙན་འབར་བའི་མིའི་རིགས་ཀྱི་རིག་པ་སྨྲ་བ་སྐུ་ཞབས་ཧྥ་ཞོད་ཐོང་གིས་ཀྲུང་ཧྭ་མི་རིགས་ནི་སྣ་མང་གཅིག་འདུས་ཀྱི་གནས་བབ་སྟེ་རིག་གནས་ཀྱི་ཆ་ནས་གཞི་མང་བ།
ཆབ་སྲིད་ཀྱི་ཆ་ནས་ངོ་བོའི་ལམ་ལུགས་གཞི་གཅིག་ལ་འདུ་བར་བཞེད།
སྐུ་ཞབས་ཁོང་ལ་ཚེ་མཇུག་རིག་གནས་ཐ་དད་པའི་ལེགས་ཆ་མ་ལུས་ཀུན་ཐུན་མོང་བ་ཞེས་པའི་ལྟ་ཚུལ་ཆགས་ཤིང་དེའི་དོན་ཡང་རང་གི་ལེགས་ཆ་གཞན་གྱི་ལེགས་ཆར་སྤེལ་པ་དང་ཆབས་ཅིག
གཞན་གྱི་ལེགས་ཆ་རང་གི་ལེགས་ཆའི་ཕུལ་དུ་བལྟས་ནས་ལེགས་ཆ་མ་ལུས་ཀུན་གྱི་ཐུན་མོང་དང་གནམ་འོག་མ་ལུས་འདྲ་མཉམ་ཆེན་པོའི་ངང་དུ་བྱེད་དགོས་ཞེས་བསྟན།
བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ནང་གི་ཕུལ་བྱུང་མི་རིགས་ཤིག་ཡིན་ཏེ།
ལོ་རྒྱུས་རིང་བ་དང་ཕུལ་དུ་བྱུང་བའི་རིག་གནས་ཀྱི་སྲོལ་རྒྱུན་ལྡན་པའི་མི་རིགས་ཤིག་ཡིན་པའི་ཕྱིར་རོ།
དེ་ལ་མི་གྲངས་ཁྱོན་བསྡོམས་ཁྲི་བཞི་བརྒྱ་བདུན་ཅུ་ལྷག་ཡོད་ཅིང་།
གཙོ་བོ་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན།
ཡུན་ནན་ཞིང་ཆེན་གྱི་ས་གནས་ཁ་ཤས་དང་བཅས་པར་ཁྱབ་ཡོད་དོ།
བོད་མི་དམངས་ནི་ངལ་རྩོལ་ལ་བརྩོན་པ་དང་། བབ་ཆགས་པ། བློ་སེམས་དཀར་བ། ཤེས་རབ་ལྡན་པ།
དཔའ་སྟོབས་འཛོམས་པའི་མི་རིགས་ཤིག་ཡིན་པས།
རང་གི་ཕྱག་ཟུང་གིས་མེས་རྒྱལ་གྱི་ཡངས་ཤིང་ཆེ་བའི་མཚོ་བོད་མཐོ་སྒང་མཚར་སྡུག་ཡིད་དུ་འོང་ཞིང་ཕྱི་སྣོད་ཀྱི་བཀོད་པ་གཙང་བ།
ནང་གང་ཟག་གི་སེམས་རྒྱུད་གཙང་བ་སྟེ་ཕྱི་གཙང་ནང་གཙང་འཛམ་བུ་གླིང་གི་གནས་འདིའི་གླང་ཆེན་གྱི་སྤྱི་གཙུག་ལྟར་མཐོ་བ་འདི་ལ་ཆ་མཐུན་གྱི་རིག་གནས་བསྐྲུན་ཏེ་ཡུལ་གྲུ་ཀུན་གྱི་མིག་ལྟོས་བྱེད་ས་གཅིག་པུར་འཇོག་རུང་བའི་ཁྱད་ཆོས་ཅན་འདི་བྱུང་།
རླབས་ཆེ་བའི་མེས་རྒྱལ་གྱི་འཕེལ་རྒྱས་དང་གཅིག་གྱུར་ལ་གཞན་འགྲན་མེད་པའི་མཛད་རྗེས་བཞག་ཅིང་།
ལོ་རྒྱུས་རིང་བ་དང་སྣ་འཛོམས་ཕུན་སུམ་ཚོགས་པ།
གཞན་དང་ཐུན་མིན་གྱི་འོད་སྟོང་འབར་བའི་རིག་གནས་འདི་གསར་གཏོད་བྱས།
དེ་ལ་མཚན་ཉིད་རིག་པ་དང་།
ཆོས་ལུགས། སྐར་རྩིས། བཟོ། སྙན་ངག གླུ་དབྱངས། བྲོ་གར། རི་མོ་སོགས་འདུའོ།
དེས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཕུན་སུམ་ཚོགས་པར་བྱས་ཤིང་།
མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་ཐོག་གོ་གནས་ངེས་ཅན་ཟིན་ཡོད་དོ།
རིག་གནས་ལ་མི་རིགས་རང་བཞིན་ཡོད་པ་མ་ཟད།
འཛམ་གླིང་རང་བཞིན་ཡང་ཡོད་པས། དེ་ནི་དམིགས་བསལ་གྱི་ཆ་དང་སྤྱི་ཁྱབ་ཀྱི་ཆ་གཉིས་ཟུང་དུ་འཇུག་པ་ཡིན་ཏེ།
མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློ་དེ་ཉིད་འཛམ་གླིང་མི་རིགས་ལ་བལྟས་ནས་བཤད་ན།
དེ་ལ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་སྒོ་ནས་རང་གི་ཁྱད་ཆོས་ཡོད་ལ། འཛམ་གླིང་རིག་གནས་ཀྱི་བསམ་བློ་སྤྱིའི་ཁྱད་ཆོས་ཀྱང་ལྡན་ཏེ།
གལ་ཏེ་རང་གི་ཁྱད་ཆོས་མེད་ན་རང་ཉིད་ཤེས་བྱར་གྲུབ་པའི་རིན་ཐང་དང་སྙིང་བོ་བོར་བ་ཡིན་ལ།
འཛམ་གླིང་མི་རིགས་ཀྱི་བསམ་བློའི་མ་ལག་ཏུ།
མི་རིགས་ཀྱི་བསམ་བློ་ཤིན་ཏུ་མང་ལ་རང་རང་ལ་རང་རང་གི་ཁྱད་ཆོས་ལྡན་ཞིང་།
འཛམ་གླིང་མི་རིགས་ཀྱི་བསམ་བློ་ནི་མི་རིགས་ཀྱི་བསམ་བློ་སོ་སོའི་ཕྱོགས་སྡོམ་མམ་ཡང་ན་གོང་ནས་གོང་དུ་གནས་པར་གྱུར་པ་ཡིན།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་ལ་གཉེར་ཞིང་བྱམས་དང་སྙིང་རྗེའི་སེམས་དང་མི་ལྡོག་བརྟན་པའི་བརྩོན་པའི་བསམ་བློ་དེ་ཉིད་འཛམ་གླིང་རིག་གནས་ཀྱི་བསམ་བློ་ཐུན་མོང་སྤྱིའི་ཁྱད་ཆོས་སུ་འགྱུར་བར་བྱ་དགོས།
འཛམ་གླིང་ཐུན་མོང་གི་རིག་གནས་གོང་འཕེལ་ལ་བྱས་རྗེས་བཞག་པའི་མི་རིགས་གང་ཞིག་ཡིན་ཡང་།
བསམ་བློ་དེ་གཉིས་རིས་སུ་མ་ཆད་པར་འཛོམས་དགོས་སོ། གལ་ཏེ་དེ་ལ་ཁྱད་པར་ཡོད་པར་སྨྲ་ན།
དེའི་ཁྱད་པར་ནི་སྐད་ཆའི་ཐ་སྙད་འདོགས་ཚུལ་དང་འཕེལ་རྒྱས་མི་མཉམ་པ་ཙམ་དུ་ཟད་དོ།
མི་རིགས་ཤིག་གི་རིག་གནས་ཀྱི་སྙིང་བོ་ནི་རིག་གནས་ཀྱིས་བསྐྱེད་པའི་མི་རིགས་དེའི་རིག་གནས་བསམ་བློ་ཡིན།
མི་རིགས་དང་མི་རིགས་ཤིག་གི་རིག་གནས་ཤེས་འདོད་ན།
མི་རིགས་དེའི་རིག་གནས་བསམ་བློ་ངེས་པར་དུ་ངེས་དགོས།
བོད་ཀྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་ཤིང་།
རྒྱ་ཆེ་ལ་གཏིང་ཟབ་པས། དེ་ཤེས་འདོད་ན་དེའི་རྨང་གཞིའམ་རྩ་བའི་གཞུང་ཤིང་ལྟ་བུའི་བསམ་བློ་ཤེས་དགོས།
དེ་ལ་ངེས་པར་དུ་བོད་ཀྱི་རིག་གནས་བསམ་བློའི་རང་གི་ཁྱད་ཆོས་ལ་བརྟག་ཞིབ་བྱ་དགོས།
དེའི་རང་གཤིས་ཞེས་པ་ནི། མི་རིགས་གཞན་དང་ཐུན་མོང་མིན་པའི་ངོ་བོ་དང་།
རྣམ་པའི་ཁྱད་པར་དེ་ལ་བྱའོ། རང་གཤིས་སུ་གྱུར་པའི་མི་རིགས་རིག་གནས་བསམ་བློ་ཞེས་པ་དེ་ནི་མི་རིགས་ཡུལ་ཅན་དེས་ཇི་ལྟར་ཡུལ་དང་རང་ཉིད་ཤེས་པ་དང་བཅོས་བསྒྱུར་ལ་བརྟེན་ནས་གྲུབ་པའི་སྤྱིར་བཏང་དང་གཏན་འཇགས་སུ་གྱུར་པའི་ཁྱད་པར་གྱི་སྣང་བ་དེ་ལ་བྱའོ།
རིག་གནས་བསམ་བློ་ཞེས་པ་ནི།
རིག་གནས་མ་ལག་གི་སྒྲིག་གཞི་ལ་བརྟེན་ནས་མངོན་པའི་ངོ་བོ་དང་། སྙིང་བོ།
རིན་ཐང་མ་ལག་དང་སེམས་ཁམས་རྒྱུ་བ་དེར་བྱ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིག་གནས་བསམ་བློ་དེ་གཙོ་བོ་ཕྱོགས་གསུམ་ནས་མཚོན་པར་བྱར་རུང་བས་དེ་གསུམ་གྱི་སྒོ་ནས་བཤད་ན།
༡.
དགེ་ལ་གཉེར་ཞིང་བྱམས་དང་སྙིང་རྗེའི་བསམ་བློ།
དགེ་ལ་གཉེར་ཞིང་བྱམས་དང་སྙིང་རྗེའི་བསམ་པ་ནི་བོད་ཀྱི་རིག་གནས་ཀྱི་རྩ་བའམ་གཞུང་ཤིང་ལྟ་བུ་སྙིང་བོའི་སྐོར་ལགས་ཤིང་།
རིག་གནས་འདིའི་ཐྲག་མཐའ་བར་གསུམ་ཀུན་ཏུ་ཞི་བདེ་དང་།
སྙིང་རྗེའི་བསམ་པའི་རླན་གྱིས་བཟུང་ཞིང་སེམས་རྒྱུད་འདུལ་བའི་སྐོར་གཙོ་བས།
གཞན་ལ་འཚེ་བར་མི་བྱེད་པ་དང་སེམས་ཅན་ཕྲ་མོ་འབུ་སྲིན་ཚུན་ཆད་ཀྱི་སྲོག་ལ་གནོད་པ་སྤོང་བར་མཐའ་གཅིག་དུ་བརྩོན་པ།
འགྲོ་བ་མ་ལུས་པའི་སྲོག་ལ་གཅེས་པ་དང་གནས་ལུགས་མཐར་ཐུག་གི་ཆ་ནས་མཉམ་པ་ཉིད་ཡིན་པར་ལྟའོ།
དེའི་རྒྱུ་མཚན་གྱིས་སྲོག་གཅོད་སོགས་མི་དགེ་བར་འཛེམ་ཞིང་སྣོད་ཀྱི་བཀོད་པའང་སེམས་ཅན་འཚོ་བའི་རྟེན་ཡིན་པས་དེ་ལ་གནོད་ན་དེར་བརྟེན་པ་ཀུན་ལ་གནོད་པར་འགྱུར་བར་འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་སུ་གསུངས་པའི་ཕྱིར་ན། བོད་ཀྱིས་མི་དང་རང་བྱུང་ཁམས།
མི་དང་མིའི་བར་གྱི་འབྲེལ་བར་ཞི་ཞིང་བདེ་བ་འབྱུང་བར་བརྩོན་པ་ཡིན་ནོ།
དེ་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཐེག་པའི་དབང་གིས་ཐེག་ཆེན་ཐེག་དམན་གཉིས་སུ་དབྱེ་ཞིང་དེའི་དགོངས་བཞེད་གནད་བསྡུས་ཏེ་བཤད་ན་མདོ་ལས།
གཞན་ལ་འཚེ་བར་མི་བྱ་ཞིང་། ཕན་ནི་དམ་པ་གདགས་པར་བྱ། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན།
ཞེས་གསུངས་པ་ལྟར་སྤྱོད་པ་མ་གེཐའ་གཞན་ལ་འཚེ་བ་མེད་པ་ཐེག་དམན་གྱི་ལུགས་དང་།
གཞན་ལ་ཕན་འདོགས་པ་ཐེག་ཆེན་གྱི་ལུགས་ཡིན་ཞིང་བོད་ཀྱི་རིག་གནས་འདིའི་གཞི་འཛིན་ས་ཐེག་ཆེན་ལ་བྱས་ཤིང་འོག་མའི་ལུགས་ཀྱང་གནད་ཀྱིས་མི་འགལ་བ་ཡར་ལ་འདུ་ལ་གཙོ་བོ་གཞན་ཕན་ལ་བརྩོན་པ་ཁོ་ནའོ།
བྱ་བ་ཆེ་ཕྲ་ཀུན་གྱི་སྦྱོར་དངོས་རྗེས་གསུམ་ཀུན་ལ་གཞན་ཕན་གྱི་བསམ་པ་བཟང་བོའི་རྩིས་ཟིན་པ་བྱ་བ་འདི་ནི་རིག་གནས་འདིའི་ལག་ལེན་དངོས་ཀྱི་ཆིངས་ཆེན་པོ་གཅིག་པུ་ཡིན་ནོ།
འཛམ་གླིང་སྟེང་གི་མི་རིགས་གཞན་དང་རིག་གནས་གཞན་ལའང་བདེན་བཟང་མཛེས་གསུམ་འཇོག་རྒྱུ་ཡོད་མོད་བོད་ལྟར་དེ་ཁོ་ན་ལ་བསྐོར་ཏེ་མི་ཚེ་གང་བོར་གཉིད་དང་ཟས་ཀྱང་བཅགགླ་ནས་དེ་ལ་བརྩོན་པ་བྱེད་པ་ལྟ་བུ་ནི་ཉིན་མོའི་སྐར་མ་བཞིན་དུ་ཉུང་ལ།
གཞུང་ལུགས་རྒྱ་མཚོ་ལྟ་བུའི་དགོངས་ཕུགས་གཞན་དོན་ལ་འབད་ཅིང་འཇིག་རྟེན་གསུམ་ན་སངས་རྒྱས་ཞེས་པའི་སྒྲ་འུད་པོ་ཆེར་གྲགས་པ་དེའང་གཞན་དོན་གྱི་ཆེད་དུ་འཐོབ་བྱར་དམིགས་པ་ལས་དེ་མཐར་ཐུག་གི་དམིགས་ཡུལ་མིན་པ་ནི་ཐེག་ཆེན་སྤྱིའི་དགོངས་པ་ཡིན་པ་དེས་ཀྱང་གཞན་དོན་ཁོ་ན་དམིགས་པ་གསལ་བར་བྱས་སོ།
དེ་ལྟ་བུའི་ལྟ་དགོངས་སྤྱོད་པ་རྨད་ཏུ་བྱུང་བའི་ཕྱིར་ན། བོད་རྣམས་འཚོ་བའི་མཚོ་བོད་མཐོ་སྒང་འདི་ནི་ད་ལྟ་འཛམ་གླིང་ན་ས་གཙང་ཆུ་གཙང་དེང་རབས་ཀྱི་མིའི་རིགས་ཀྱིས་གནོད་པ་ཐེབས་པ་ཅུང་ཉུང་བའི་གནས་སུ་བརྩིར་ཆོག་པ་དེའོ།
མི་རིགས་འདིས་བདག་པོས་བཟུང་བ་དང་མ་བཟུང་བའི་སེམས་ཅན་ཕྲ་རགས་ཀུན་ལ་ཅི་ནུས་ཀྱིས་གཅེས་པར་སྐྱོང་ཞིང་དོན་མེད་དུ་གཞན་ལ་འཚེ་བར་མི་བྱེད་པས།
སྲོག་གི་ཉེན་ཁས་མནར་པའི་སེམས་ཅན་མཐོང་ན་སྐྱོབ་པའི་སྦྱོར་བ་ཚོལ་ཞིང་ཡི་གེ་དྲུག་མའི་སྔགས་ཀྱིས་བསྔོ་བ་དང་དགྲ་བགེགས་མེད་པའི་སྨོན་ལམ་གྱིས་རྒྱས་འདེབས་པར་བྱེད་དོ།
༢.མི་ལྡོག་བརྟན་པའི་བརྩོན་པའི་བསམ་བློ།
འཛམ་གླིང་སྟེང་ཆེས་མཐོ་བའི་ས་གནས་མཚོ་བོད་མཐོ་སྒང་འདི་ནི་དུས་བཞིའི་ནམ་ཟླ།
ས་ཞིང་།
འགྲིམ་འགྲུལ་སོགས་མིའི་རིགས་འཚོ་གཞེས་ཀྱི་མཐུན་རྐྱེན་དམན་པ་དེ་ལྟ་བུ་ལགས་ནའང་དེར་འཚོ་བའི་བོད་རིགས་སྤུན་ཟླ་མི་དམངས་ཀྱིས་མི་སུ་དང་གང་ཞིག་གནས་དེར་ཐོན་ནའང་། གནས་ཀྱི་རྩེ། ཟས་ཀྱི་ཕུད།
གཏམ་གྱི་སྙན་ཆས་བསུ་བ་བྱེད་པ་དང་། ནམ་རྒྱུན་གྱི་རང་གི་འཚོ་བ་དང་ངལ་རྩོལ་ཀུན་ལ་དཀའ་ངལ་དང་སྐྱོ་སུན་གྱི་བསམ་པ་རྩ་བ་ནས་མེད་པ་སྟོན་གྱི་ནམ་མཁའ་ལྟར་དག་པའི་བརྡ་རུ་སུ་དང་གང་ལ་འཕྲད་ནའང་གཏམ་གྱི་མགོ་མ་ཀུ་རེས་འདྲེན་ཞིང་གླུ་དང་གར་ལ་དགའ་ཞིང་དགོད་སྒྲ་དང་གླུ་སྒྲས་མི་མེད་ས་སྟོང་ལུང་སྟོང་ཁེངས་ཤིང་།
སེམས་ན་སྡུག་མེད། ངོ་ན་རྡུལ་མེད་པའི་རྣམ་པ་ངོམ་པའི་མི་རིགས་འདི་ཡིས་དེང་རབས་ཀྱི་མི་རྣམས་ལ་མི་ཡི་འཚོ་བ་ལ་བདེ་སྐྱིད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཅིག་སྟེར་བར་བྱེད་དོ།
༣.མི་གཞི་རིང་ལུགས་ཀྱི་བསམ་བློ།
མི་གཞི་རིང་ལུགས་ཀྱི་བསམ་བློ་དེ་གཙོ་བོ་བོད་ཀྱི་རིག་གནས་ཀྱི་བྱམས་སྙིང་རྗེ་སོགས་དང་མི་གཞི་ལ་རྩིས་མཐོང་ཆེ་བ་དེས་མཚོན་ལ།
འདི་ནི་བོད་ཀྱི་རིག་གནས་ཆེས་གཏིང་ཟབ་པའི་ཆའང་ཡིན་ནོ། མི་རིགས་འདིས་མི་ལུས་ཪྙེད་པ་ནི་ཡིད་བཞིན་ནོར་བུ་ཪྙེད་པའི་དོ་ཡ་ཡིན་པར་ལྟ་བ་དང་།
བློ་སེམས་ཀུན་ལ་སྙོམས་པར་དཀར་ཞིང་།
བཟོད་པ་དགྲ་ལ་སྒོམ་པ་སོགས་ཀྱིས་བོད་ཀྱི་མི་གཞི་རིང་ལུགས་ཀྱི་བསམ་བློ་འདི་ག་རང་བཟོས་ཤིང་།
བོད་ཀྱི་རིག་གནས་སེམས་ཁམས་ཀྱི་ཁྱད་པར་ཐུན་མིན་དུ་གྲུབ་བོ།
བོད་ཀྱིས་རེ་སྨོན་དང་དོན་གཉེར་བྱེད་པ་ནི་མི་གཞི་རྫོགས་པ་རབ་ཀྱི་གོ་འཕང་ཡིན་པ་སོགས་འདི་ལ་རྒྱ་ཆེར་བརྟག་པར་བྱ་འོས་མང་ངོ་།
ལྔ་བ། མཇུག་སྡུད།
དུས་རབས་ཉེར་གཅིག་པ་ནི་རིག་གནས་འཛམ་གླིང་ཅན་དང་རིག་གནས་གཞི་མང་ཅན་གྱི་དུས་རབས་ཤིག་ཡིན་ཕྱིར།
མི་རིགས་ཀུན་གྱིས་རིག་གནས་བརྗེ་རེས། དབྱེར་མེད་གཅིག་ཏུ་ཐིམ་པ་དང་།
ཕན་ཚུན་ལེགས་ཆས་ཁ་གསབ་རེས་བྱས་ནས་མི་རིགས་ཀྱི་ས་རྒྱ་དང་རྣམ་པའི་གཏན་ཚིགས་ལས་བརྒལ་ཏེ་རིག་གནས་འདི་འཛམ་གླིང་ལ་ཁ་ཕྱོགས་ཤིང་བླང་དོར་དགག་སྒྲུབ་ཀྱི་སྲང་ལ་བཀུག་ནས་ཀུན་གྱིས་ཐུན་མོང་གི་ལོངས་སྤྱོད་དུ་བསྒྱུར་དགོས་སོ།
རིག་གནས་འཛམ་གླིང་ཅན་ཞེས་པའི་དོན་ལ་གཞན་གྱི་རིག་གནས་ཚུར་ལེན་པ་དང་རང་གི་རིག་གནས་ཕར་བསྐྱལ་པའི་ཕྱོགས་གཉིས་ཀ་འདུ་བའི་ཕྱིར་ན།
དེར་བརྟེན་ཏེ་གོ་སྐབས་དམ་བཟུང་བྱས་ནས་རང་ཉིད་ཀྱི་རིག་གནས་འདི་ལ་སྒོ་ཀུན་ནས་སྟོབས་ཤུགས་བསྐྱེད་པའི་ཐབས་ཉག་གཅིག་ལ་བརྩོན་ཞིང་།
དེའི་མཐུས་མི་རིགས་འདི་གྲུ་བཞི་ལམ་གྱིས་ཀུན་གྱི་རྩེ་མོར་སྙེག་ནས་ཉམས་རྒུད་མེད་པའི་ནུས་པ་འཛོམས་ན་དེ་ནི་འཛམ་གླིང་ཡོངས་ལ་བླ་ན་མེད་པའི་ལེགས་སྐྱེས་བཟང་བོ་ཞིག་ཕུལ་བ་ལགས་སོ།།
རྩོམ་པ་པོ། གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་ཆེན་མོ།
བསེ་ཚང་བློ་བཟང་དཔལ་ལྡན།
རྩོམ་སྒྲིག་འགན་འཁུར་བ། གདུགས་དཀར་ཚེ་རིང་།
སྐྱིད་ལུས།



