༄༅། ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ། ༡
མགུར་གླུའི་ཆར་སྤྲིན་གྱེན་དུ་འཕྱུར་ཞིང་རླབས་ཀྱི་ཕྲེང་བ་རྒྱུན་མར་བྱུང་།ཟབ་བརླིང་སྦས་དོན་ཐོག་ལྟར་མཚུངས་ཤིང་མི་ཤེས་རྨོངས་པ་སྐྲག་ལ་འབྱིན།འདོད་གླུའི་འབྲུག་སྒྲ་རྒྱུན་མར་སྒྲོག་ཅིང་ཀུན་དགའ་རྒྱས་པའི་རྨ་བྱ་ལ།སྙན་ངག་མགུར་གླུའི་གབ་ཚིག་གསུངས་པའི་ཉིན་མོའི་དབང་ཕྱུག་མངོན་པར་ཤར།
དང་པོ།དགོས་པ་བསྟན་པ།
ད་ཕན་འཛམ་གླིང་ཐོག་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ཞིབ་འཇུག་གནང་མཁན་མི་རིགས་འདྲ་མིན་སྣ་ཚོགས་པའི་མཁས་པ་དུ་མ་ཞིག་བྱུང་ཡོད་ལ།དེ་དག་གི་ལྟ་ཚུལ་ཡང་འདྲ་མིན་སྣ་ཚོགས་ཤིང་རྩོམ་ཡིག་ཀྱང་མང་དག་ཅིག་སྤེལ་ཡོད་པ་དེ་རྣམས་ཕྱོགས་བསྡུས་བྱས་ན་འདོད་ཚུལ་ཁག་དྲུག་ཙམ་བྱུང་ཡོད་པ་རེད།ཁོ་བོས་ཐོག་མར་འདོད་ཚུལ་ཁག་དྲུག་པོ་དེ་རྣམས་ལ་དབྱེ་ཞིབ་གཅིག་བྱས་ཏེ།རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་དངོས་བྱུང་ལོ་རྒྱུས་དང་བཅས་པའི་མགུར་གླུ་འདིར་དཔྱད་ན།རྒྱལ་དབང་དེ་ཉིད་བོད་ཀྱི་བསྟན་འགྲོའི་ཆེད་དུ་དམིགས་པའི་ཐུགས་ཀྱི་བརྩེ་ཆེན་ཤུགས་དྲག་པོས་རང་དབང་མེད་པར་བསྐྱོད་པའི་དུས་སུ།དཔོན་ངན་ལྷ་བཟང་གིས་བོད་འདི་དབང་སྒྱུར་བྱེད་པའི་ཆབ་སྲིད་ཀྱི་ལྐོག་གཡོས།རྒྱལ་དབང་དང་བོད་མི་དམངས་དབར་གྱི་ཤ་རུས་ཀྱི་འབྲེལ་བ་གཏོར་དགོས་པར་མཐོང་ནས།རྒྱལ་བའི་མཛད་སྤྱོད་ཀྱི་སྟེང་དུ་མ་ཉེས་ཁག་གཡོགས་ཀྱི་སྒྲོ་སྐུར་སྐྱོན་འདོགས་མང་པོ་ཞིག་བྱས་ཡོད་པ་དེའི་རྗེས་སུ།མི་ཁག་གཅིག་གིས་བོད་ཀྱི་ཆོས་ལུགས་དང་རིག་གནས་སོགས་ལ་ཁྲེལ་དང་ངོ་ཚ་སྤངས་ཏེ།ཁྱི་རྒན་ཀུ་ཅོ་འདོན་པ་ན་རྒྱུ་མཚན་གང་ཡང་མེད་པར་གཞན་དག་བརྒྱུགས་པའི་ལད་ཟློས་གཡས་ལེན་གཡོན་ལེན་སྣ་ཚོགས་ཀྱིས་དགག་ཁུལ་དུས་ད་ལྟའི་བར་དུའང་བྱེད་བཞིན་ཡོད་པ་མ་ཟད།དེའི་སྟེང་དུ་དེང་སྐབས་ཁ་ཅིག་གིས་ལྷ་བཟང་གི་གཡོ་ཐབས་ཇི་ལྟ་བ་བཞིན་ཚངས་དབྱངས་རྒྱ་མཚོ་ནི་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་དཔའ་སྤྲུལ་ཞིག་ཡིན་པ་དང་སྔོན་ཐོན་ཅན་ཞིག་རེད།ཅེས་སོགས་བསྟོད་པའི་ཁུལ་གྱིས་དོན་དུ་བོད་མི་རིགས་དང་།བོད་བརྒྱུད་སངས་རྒྱས་ཆོས་ལུགས་པའི་ཞབས་འདྲེན་ཞུ་མཁན་ཞིག་དང་།ལོག་ལྟ་ཅན་ཞིག་ཡིན་པར་སྨྲས་ཐོགཚངས་དབྱངས་པའི་འཆལ་སྤྱོད་དེ་ལས།སངས་རྒྱས་ཆོས་ལུགས་པའི་མཐོ་རིམ་མི་སྣའི་བྱ་སྤྱོད་ཀྱང་ཅི་འདྲ་ཞིག་ཡིན་པར་མཚོན་ཐུབ།ཅེས་སོགས་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལ་བལྟོས་མི་དགོས་པའི་གཡོན་ཐལ་གྱི་གཏམ་དང་།རྒྱུ་མཚན་ཡང་ཡང་དག་མེད་པར་ཞེ་སྡང་གི་ཀུན་ནས་བསླངས་ཏེ་ཚིག་ངན་གི་ཚེར་མ་བརྒྱུད་མར་བཏབ་ནས་འཆལ་གཏམ་འདི་ལྟ་བུ་མུ་མཐུད་དེ་གནས་ཐབས་ཅི་རིགས་བྱས་ཏེ།རྒྱལ་དབང་ཉིད་ལ་སྐུར་འདེབས་ཀྱི་དམར་མཆོད་ར་ལུག་གི་ཁྲག་དང་མི་དང་བཅས་པའི་ཁྲག་ཡང་འབྱིན་པར་མ་ཟད།སྒྲོ་བཏགས་དང་བཅས་པའི་མ་ཉེས་ཁག་གཡོག་གི་ཞྭ་མོ་ནག་པོ་རིག་གནས་གསར་བརྗེའི་དུས་ངན་ནང་དུ་གཡོགས་ཚུལ་ལས་ཀྱང་ཆེས་ངན་ལ་ཆེས་ལྕི་ཞིང་ཆེས་དུས་རིང་བའི་སྒོ་ནས་གཡོགས་པ་དང་གཡོག་བཞིན་ཡོད།དེའི་རྐྱེན་གྱིས་ཁ་ཅིག་ན་རེ།མགུར་གླུ་འདི་ནི་རང་མི་རིགས་དང་ཆོས་ལུགས་ལ་ངོ་གནོང་དགོས་པ་ལྟ་བུར་མཐོང་བའམ་ཐེ་ཚོམ་པར་གྱུར་བའི་ལྟ་ཚུལ་བཟུང་སྟེ།མགུར་གླུ་འདི་རིགས་རྩོམ་མཁན་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མིན་པར་སྨྲ་བ་དང་།ཡང་ཁ་ཅིག་གིས་འོལ་ཚོད་ཀྱིས་མགུར་གླུ་འདི་མོན་པའི་རིགས་ཀྱི་རྩོམ་རིག་ཅིག་རེད་ཟེར་བ་སོགས།ཝ་མོ་སྡར་མའི་དཔའ་ཉམས་ཀྱི་ལུང་འདྲེན་མང་པོའི་སྣག་ཤོག་གི་འགྲོན་དུ་སྣང་ལ།ལྷག་པར་དུ་ཁ་ཅིག་གིས་མགུར་གླུའི་སྦས་དོན་གྱི་ཐད་ནས་འགྲེལ་སྐབས།ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གབ་བྱེད་ཚིག་གི་ཉམས་དང་གབ་བྱའི་དོན་གྱི་ཉམས་འགྱུར་ཐམས་ཅད་རྩིས་མེད་དུ་བཏང་ནས།རང་སྣང་གང་ཤར་གྱིས་འགྲེལ་པ་བརྒྱབ་པ་སོགས་སྐྱོན་ཆ་མང་དག་ཅིག་བྱུང་འདུག་པར་སེམས་པས་ན།ཁོ་བོས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ་ཞེས་པའི་དཔྱད་རྩོམ་འདིར་ངལ་བར་བྱས་ཏེ།ཕྱོགས་གཅིག་ནས་ད་ཕན་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ཞིབ་འཇུག་གནང་མཁན་ཚོའི་དཔྱད་རྩོམ་མཐའ་དག་གི་སྐྱོན་སེལ་དགེ་འཕེལ་ཡོང་བའི་ཕྱིར་དང་།ཕྱོགས་གཞན་ཞིག་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ཚན་རིག་དང་ལྡན་པའི་ལྟ་ཚུལ་བཟུང་སྟེ།མི་རྣམས་ཀྱི་སྤྱན་སྔར་མངོན་སུམ་ཚད་མས་མི་གནོད་པ་བཞིན་དུ་ལུང་རིགས་རྣམ་པར་དག་པའི་སྲིད་ཇུས་དོན་འཁྱོལ་གྱི་ཐབས་ཇུས་ལ་བརྟེན་ནས་དག་སེལ་གྱི་དོན་འཁྱོལ་ཡང་དག་པ་ཞིག་བྱ་བར་འདོད་དོ།
གཉིས་པ།གཞན་ལུགས་དགག་པ།
ང་ཚོས་རྩོམ་ཡིག་ཅིག་ལ་ཞིབ་འཇུག་བྱེད་དགོས་ཚེ་རྩོམ་ཡིག་དེའི་རྒྱབ་ལྗོངས་དང་།རྩོམ་པ་པོའི་ལོ་རྒྱུས་སོགས་ལ་དབྱེ་ཞིབ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ།རྗོད་བྱེད་ཀྱི་ཐད་ལའང་རྩོམ་རྩལ་གང་ཞིག་ལ་བརྟེན་ནས་བརྗོད་བྱའི་ནང་དོན་གང་ཞིག་གླེང་ཡོད་ཚུལ་སོགས་ཤེས་རྟོགས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཡིན།དེ་བཞིན་དུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དོན་ལ་དབྱེ་ཞིབ་ཡང་དག་པ་ཞིག་བྱེད་དགོས་ན།མ་མཐར་ཡང་རྒྱལ་དབང་གི་རྣམ་པར་ཐར་པ་དང་།སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་རགས་ཙམ་མ་ཤེས་ཀ་མེད་ཡིན་ལ།དེའི་ཁར་སྙན་དངགས་དང་།གབ་ཚིགསྦས་དོན་ལ་སོགས་པའི་རྩོམ་རིག་རིག་པའི་གཞུང་ལུགས་ནང་གི་རྩོམ་རྩལ་སྣ་ཚོགས་ཡོད་པ་རྣམས་ལ་ངེས་ཤེས་བསྐྱེད་དགོས་པ་མ་ཟད།མགུར་གླུ་འདིར་མཚོན་ན།ལྷ་སའི་ཁ་སྐད་ནས་བརྩམས་པ་ཞིག་ཡིན་ཚུལ་ཡང་ཤེས་དགོས་པ་ནི་གནད་དམ་པར་མཐོང་ལགས།རྒྱུ་མཚན་ནི་།དཔེར་ན།པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་པའི་<ཁ་ཆེ་ཕ་ལུའི་>ནང་དུ། "རང་རེའི་སྐད་དུ་གོ་རྡ་ཕྱག་འཚལ་ལོ།"ཞེས་པའི་མཚར་གཏམ་ལས་དྲངས་པའི་ཚིག་དེ་ཙམ་ལའང་འཁྲུལ་ནས་རྩོམ་རིག་གི་ལུས་ཡོངས་རྫོགས་ཁ་ཆེའི་ཆོས་ལུགས་ཀྱི་བརྗོད་དོན་ཡིན་པ་དང་།རྩོམ་པ་པོའང་ཁ་ཆེ་བ་ཞིག་ཡིན་པར་གོ་བ་ལེན་མཁན་མང་དག་ཅིག་ཡོང་གི་ཡོད་ན།ཚངས་དབྱངས་རྒྱ་མཚོའི་མགུར་གླུར་རིགས་སྒྲ་ཇི་ལྟ་བ་བཞིན་གོ་བ་ལེན་མཁན་མཚན་མོའི་སྐར་ཚོགས་ལྟར་ཡོད་པ་ནི་སྨྲོས་ཅི་འཚལ།དེར་བརྟེན་དེང་སྐབས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ཞིབ་འཇུག་གནང་མཁན་མང་དག་ཅིག་བྱུང་ཡོད་པ་ལས་མདོར་ན་མི་འཐད་པའི་འདོད་ཚུལ་ཁག་དྲུག་ཙམ་བྱུང་འདུག་པར་སེམས་པ་སྟེ།
1.ཁ་ཅིག་གིས་"མགུར་གླུ་འདི་མོན་པའི་རིགས་ཀྱི་རྩོམ་རིག་ཅིག་ཡིན་"ཞེས་བོད་རྩོམ་མིན་པའི་གནད་ལ་ཅི་འཁྱོལ་དུ་བརྩེགས་པ་རྩོམ་རྒྱན་གྱི་དྭངས་མར་རློམ་པ་འདི་ནི་མི་འཐད་དེ།གཅིག་ནས་མོན་པའི་རིགས་ནི་༼རིག་གསར༽སྐབས་བོད་རིགས་ལས་ལོགས་སུ་གྱེས་པའི་གཡོན་ཐལ་གྱི་རློམ་པ་འབོད་ཚུལ་གསར་པ་བྱུང་ཚུལ་གྱི་དངོས་དོན་རྣམས་མི་རྟོགས་པའི་ཕྱིར་དང་།གཉིས་ནས་མོན་ཞེས་པ་ནི་བོད་རིགས་ས་ཁུལ་གྱི་ཡུལ་མིང་ཞིག་ཡིན་ཚུལ་དང་།མོན་པ་ཞེས་པ་ནི་བདག་སྒྲ་ཡུལ་མིར་གོ་དགོས་པའི་གནད་ལུགས་མི་ཤེས་པ་དང་།ལྷག་པར་དུ་ཡུལ་དེའི་མི་དམངས་ཀྱི་ཞལ་ནས་བོད་སྐད་ལབ་པ་དང་ཡི་གེ་ཡང་བོད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད།དམངས་སྲོལ་ཡང་ཡུལ་དེའི་ཁྱད་ཆོས་ལྡན་པའི་བོད་སྲོལ་ཁོ་ན་རྒྱུན་སྤྱོད་བྱེད་ཀྱི་ཡོད་པ་སོགས་མི་རྟོགས་པའི་ཕྱིར།གསུམ་ནས་མགུར་གླུ་འདི་བཀླགས་པ་ཙམ་གྱིས་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་ཉམས་གདངས་ལྡན་པའི་རྩོམ་རྩལ་གནད་དུ་སོང་བའི་རྩོམ་ཡིག་ཅིག་ཡིན་པ་ངེས་ཤེས་བསྐྱེད་ཐུབ་པ་སྟེ།བྱང་ཐང་དམངས་ཁྲོད་གླུ་གཞས་ལས།"བློན་མོ་གཡུ་ལས་གྲུབ་པའི།མཚོ་ཆེན་མ་ཕམ་གཡུ་མཚོ།གནས་དེ་ཚོ་བསྐོར་བ་བསྐོར་མི།དམན་རང་སོ་ཡིན་ན་སྐྱིད་བྱུང་"ཞེས་བྱུང་བ་དང་།བོད་ཀྱི་དམངས་ཁྲོད་གླུ་གཞས་ལས། "བཀྲ་ཤིས་ལུང་པའི་ཕུ་ལ།དར་དཀར་རླུང་གི་རྒྱན་ཆ།དར་རས་དཀར་པོ་མཛེས་པ།ཐང་དཀར་རྒོད་པོ་འདྲ་བྱུང་"ཞེས་དང་། "ས་རྒྱུད་དག་པའི་ལུང་པར།རྩྭ་སྣ་ལས་ཀྱི་འཛོམས་པ།རྩྭ་སྣ་འཛོམས་དང་མ་འཛོམས།ར་ལུག་ཁོང་ལ་དྲིས་དང་།ར་ལུག་ཤ་ཤེད་རྒྱས་ན།རྩྭ་སྣ་འཛོམས་པའི་རྟགས་རེད་"ཅེས་པ་སོགས་དམངས་ཁྲོད་གླུ་གཞས་ཤིན་ཏུ་མང་བའི་ཕྱིར་ན།བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་ལོགས་སུ་མོན་པའི་རིགས་ཀྱི་རྩོམ་རིག་ཅིག་ག་ལ་ཡོད།དེས་ན་ཡངས་ཤིང་རྒྱ་ཆེ་བའི་བོད་ས་མཐོའི་སྟེང་གི་དམངས་ཁྲོད་གླུ་གཞས་དང་གབ་ཚིག་སོགས་ལ་རྨོངས་ཏེ།ས་འོག་མུན་པ་མུན་ནག་གི་རུམ་ཁོ་ནའི་མཐོང་ཚུལ་ལྟར་མ་སྨྲོས་ཤིག་ཅེས་གདམས་པར་ཐལ་ལ།སྤྱིར་མི་རིགས་གང་ཞིག་གི་རྩོམ་རིག་གང་ཞིག་ཡིན་རུང་མི་རིགས་དེའི་དམངས་ཁྲོད་གླུ་གཞས་དང་སྒྲུང་གཏམ་སོགས་ཀྱི་འབྱུང་ཁུངས་ལ་མ་བརྟེན་པ་གཅིག་ཀྱང་མེད་པའི་ཕྱིར་རོ།
2.ཁ་ཅིག་གིས་སྐྱེས་ཆེན་དམ་པར་གནོང་བཀུར་བའི་ཡ་རབས་ཀྱི་ཆར་སྤྲིན་དབྱིངས་སུ་ཡལ་བའི་ཐན་པ།སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་ངོ་ཚ་ཁྲེལ་མེད་ལ་བུད་པའི་ཚེར་མའི་ཚང་ཚིང་ལྟར་མགུར་འདི་ཕོ་མོའི་འདོད་གཏམ་ཁོ་ནར་བཟུང་བ་མ་ཟད།འདོད་གཏམ་གྱི་རྩོམ་ཡིག་ཙམ་ལ་རྩོམ་པ་པོ་དེའང་འཆལ་པོ་བ་ཞིག་ཏུ་འདོད་ཚུལ་འཛིན་པ་དེ་ནི་ཤིན་ཏུ་མི་འཐད་པར་སེམས་སོ།དེ་ཡང་རྩོམ་པ་པོ་གང་ཞིག་གིས་རྩོམ་ཡིག་གང་བརྩམས་པ་ཐམས་ཅད་ཀྱང་རྩོམ་ཡིག་གི་ནང་དོན་དང་འབྲེལ་བའི་རྩོམ་པ་པོ་ཞིག་ག་ལ་ཡིན་དགོས་ཏེ།ལྷག་དོན་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་འཆལ་པོ་བ་ཞིག་ཡིན་ཚུལ་དང་།ལྷ་སའི་ཉེ་འཁོར་གྱི་ཁང་པ་སེར་པོ་དུ་མ་ཞིག་ཡོད་པ་དེ་དག་རྒྱལ་བའི་གསང་གྲོགས་བསྟེན་ས་རེད་ཅེས་མི་གཙང་བ་ཕྱོགས་ཀུན་ཏུ་སྤེལ་བ་འདི་ནི་དཔོན་ངན་ལྷ་བཟང་གི་རྗེས་སུ་མཐུན་པའི་འཆལ་གཏམ་ཙམ་ལས་དོན་དུ་མི་འགྱུར་བ་ནི།བོད་དུ་གནའ་བོའི་དུས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་སོགས་པའི་བཙན་པོ་རིམ་བྱོན་དང་།སློབ་དཔོན་པད་མ་འབྱུང་གནས་སོགས་ས་དགེ་རྙིང་བཀའི་བླ་མ་གོང་མ་རྣམས་ཀྱི་བཞུགས་གནས་དང་།མཚམས་ཁང་།མཆོད་ཁང་།དེ་བཞིན་བཙན་ཁང་ལ་སོགས་པར་ས་རྩི་སེར་པོ་བྱུགས་སྲོལ་བྱུང་ཡོད་པ་དང་།གཞན་ཡང་མན་ཆིན་སྲིད་གཞུང་གི་གོང་མ་དང་པོ་ཧྲུན་ཀྲིས་པེ་ཅིན་དུ་རྒྱལ་བ་ལྔ་པ་ཆེན་པོར་ཆེད་གཉེར་གྱིས་བསྐྲུན་པའི་ལྷ་ཁང་སེར་པོར་གྲགས་པ་དེར་དཔེ་བལྟས་ཏེ་རྒྱལ་བ་དང་པཎ་ཆེན་རིན་པོ་ཆེའི་བཞུགས་ཡུལ་གྱི་ཁང་པ་ཁག་གཅིག་ལ་ས་རྩི་སེར་པོ་བྱུགས་སྲོལ་བྱུང་ཡོད།ཁྱད་པར་དུ་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ཐེངས་མང་པོ་གདན་ཞུ་གནང་མྱོང་བའི་ལྷ་ས་སྦྲ་གཞོལ་གྱི་འཇའ་ས་ཚང་དང་།ལྕང་ལྡོང་ཚང་།ལྡན་མ་ཁང་སེར་སོགས་རྒྱལ་བའི་ཡབ་གཞིས་ཀྱི་སྤུན་ཁང་དང་།ཕ་ཡུལ་གཅིག་པའི་གྲོང་མིའི་སྡོད་ཁང་ཁག་གཅིག་ལ་ས་རྩི་སེར་པོ་བྱུགས་སྲོལ་བྱུང་ཡོད་པ་དང་འབྲེལ།ཁམས་ལི་ཐང་དུ་འཁྲུངས་པའི་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་།བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་ཀྱི་འཁྲུངས་ཁང་ཡང་སྤྱི་ལོ་༡༩༦༠ལོའི་བར་དུ་སེར་པོ་ཡིན་འདུག་པས་ན།འཆལ་གཏམ་པ་གང་ཡིན་པ་དེས།"མི་རབས་ནས་མི་རབས་བརྒྱུད་པའི་ལྷ་སའི་མང་ཚོགས་ཁག་གཅིག་གི་ཤོད་རྒྱུན་ལ་ལྷ་སའི་བར་སྐོར་ནང་གི་ཁང་པ་སེར་པོ་དེ་དག་ཚངས་དབྱངས་རྒྱ་མཚོའི་གསང་གྲོགས་བསྟེན་ས་རེད།"ཅེས་ཤོད་རྒྱུན་ཙམ་ལ་བདེན་དཔང་བྱས་པ་འདི་ནི་ཚན་རིག་གི་རྩ་དོན་དང་ཡོངས་སུ་མི་མཐུན་པའི་གཏམ་མོ་སྙམ།དཔེར་ན།ད་ཕན་ལོ་ངོ་སུམ་བརྒྱར་ཉེ་བའི་དུས་ཡུན་ནང་རྒྱལ་བའི་བཀའ་དང་བསྟན་བཅོས་གང་དུའང་མི་གསལ་བའི་སོག་པོ་སྟག་ཁྲིད་ཅེས་པ་དེ་ནི་ཁྱེད་ཀྱིས་བདེན་གཏམ་དུ་དྲངས་པ་ལྟར།བོད་དུ་ཕ་གཏམ་བུ་འཇགས་ཀྱི་ཤོད་སྲོལ་གཉིས་སུ་མེད་པ་ལྟ་བུར་རིགས་གསུམ་མགོན་པོའི་རྣམ་འཕྲུལ་དུ་འབྲི་སྲོལ་བྱུང་འདུག་པ་བཞིན་ནོ།གཞན་ཡང་གང་དེས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཚིགས་བཅད་ཐམས་ཅད་ལ་འགྲེལ་མི་བདེ་བའི་རྐྱེན་གྱིས་ཚིགས་བཅད་ཧྲོག་བསྡུ་དྲུག་ཙམ་ལ་ཨུ་ཚུགས་ཀྱིས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོར་གསང་གྲོགས་བུད་མེད་ཡོད་ཚུལ་གྱི་དོན་ལ་སྦྱར་གང་ཐུབ་བྱེད་པ་དང་།དེ་དོན་ལ་གནས་ཅི་ཐུབ་བྱས་རུང་གནད་དུ་མ་འཁེལ་བ་ནི་གང་དེས།མགུར་གྱི་ཚིགས་བཅད་ནང་།"མི་ཚོས་ང་ལ་ལབ་པ།དགོངས་དག་ཡིན་པ་ཁག་ཐེགཨོ་ལོའི་གོམས་གསུམ་ཕྲ་མོ།གནས་མོའི་ནང་ལ་ཐལ་སོང་"ཞེས་པར་འགྲེལ་འདི་ལྟ་བུ་ཞིག་བྱས་འདུག་པ་སྟེ།"ཚིགས་བཅད་འདི་ནི་རྒྱལ་དབང་རིན་པོ་ཆེས་མི་མང་གི་སྐྱོན་བརྗོད་དང་ལེན་གནང་བའི་ཁོང་གི་ཐུགས་རྒྱུད་བཟང་པོ་གང་ལེགས་མཚོན་པ་ཡིན་"ཞེས་འཁོད་འདུགའགྲེལ་ཚུལ་འདི་ནི་ཚིགས་བཅད་དེའི་ཐ་སྙད་བརྡ་དག་གི་འཇུག་ཚུལ་ཙམ་ཡང་མི་རྟོགས་པར་ཧར་པོ་ཆེའི་རྫུན་རླབས་མདང་སྐྱེས་བྱིས་པའི་རྣ་བར་ཡང་འགྲོ་བར་དཀའ་བའི་སྐྱོན་ནོ།ཇི་ལྟ་ཞེ་ན། "མི་ཚོས་ང་ལ་ལབ་པ"ཞེས་པའི་ཚིག་རྐང་དང་པོ་དེའི་ཐ་ཚིག་འདི་མི་རྟོགས་པའི་ཕྱིར་རོ།དེ་ཡང་ཚིགས་བཅད་དེའི་གོ་དོན་ནི།མི་གཞན་དག་ཚོས་ང་ལ་འདི་འདྲ་ཞིག་ལབ་ཀྱི་འདུག་པ་སྟེ།ཚངས་དབྱངས་རྒྱ་མཚོའི་དགོངས་པ་ནི་རང་བཞིན་གྱིས་རྣམ་པར་དག་པ་ཞིག་ཡིན་པ་ནི་ཁག་ཐེག་ཅེས་བསྟོད་པའི་ཁུལ་གྱིས་དོན་དུ་བུད་མེད་བསྟེན་མཁན་ཞིག་ཡིན་པ་དང་།དེའང་དམར་པོར་བཤད་ན་"ཨོ་ལོའི་གོམས་གསུམ་ཕྲ་མོ་གནས་མོའི་ནང་ལ་ཐལ་སོང་"ཞེས་འཆལ་པོ་བ་ཞིག་ཏུ་བཤད་ཀྱི་འདུག་ཅེས་པའོ།དེའང་གསལ་པོར་བཤད་ན།ལྷ་བཟང་དང་བཅས་པའི་མི་ཚོས་ཆབ་སྲིད་ཀྱི་ལྐོག་གཡོས་རྒྱལ་དབང་ལ་མ་ཉེས་ཁག་གཡོག་ཀྱིས་གནས་མོ་ལ་སོགས་པ་འཆལ་པོའི་ཞྭ་མོ་འདི་ལྟ་བུ་ཞིག་གཡོགས་ཀྱི་འདུག་ཅེས་པའི་ཚིག་དོན་ཞིག་ཡིན་པ་ལས་རྒྱལ་དབང་རང་གིས་འཆལ་པོའི་ཉེས་སྐྱོན་ཁས་བླངས་ཏེ་མི་དམངས་ཀྱི་སྐྱོན་བརྗོད་དང་ལེན་བྱས་པའི་ཚིག་དོན་ཞིག་རྩ་བ་ནས་མ་ཡིན་ནོ།དེ་བཞིན་དུ་<ཏཱ་ལ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ལ་རགས་ཙམ་དཔྱད་པ་>ཞེས་པའི་ནང་དུའང་"ཉིན་མོ་ཚངས་དབྱངས་རྒྱ་མཚོ་སློབ་པ་ལམ་གྱི་གསང་སྔགས་པའི་གཟུགས་སུ་ཐོན་པ་དང་།མཚན་མོ་དྭངས་བཟང་དབང་པོར་མིང་འགྱུར་གྱིས་མངོན་ཆུང་གི་སྒོ་ནས་ཆང་ཁང་དང་ལྷ་སའི་ཁྲོམ་དཀྱིལ་དུ་ཕེབས།"ཞེས་པ་ལ་སོགས་པ་ཚིགས་བཅད་ཀྱི་གོང་འོག་ཀུན་ཏུ་ཚིག་དོན་ཇི་བཞིན་འབྱེད་པའི་རྣམ་དཔྱོད་སྤུ་ཙམ་ཡང་མ་བྱུང་བ་མང་པོ་འདི་འདྲ་ཅི་ཡིན་ན་ཨང་།ལྷག་པར་དུ་ཁ་ཅིག་གིས་"རྒྱལ་དབང་ལ་སོག་བོད་ཀྱི་མི་རིགས་མང་པོས་ལོག་མཐོང་དང་སྐུར་འདེབས་ཅི་རིགས་ཡོང་གི་ཡོད་"ཅེས་ཤོད་པ་དེ་ནི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པའི་གཏམ་ཙམ་དུ་ཟད་དེ།ཆིང་ཧྲེ་ལུའུ།ཧྲེན་ཙུའུ་ཁྲའོ་དེབ་ལས།<ལྷ་བཟང་གིས་གོང་མ་ཁང་ཞིར་སྡེ་སྲིད་ཀྱིས་བསྐོས་པའི་ཏཱ་ལའི་གོ་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཡོད་པ་དང་སོག་པོའི་མི་དམངས་ཀུན་གྱི་ཡིད་དབང་ཏཱ་ལར་ཕྱོགས་པ།ཁོང་ཏཱ་ལ་རྫུན་མ་ཡིན་པའི་དབང་དུ་བཏང་ནའང་ཏཱ་ལའི་མཚན་བཞེས་ཡོད་སྟབས།སོག་པོའི་མི་དམངས་ཀུན་གྱིས་བཀུར་སྟི་བླ་ན་མེད་པ་ཞུ་ཡི་ཡོད་པ་བཅས་གོང་མ་ཁང་ཞིས་གསལ་པོར་མཁྱེན་སྟབས>ཞེས་པ་ལ་སོགས་པ་དང་འགལ་བའི་ཕྱིར་ན་དོན་དེ་ཙམ་གྱིས་རྟོགས་པ་བརྙེས་པར་གྱུར་བས་ཚིགས་མངས་སུ་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ།
3.གཞན་ཡང་ཁ་ཅིག་ན་རེ།རང་གི་ངང་ཚུལ་ལ་རྨོངས་པའི་མུན་པས་ཀུན་ནས་ཁེབས་པར་གྱུར་ཏེ།མགུར་གླུའི་གོ་དོན་རྣམས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་ཚུལ་དང་སྦྱར་ནས།"ཚངས་དབྱངས་པ་ནི་སྔོན་ཐོན་ཅན་ཞིག་དང་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་དཔའ་སྤྲུལ་ཞིག་ཡིན་"ཚུལ་སྨྲས་ཐོག"ཚངས་དབྱངས་པའི་འཆལ་སྤྱོད་དེ་ལས་སངས་རྒྱས་ཆོས་ལུགས་པའི་མཐོ་རིམ་མི་སྣའི་བྱ་སྤྱོད་ཀྱང་ཅི་འདྲ་ཞིག་ཡིན་པར་མཚོན་ཐུབ་"ཚུལ་སོགས་རང་སྣང་གང་ཤར་གྱི་ཚུར་མཐོང་བློ་ཡི་ལྟ་ཚུལ་བཟུང་བ་འདི་ནི་མགུར་རྩོམ་གྱི་རྒྱབ་ལྗོངས་དང་རྒྱལ་བའི་རྣམ་ཐར་སོགས་ལ་ཐོས་བསམ་གང་ཡང་མེད་པའི་གཏམ་དུ་ཟད་ལ།རང་ཉིད་སྒྲོག་འདོད་ཀྱི་ནམ་ལངས་པ་དང་གཞན་ལ་དམའ་འབེབས་ཀྱི་གཏམ་ཙམ་དུ་ཟད་ཅིང་།ལྷག་པར་དུ་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དང་འགལ་བའི་ལོག་སྨོན་གཟུགས་སུ་སྨིན་པའི་གཏམ་ངན་ཚེར་མའི་ཞེ་སྡང་ལྷ་བཟང་གཉིས་པ་ལྟར་སྣང་།མདོར་ན་དཔྱད་རྩོམ་འདི་ལྟ་བུ་ལ་ཕྲུ་གུའི་ཁ་རྩོད་ཙམ་དང་གཤགས་འགྱེད་པ་ཙམ་ལས་རྒྱུ་མཚན་ཡང་དག་ནི་མི་མཐོང་བ་ལགས་སོ།
4.ཡང་ཁ་ཅིག་ན་རེ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོར་ཞེན་ཁུལ་གྱིས།མགུར་གླུའི་ནང་དུ་ཡོད་པའི།"པོ་ཏ་ལ་རུ་བཞུགས་དུས།རིག་འཛིན་ཚངས་དབྱངས་རྒྱ་མཚོ།ལྷ་ས་ཞོལ་ལ་སྡོད་དུས།འཆལ་པོ་དང་བཟང་དབང་པོ།"ཞེས་པ་ལ་སོགས་པའི་འདོད་གླུ་མཐོང་དུས་དངངས་ཏེ་ཚིགས་བཅད་དེ་དག་ནི་མི་གཞན་གྱིས་རྒྱལ་བའི་མགུར་གླུར་བརྩན་སྒྲིག་བྱས་པར་སྨྲ་བ་དང་།ཁ་ཅིག་གིས་མགུར་གླུ་འདི་རིགས་རྩོམ་མཁན་ཚངས་དབྱངས་རྒྱ་མཚོ་མིན་པའི་ལྟ་ཚུལ་སྟོན་གྱི་ཡོད་པ་རེད།དོན་དངོས་ཐོག་གོང་གསལ་གྱི་ཚིགས་བཅད།"མི་ཚོས་ང་ལ་ལབ་པ།དགོངས་དག་ཡིན་པ་ཁག་ཐེགཨོ་ལོའི་གོམས་གསུམ་ཕྲ་མོ།གནས་མོའི་ནང་ལ་ཐལ་སོང་"ཞེས་པའི་བརྗོད་དོན་དང་གཉིས་སུ་མེད་པར་སེམས་ཏེ།དེ་ཡང་།"པོ་ཏ་ལ་རུ་བཞུགས་དུས།རིག་འཛིན་ཚངས་དབྱངས་རྒྱ་མཚོ།"ཞེས་པ་ནི་དཔོན་ངན་ལྷ་བཟང་དང་བཅས་པའི་མི་གདུག་རྩུབ་ཅན་དེ་དག་གིས་བོད་མི་དམངས་ཀྱི་ཁྲོད་དུ་རྒྱལ་བའི་ངོར་གསང་བ་སྔགས་ཀྱི་རིག་པ་འཛིན་པ་ཞེས་བསྟོད་པའི་ཁུལ་གྱིས་དོན་དུ་བུད་མེད་བསྟེན་མཁན་ཞིག་ཏུ་བཤད་པ་དང་སྦྲགས།དེའི་ཁར།"ལྷ་ས་ཞོལ་ལ་སྡོད་དུས།འཆལ་པོ་དང་བཟང་དབང་པོ།"ཞེས་རྒྱལ་བ་ཉིད་འཆལ་པོ་བ་ཐ་ཤལ་ཅན་ཞིག་ཏུ་བཤད་པ་འདི་ནི་ཚིགས་བཅད་སྦྲེལ་མར།"ཤ་འཇམ་མལ་སའི་ནང་གི།སྙིང་ཐུབ་གདུང་སེམས་ཅན་མས།ཨོ་ལོའི་རྒྱུ་ནོར་འཕྲོོག་པའི།གཡོ་སྒྱུ་བཤད་པ་མིན་འགྲོ"ཞེས་སྨད་འཚོང་མས་ཨོ་ལོ་སྐྱེས་པ་ཚོའི་རྒྱུ་ནོར་འཕྲོག་ཐབས་ཀྱི་ཆེད་དུ་གཡོ་སྒྱུ་བཤད་པ་ལྟ་བུར་རྒྱལ་བའི་ཆོས་སྲིད་ཀྱི་དབང་ཆ་འཕྲོག་པའི་ཆེད་དུ་རྒྱལ་དབང་ལ་འཆལ་པོའི་སྒྲོ་སྐུར་གྱི་གཡོ་ཐབས་སུ་བཤད་པར་གསུངས་པ་ཞིག་ལས།རྒྱལ་དབང་རང་གིས་རང་ལ་འཆལ་པོ་བ་གྲགས་ཅན་ཞིག་ཡིན་པ་དང་།གནས་མོའི་ནང་དུ་འགྲོ་ཚུལ་གསུངས་པའི་ཚིག་དོན་ཞིག་རྩ་བ་ནས་མ་ཡིན་པས།ཐ་སྙད་བརྡ་དག་གི་འཇུག་ཚུལ་གཙིགས་པོ་ཆེར་མི་འཛིན་པ་དང་།བརྗོད་བྱའི་ཡུལ་སྔ་ཕྱིར་མ་ལྟོས་པ།ཚིགས་བཅད་ཀྱི་གུང་མ་བསྒྲིགས་པར་བར་མཚམས་ཚིགས་བཅད་རང་ག་བར་གོ་བ་ལེན་པ།དེ་བཞིན་ལྷ་སའི་ཁ་སྐད་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས།སྙན་ངག་རྒྱན་གྱི་གབ་ཚིག་སོགས་ལ་ངེས་ཤེས་མེད་པ།མགུར་འདིར་རྣམ་དཔྱོད་ཀྱི་རིག་པ་དང་འབྲལ་བ་བཅས་ཀྱི་ཡ་ངའི་ཤེས་འཆལ་འདི་ལྟ་བུ་ཡོངས་སུ་སྤོངས་ཤིག་ཅེས་བྱ་བར་ཐལ་ལོ།
5.མཁས་པ་འགའ་རེས།མགུར་གླུའི་ཚིགས་བཅད་ཀྱི་བརྒྱ་ཆ་བཅུ་ཙམ་ལ་རང་གི་འདོད་ཚུལ་ལྟར་སྦྱར་ནས་མགུར་གླུའི་ལུས་ཡོངས་རྫོགས་ཟབ་ལམ་ཆོས་ཀྱི་ལྟ་བ་སྟོན་པ་དེའང་མི་འཐད་པར་སེམས་ཏེ།རྒྱུ་མཚན་ནི་གཅིག་ནས་མགུར་གླུའི་ཚིག་བཅད་ཀྱི་ཉམས་འགྱུར་རྩིས་མེད་བཏང་ནས་འགྲེལ་འདུག་པ་དང་།གཉིས་ནས་འགྲེལ་པ་མང་ཆེ་བ་གནད་ལ་མི་འཁེལ་བ།གསུམ་ནས་གནའ་བོའི་པར་ཤིང་ནང་མི་གསལ་བའི་དམངས་གླུ་ཁག་གཅིག་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ངོས་འཛིན་ནས་འགྲེལ་བ།བཞི་ནས་འགྲེལ་མི་བདེ་བའི་མགུར་གླུའི་ཚིགས་བཅད་མང་ཆེ་བར་འགྲེལ་པ་མེད་པ་བཅས་མཐོང་ལགས།
6.ཡང་ཁ་ཅིག་གིས་མགུར་གླུ་ཡོངས་རྫོགས་ཚངས་དབྱངས་རྒྱ་མཚོའི་དགོངས་དོན་གསར་པ་ཞེས།མགུར་གླུའི་ཚིག་དོན་གྱི་ཉམས་འགྱུར་ཐམས་ཅད་ལས་ལྡོག་པར་སྨྲ་བར་བྱེད་པའི་འགྲེལ་པ་བརྒྱབ་འདུག་པ་སྟེ།དཔེ་མཚོན་ཚིགས་བཅད་གསུམ་ཙམ་ཞིག་བསྟན་ན།"གཏན་གྲོགས་ཁྱོད་ལ་སེམས་པའི།ཁྲེལ་དང་ངོ་ཚ་མེད་ན།མགོ་ལ་བརྒྱབ་པའི་གཙུག་གཡུས།སྐད་ཆ་སྨྲ་ནི་མི་ཤེས།"ཞེས་པར་"ཁྱོད་རྣམ་པས་བླ་མ་ཡི་དམ་ལ་གསོལ་བ་འདེབས་པ་དང་འབྲེལ་ཚོགས་བསགས་སྒྲིབ་སྦྱོང་ལ་སྐུལ་བ་བཞིན་མ་འབད་ན་རང་གི་རྒྱུད་ལ་ཡོད་པའི་སེམས་བདེ་སྟོང་ཡེ་ཤེས་ཆོས་སྐུ་ཡིན་རུང་ང་ཡེ་ཤེས་ཆོས་སྐུ་ཡིན་ཞེས་གསུང་སྐད་འབྱོན་པ་ནི་མི་སྲིད་"ཞེས་འགྲེལ་བ་དང་།དེ་བཞིན་དུ།"བརྒྱབ་པའི་ནག་ཆུང་ཐེའུས།གསུང་སྐད་འབྱོན་ནི་མི་ཤེས།ཁྲེལ་དང་གཞུང་གི་ཐེའུ།སོ་སོའི་སེམས་ལ་སྐྱོན་དང་།"ཞེས་པའི་འགྲེལ་པར་ཡང་"དཀར་ནག་ཕྱིན་ཅི་བསློགས་ཀྱང་རང་རང་སོ་སོའི་བསམ་བློ་ཕྱིན་ཅི་མ་ལོག་པ་ཞིག་ཅི་ནས་ཀྱང་བྱ་དགོས་"ཞེས་འགྲེལ་འཚར་པོ་འདི་འདྲ་བརྒྱབ་འདུག་པ་དང་།གཞན་ཡང་"སྟོབས་ལྡན་ཧ་ལོའི་མེ་ཏོགམཆོད་པའི་ནང་ལ་ཕེབས་ན།གཡུ་སྦྲང་གཞོན་ནུ་ང་ཡང་།ལྷ་ཁང་ནང་ལ་འཁྲིད་དང་།"ཞེས་པར་"ད་ནི་འགྲོ་དོན་རྒྱལ་ཁམས་ཡོངས་ལ་ཤར་བས་ཡུལ་གྲུ་ཕྱོགས་མེད་དུ་བསྐྱོད་རྒྱུ་ངེས་ཅན་ལ་འབྱུང་བཞི་ཡིས་བསྡུས་པའི་ཕུང་པོར་ཉེར་འཚེ་མེད་པར་བསམ་དོན་ལྷུན་གྱིས་གྲུབ་པའི་གྲོགས་ལྡན་བླ་མ་དཀོན་མཆོག་གསུམ་གྱིས་མཛོད་"ཅེས་པ་ལ་སོགས་པ་རང་སྣང་གང་ཤར་གྱིས་འགྲེལ་ནས་མགུར་གླུའི་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་ནང་དོན་ལ་བལྟོས་མི་དགོས་པའི་འགྲེལ་ཚུལ་འདི་ནི་བོད་ཀྱི་འགྲེལ་རྩོམ་བྱ་བཞག་ཐད་ལ་ཐལ་ཆ་ཤིན་ཏུ་ཆེ་བའི་འགྲེལ་ཚུལ་ངན་པ་ཞིག་ཡིན་པར་སེམས།
གཞན་ཡང་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྐུ་ཞིང་ལ་ཕེབས་ཚུལ་ཐད།ལྟ་ཚུལ་མི་གཅིག་པ་མང་པོ་ཞིག་ཡོད་མོད།ཁོ་བོས་བརྟག་ན་མགུར་གླུའི་ནང་དུ་ཉེ་བའི་འཆི་བལྟས་བྱུང་ཚུལ་བསྟན་པའི་ཚིགས་བཅད་ལྔ་བཅུ་ང་བདུན་པ་དང་།ལུང་བསྟན་ཚིགས་བཅད་ཁག་བཞི་ཡོད་པ་སོགས་ལ་དཔྱད་ན།རྒྱལ་དབང་འདི་ཉིད་དགུང་གྲངས་ཉེར་ལྔ་ལས་མི་བཞུགས་པ་ནི་རྟོགས་བདེ་ལ།གསང་རྣམ་ཞིག་ཡོད་པར་སྨྲ་བ་དེ་ནི་རྒྱལ་དབང་ལ་ཞེན་ཐལ་ཅན་ཁག་གཅིག་གིས་སྤྱི་ཚོགས་ཐོག་རྒྱལ་བ་ཚངས་དབྱངས་རྒྱ་མཚོར་འཆལ་པོའི་ཞྭ་མོ་སོགས་མ་ཉེས་ཁག་གཡོགས་དུ་མ་ཞིག་བྱུང་ཡོད་པ་རྣམས་ལ་དག་སེལ་ཡོང་ཐབས་ཀྱི་ཆེད་དུ་སྐྱེས་ཆེན་ངག་དབང་ཆོས་གྲགས་ཞུ་བའི་རྣམ་ཐར་བཅོས་པར་སེམས།རྒྱུ་མཚན་ནི་གསང་རྣམ་དུ་གསལ་བའི་མཚན་དང་རྒྱལ་བའིི་མཚན་མི་གཅིག་པ་དང་།འབའ་དང་ལི་ཐང་ནས་ཕེབས་སྐབས་སྨ་ཁམས་སོགས་ནས་རྒྱུད་མི་དགོས་པར་མཚོ་སྔོན་གྱི་ཀཱ་མ་རུར་སླེབས་ཏེ།དེ་ནས་ལྷ་སར་ཕེབས་པ་ལ་སོགས་པ་འགལ་འདུ་དུ་མ་ཞིག་འདུག་ན་དེའི་སྐོརམཁྱེན་པར་འདོད་པ་རྣམས་ཀྱིས་དཔྱད་རྩོམ་གཞན་ནས་ཤེས་པར་བྱའོ།
ལྷག་པར་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོར་ཏ་ལ་རྫུན་མ་རེད་ཅེས་གང་བྱུང་གིས་སྨྲས་པ་ནི་ཤིན་ཏུ་མི་རིགས་ཏེ།ཕྱོགས་གཅིག་ནས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མིན་པའི་ཏ་ལ་ངོ་མ་འདི་ཡིན་ཞེས་པའི་སྐུ་ཕྲེང་དྲུག་པ་གཞན་ཞིག་མེད་པ་དང་།ཕྱོགས་གཞན་ཞིག་ནས་བཤད་ན།རྒྱལ་དབང་དེ་ཉིད་དགུང་ལོ་བཅོ་ལྔར་ཕེབས་སྐབས་གཞི་ནས་ཕོ་བྲང་པོ་ཏ་ལར་དངོས་སུ་སྲིད་ཁྲིར་མངའ་སྲོལ་བ་དང་།སྲིད་ཁྲིར་མངའ་སྲོལ་སྟངས་ཐད་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དང་སེ་འབྲས་དགེ་གསུམ་གྱི་མཁན་པོ་དང་བླ་ཆེན་རྣམས་དང་།སྐབས་དེར་ལྷ་བཟང་ཧན་ཡང་སྲིད་ཁྲི་མངའ་གསོལ་གྱི་མཛད་སྒོར་བཞུགས་ཡོད་ཐོགསྲིད་ཁྲིར་མངའ་སྲོལ་བའི་མཚན་ལའང་།(རྒྱལ་བའི་དབང་པོ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་)ཞེས་མཚན་གསོལ་བ་རེད།ཁྱད་པར་དུ་རྒྱ་ནག་གོང་མས་བོད་དུ་མི་སྣ་མངགས་ཏེ།རིན་ཐང་བྲལ་བའི་གནང་རྟེན་བསམ་གྱིས་མི་ཁྱབ་པ་ཕུལ་བ་དང་རྩེ་པོ་ཏ་ལར་སྲིད་ཁྲི་མངའ་གསོལ་གྱི་མཛད་སྒོ་རྒྱ་ཆེར་མཛད།དེ་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལྔ་པ་ཆེན་པོའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་ཞུས་གཏན་འཁེལ་ཟིན་པ་དང་འབྲེལ།རྒྱལ་བ་ཚངས་དབྱངས་རྒྱ་མཚོས་བསྟེན་པའི་ཡོངས་འཛིན་ཐད་ནས་བཤད་ནའང་།རྒྱལ་བ་ཚངས་དབྱངས་རྒྱ་མཚོས་བསྟེན་པའི་ཡོངས་འཛིན་ལ་པཎ་ཆེན་བློ་བཟང་ཡེ་ཤེས་དང་།སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་།ཚུལ་ཁྲིམས་དར་རྒྱས་དང་།དགེ་ལེགས་རྒྱ་མཚོ་སོགས་མང་པོ་ཡོད།རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྐུ་ཞིང་ལ་ཕེབས་རྗེས་ཀྱང་པོ་ཏ་ལའི་ཕོ་བྲང་བདེ་ལྡན་འཁྱིལ་གླིང་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་འཇིམ་སྐུ་ཞིག་ཀྱང་བཞེངས་ཡོད་པ་དུས་ད་ལྟའི་བར་དུ་མཇལ་རྒྱུ་ཡོད།(འཕྲོ་མ་མུ་མཐུད་འགོད་རྒྱུ།)



