无障碍阅读 关怀版

༄༅། །སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་རྩ་དོན་གསུམ་ལ་རགས་ཙམ་དཔྱད་པ།

དུས་ཚོད། 2024-11-20 རྩོམ་པ་པོ སྒྲོལ་མ་སྐྱབས རྩོམ་སྒྲིག

ལོ་ཙཱ་ཞེས་པ་ནི་སྐད་རིགས་གཉིས་ལ་བྱང་ཆ་ངེས་ཅན་ཡོད་པའི་རྨང་གཞིའི་སྟེང་མ་ཡིག་གི་བརྗོད་བྱའི་ནང་དོན་དང་ཚིག་སྦྱོར་རྣམ་པ་དག་ཇི་ལྟ་ཇི་ལྟར་ཡོད་པ་རྣམས་འགྱུར་ཡིག་ཏུ་མ་ཉམས་མ་ལུས་མ་ནོར་བར་དེ་ལྟ་དེ་ལྟར་དུ་མཚོན་པར་བྱེད་པ་དང་། འགྱུར་ཡིག་གི་བརྡ་སྤྲོད་ཀྱི་ལུགས་དང་མཐུན་ལ། མ་ཡིག་གི་རྩོམ་ཉམས་ཀྱང་མ་ཉམས་རང་སོར་མཚོན་པར་བྱེད་པའི་བྱ་བ་ཞིག་ཡིན། རྩོམ་ཐུང་འདིར་གཙོ་བོ་སྒྱུ་རྩལ་རྩོམ་རིག་ཡིག་སྒྱུར་བྱེད་དུས་གནད་དུ་འཛིན་དགོས་པའི་རྩ་དོན་གསུམ་སྟེ། རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་མངོན་པར་བྱེད་པ་དང་། རྩོམ་རིག་གི་བསམ་བློ་མངོན་པར་བྱེད་པ། རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་བསྐྱར་མཚོན་བྱེད་དགོས་པ་བཅས་ཀྱི་ཐད་དཔེ་དང་སྦྲགས་ནས་རགས་ཙམ་གླེང་བར་བྱའོ།

དང་པོ། རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་མངོན་དགོས།

སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་གང་ཞིག་ཡིན་ཡང་། དེར་ཚིག་གི་སྦྱོར་བ་གསོན་ཉམས་ལྡན་པ་དང་། དབྱངས་ཉམས་ཀྱི་མཛེས་པས་ཕྱུག་པ། རྩོམ་མཁན་གང་གི་བསམ་པའི་བརྩེ་དུང་མངོན་པར་གསལ་བའི་ཁྱད་ཆོས་ལྡན་དགོས། “རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན”ཟེར་བ་ལྟར། སྐད་ཆའི་སྒྱུ་རྩལ་གྱིས་རྩོམ་རིག་གི་བརྩམས་ཆོས་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད། དཔེར་ན། སུའུ་ལེན་གྱི་རྩོམ་པ་པོ་ཀོར་ཅིའི<<རྒྱ་མཚོའི་ཁུག་རྟ>>ཞེས་པ་ལས། “在苍茫的大海上,狂风卷集着乌云。在乌云和大海之间,海燕像黑色的闪电,在高傲地飞翔。一会儿翅膀碰着波浪,一会儿箭一般直冲向乌云”ཞེས་པའི་བརྗོད་པ་འདི་འགྱུར་དང་པོར། “མཐའ་མེད་པའི་རྒྱ་མཚོའི་སྟེང་དུ་རླུང་འཚུབ་ཀྱི་སྤྲིན་ནག་སྒྲིལ་བཞིན་ཡོད། སྤྲིན་ནག་དང་རྒྱ་མཚོའི་བར་ན་རྒྱ་མཚོའི་ཁུག་རྟ་ནི་གློག་ཞགས་ནག་པོ་ཞིག་དང་འདྲ་བར་ང་རྒྱལ་གྱིས་འཕུར་བཞིན་ཡོད། སྐབས་རེར་གཤོག་པས་རྦ་རླབས་ལ་འབྲབ་པ་དང་། མཚམས་རེར་མདའ་མོ་ཇི་བཞིན་སྤྲིན་ནག་ཁྲོད་དུ་འཕུར”ཞེས་པར་བསྒྱུར་ཡོད་པ་དང་། འགྱུར་གཉིས་པར། “གཏིང་མཐའ་བྲལ་བའི་ཆུ་གཏེར་ཆེན་པོའི་ཀློང་ན་རྔམ་ཞིང་རྒོད་པའི་འཐོར་རླུང་གིས་ཆུ་འཛིན་ནག་པོའི་ཕུང་པོ་སྒྲིལ་བཞིན་ཡོད། ཆུ་འཛིན་ནག་པོ་དང་ཆུ་གཏེར་ཆེན་པོའི་བར་ན་རྩལ་གྱིས་སྙེམ་པའི་རྒྱ་མཚོའི་ཁུག་རྟས་སྤོབས་པའི་གོ་ཆ་བགོས་ནས་རྒྱུ་ཞིང་འཁྱུག་པའི་གློག་ཞགས་ནག་པོ་དང་འདྲ་བར་གཤོག་འགྱུར་བྱེད། སྐབས་འགར་ཆལ་ཆིལ་དུ་གཡོ་བའི་རླབས་ཕྲེང་སྔོན་མོར་གཤོག་ལྕག་གིས་འབྲབ་པ་དང་། སྐབས་འགར་མདའ་མོ་གཞུ་རྒྱུད་ལས་ཤོར་བ་ལྟར་ཆུ་འཛིན་ནག་པོའི་སྨག་རུམ་དུ་ནམ་འཕང་གཅོད་པར་བྱེད”ཅེས་བསྒྱུར་འདུག

འགྱུར་ཡིག་གཉིས་པོ་བསྡུར་ན། འགྱུར་དང་པོར་ཐད་སྒྱུར་གྱི་ཁྱད་ཆོས་ཐོན་ཡོད། སྒྱུ་རྩལ་རྩོམ་རིག་ལོ་ཙཱ་བྱེད་དགོས་ན། སྒྱུ་རྩལ་རྩོམ་རིག་ལ་བྱང་ཆ་ངེས་ཅན་ལྡན་དགོས་པ་གང་ཞིག ལས་སྣོན་འོས་འཚམ་རེ་མ་བྱས་ན་ཚིག་སྐམ་རེངས་པོའི་བྲོ་བ་ལས་གསོན་ཉམས་ལྡན་པ་ཞིག་ཐོན་མི་ཐུབ། འགྱུར་གཉིས་པར་མཚོན་ན། ཚིག་ཟུར་རྒྱན་གྱིས་མཛེས་པར་སྤུད་ཕྱིར་ཉན་ཚེ་སྙན་ཞིང་འཇེབས་པའི་ཁྱད་ཆོས་ལྡན་ལ། བོད་རང་གི་སྐད་ཆའི་སྦྱོར་བ་དང་ཡང་མཐུན་པས་འགྱུར་ཅུང་དག་པར་སྣང་།

གཉིས་པ། རྩོམ་རིག་གི་བསམ་བློ་མངོན་དགོས།

རྩོམ་རིག་གི་བརྩམས་ཆོས་གང་ཞིག་ཡིན་ཡང་དེར་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་ལ་སོགས་པའི་བསམ་པའི་བརྩེ་དུང་ཕྱིར་མངོན་པའི་ཁྱད་ཆོས་ལྡན། དེ་བས་སྒྱུར་མཁན་གྱིས་མ་རྩོམ་གྱི་ནང་སྙིང་སྟེ་རྩོམ་ཧྲིལ་པོའི་བསམ་བློའི་བསྟན་དོན་རྟོགས་དགོས་ན། མ་མཐར་ཡང་མ་རྩོམ་ཐེངས་གསུམ་ཡན་བཀླག་དགོས། རྩོམ་རིག་བརྩམས་ཆོས་ཀྱི་བསམ་བློའི་དོན་སྙིང་ནི་བརྩམས་ཆོས་གང་དེའི་བླ་སྲོག་ལྟ་བུ་ཡིན་ཏེ། དེ་ཡང་བརྩམས་ཆོས་ལས་མངོན་པའི་མཚན་ཉིད་རིག་པའི་ལྟ་བ་དང་། མི་གཤིས་ཀྱི་ཁྱད་ཆོས་དང་མི་གཞིའི་སྙིང་སྟོབས། འཚོ་བའི་ཡིད་ཆེས་དང་དཔའ་གདེངས་སོགས་ལ་བྱ། བསྒྱུར་བྱའི་མ་ཡིག་ལ་གོ་བ་གཏིང་ཟབ་ལོན་པའི་སྔོན་འགྲོའི་འོག བརྩམས་ཆོས་ཀྱི་ལྐོག་གྱུར་གྱི་ནང་དོན་སོགས་རིམ་པར་རྟོགས་པར་བྱེད་དགོས།

གསུམ་པ། རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་བསྐྱར་མཚོན་བྱེད་དགོས།

ང་ཚོས་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་ཤིག་ཡིག་སྒྱུར་བྱེད་དུས། མ་རྩོམ་གང་གི་རྩོམ་གཤིས་དང་སྒྱུ་རྩལ་ཉམས་འགྱུར་སོགས་ཇི་བཞིན་མཚོན་པར་བྱ་བ་རྩ་དོན་གཙོ་བོར་འཛིན་པ་ལས། ཚིག་གི་སྦྱོར་སྟངས་དང་གྲུབ་ལུགས་དང་བཅས་པ་མ་རྩོམ་དང་ཡིན་གཅིག་བསྟུན་དགོས་པའི་ངེས་པ་མེད། ཡིན་ནའང་མ་རྩོམ་གྱི་རྩོམ་ཉམས་མ་ཤོར་བ་བྱེད་དགོས། འགྱུར་ཡིག་གི་རྩོམ་ཉམས་དང་མ་ཡིག་གི་རྩོམ་ཉམས་གཉིས་དོ་སྙོམ་ཡོང་དགོས་ན་གཙོ་བོ་སྐད་ཆའི་ཉམས་ཀྱི་ཁྱད་ཆོས་ཐོན་དགོས་པ་ཡིན། དཔེར་ན། རྒྱ་ཡིག་གི“赏月”ལྟ་བུར་མཚོན་ན། ང་ཚོས“ཟླ་བའི་མཛེས་ཆོས་ཉམས་སུ་མྱོང”ཞེས་པར་ཐད་ཀར་བསྒྱུར་ན། རྩོམ་རིག་གི་སྐད་ཆའི་ཉམས་གསལ་པོ་ཐོན་མེད། གལ་ཏེ“དཀར་གསལ་ཟླ་བའི་མཛེས་པའི་ཆོས་ལ་ཉམས་སུ་མྱོང་བའོ”ཞེས་པར་བསྒྱུར་ཚེ། རྩོམ་རིག་གི་སྐད་ཆའི་ཉམས་ཐོན་ཡོད་པའི་སྣང་བ་སྦྱིན་སྲིད།

སྐུ་ཞབས་མའོ་ཏུན(茅盾)གྱིས། “རྩོམ་རིག་གི་བྱེད་ནུས་ནི་གཙོ་བོ་མིའི་ཡིད་དབང་འཕྲོག་ཐུབ་མིན་ལ་རག་ལས་ཡོད་དེ། དེ་འདྲའི་ཡིད་དབང་འཕྲོག་བྱེད་ཀྱི་སྲོག་ཤིང་དེ་བརྩམས་ཆོས་ཀྱི་སྐད་ཆའི་གསོན་ཉམས་ཀྱི་རང་བཞིན(神韵)གྱི་སྟེང་ན་གནས། གལ་ཏེ་འགྱུར་ཡིག་གིས་མ་རྩོམ་གྱི་སྐད་ཆའི་གསོན་ཉམས་རང་བཞིན་དེ་ཇི་བཞིན་དུ་མཚོན་མ་ཐུབ་ན། བརྩམས་ཆོས་ཁྲོད་ཀྱི་མིའི་ཡིད་དབང་འཕྲོག་པའི་ནུས་པ་ཤོར་སྲིད”ཅེས་གསུངས་པ་ལྟར། ང་ཚོ་ལོ་ཙཱ་བ་ཚོས་རྩོམ་རིག་བརྩམས་ཆོས་གང་དེའི་རང་སྟེང་ནས་མངོན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དེ་འགྱུར་ཡིག་གི་ཁྲོད་དུ་ཐོན་པར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བའི་རྩ་དོན་ཞིག་ཡིན།

མདོར་ན། སྒྱུ་རྩལ་རྩོམ་རིག་གི་ཡིག་སྒྱུར་ནི་སྐད་རིགས་གཞན་ཞིག་སྤྱད་ནས་མ་རྩོམ་གྱི་སྒྱུ་རྩལ་ཞིང་ཁམས་དེ་འགྱུར་ཡིག་གི་ཁྲོད་དུ་བསྐྱར་བཞེངས་བྱས་ཏེ། འགྱུར་ཡིག་གི་ཀློག་པ་པོར་མ་རྩོམ་ཀློག་པ་བཞིན་གྱི་བློ་འབྱེད་དང་ཡིད་འགུགས། བྲོ་བ་གཅིག་མཚུངས་སུ་ཚོར་ཐུབ་པར་བྱེད་རྒྱུ་དེ་ཡིན་པས། ང་ཚོས་གོང་དུ་བརྗོད་པའི་སྒྱུ་རྩལ་རྩོམ་རིག་ཡིག་སྒྱུར་གྱི་རྩ་དོན་གསུམ་པོར་དོ་སྣང་བགྱིས་ཏེ། དེ་བས་ལྟ་འདོད་ལ་ཉན་སྤྲོ་བ་དང་། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྩོམ་རིག་གི་བོད་འགྱུར་བརྩམས་ཆོས་གང་མང་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་བསྟར་ཐུབ་པའི་རེ་བ་ཞུ་བ་ལགས།

ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།