无障碍阅读 关怀版

༄༅། ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ།༢

དུས་ཚོད། 2018-01-12 རྩོམ་པ་པོ མཁར་བླ་ཀརྨ་འཕྲིན་ལས། རྩོམ་སྒྲིག སྐྱིད་ལུས།

གསུམ་པ།རང་ལུགས་བཞག་པ།

ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གོ་དོན་བཤད་པ།ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་བྱ་བ་ནི།རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་ངོ་མས་བརྩམས་པའི་སྙན་རྩོམ་ཁྱད་འཕགས་ཤིག་ཡིན་པ་དང་།མགུར་གླུ་ཞེས་པ་དེ་བཙན་པོའི་དུས་རབས་དང་བསྟན་པ་ཕྱི་དར་སྐབས་སུ་རྩ་བ་ནས་འབོད་སྲོལ་དེ་ཙམ་མེད་པས་ན།རྒྱལ་བ་ཚངས་དབྱངས་རྒྱ་མཚོས་དགོངས་པ་གང་ལ་བཞེས་ཏེ་རྩོམ་འདིའི་མཚན་ལ་མགུར་གླུ་ཞེས་བཏགས་པ་ཡིན་ནམ་ཞེ་ན།གསུང་རྩོམ་འདི་ནི་སྦས་དོན་ཡིན་པའི་ཆ་ནས་བཏགས་པ་ཞིག་རེད།རྒྱུ་མཚན་ནི་བཀའ་བརྒྱུད་པ་སོགས་ཀྱི་བླ་མ་གོང་མ་རྣམས་ཀྱིས་གནའ་བོའི་གསང་སྔགས་ཀྱི་ཟབ་མོའི་ཆོས་གསུངས་སྐབས་མགུར་བླངས་པའི་དུས་རབས་ཤིག་བྱུང་ཡོདདེའི་ཁུངས་རྒྱལ་བའི་བཀར་གསལ་ཏོ།མགུར་གླུའི་གོ་དོན་ལ་མཚོན་ན།མགུར་ཞེས་བྱ་བ་ནི།སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་བོད་དུ་དར་བ་ནས་བཟུང་།སྔགས་ལུགས་ཀྱི་རྟ་དབྱངས་ལ་མགུར་ཞེས་ཤིང་།སྔགས་ལུགས་ཀྱི་རྟ་དབྱངས་མགུར་གྱི་མཚོན་བྱེད་གཙོ་བོ་ནི་གསང་བ་ཡིན་རྐྱེན།མགུར་གྱི་སྟེང་དུ་དམངས་གཞས་ཀྱི་གླུ་ཞེས་པའི་ཐ་སྙད་སྣོན་ན་གསང་དོན་ཡོད་པའི་དམངས་གླུ་བསྟན་པ་རེད།གསང་བའི་དམངས་གླུ་ཡིན་ན་འཇིག་རྟེན་མི་ཆོས་ཀྱི་གསང་དོན་ཡིན་པ་སྨྲོས་ཅི་འཚལ།དེ་ཡང་གསལ་པོར་བཤད་ན།ནང་གསང་བའི་དོན་ཡོད་པས་ན་མགུར་ཞེས་པ་དང་།ཕྱི་འདོད་པའི་མཛའ་གཞས་ཡིན་པས་ན་གླུ་ཞེས་བྱ་བས་གོ་བདེ་བའོ།འོ་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་ནང་གསང་བའི་ཐོག་ནས་དངོས་དོན་ལོ་རྒྱུས་རྣམས་གབ་ཚིག་གི་ཐོག་ནས་བསྟན་པ་དང་།ཕྱི་འདོད་པའི་མཛའ་གཞས་ཀྱི་ཐོག་ནས་བརྩམས་པ་ཞིག་ཡིན་ཚུལ་ཇི་ལྟར་ཤེས་དགོས་སམ་ཞེ་ན།ཚིགས་བཅད་རེ་གསུམ་པ་ལས།བྱ་དེ་སྨྲ་མཁན་ནེ་ཙོ།ཁ་རོག་བཞུགས་རོགས་མཛོད་དང་།ལྕང་གླིང་ཨ་ལྕེ་འཇོལ་མོ།གསུང་སྙན་སྒྱུར་དགོས་བྱུང་སོང་།ཞེས་གསུངས་པ་དེས་རྟོགས་སོ།ཚིགས་བཅད་དེ་འགྲེལ་ན།མི་སྐད་ཇི་ལྟ་བ་བཞིན་བདེན་པར་སྨྲ་མཁན་གྱི་ནེ་ཙོ་ཁ་རོགས་བཞུགས་རོགས་མཛོད་དང་ཞེས་པའི་སྦས་དོན་ནི།མགུར་གླུའི་རྩོམ་གཞིའི་བརྗོད་བྱའི་སྙིང་པོ་རྣམས་རང་བཞིན་བརྗོད་པའི་ཚིག་རྒྱན་གྱིས་གོ་བདེ་རྟོགས་སླའི་ཐོག་ནས་བརྩམ་རྒྱུ་ཡིན་པ་ལ་དུས་དབང་གིས་ཡོངས་སུ་འདོར་དགོས་པ་བྱུང་བས་ན་ཞེས་པ་ནས།མགུར་གླུའི་བརྗོད་བྱའི་ནང་དོན་རྣམས་ལྕང་གླིང་ཨ་ལྕེ་འཇོལ་མོའི་གསུང་སྙན་བཞིན་དུ་གང་བྱུང་གིས་རྗོད་བྱེད་འདོད་གླུར་སྒྱུར་དགོས་བྱུང་སོང་།ཞེས་མགུར་གླུ་འདི་ནི་སྦས་དོན་རྣམ་པར་གསལ་བར་བྱེད་པའི་ངེས་ཚིག་རྡོ་རྗེའི་བྲག་ལ་བརྐོས་པའི་ཚིགས་བཅད་འདི་གསུངས་པ་ཡིན་ནོ།དེ་ཡང་ང་ཚོས་ཤེས་དགོས་པ་ཞིག་ལ་གལ་སྲིད་རྒྱལ་དབང་གིས་མགུར་དེ་ནེ་ཙོ་ལྟ་བུར་བརྗོད་བྱའི་ནང་དོན་ངོ་མ་རྣམས་རང་བཞིན་བརྗོད་པའི་ཐོག་ནས་གསུངས་ཡོད་ན་སྐབས་དེའི་དུས་ངན་གྱི་དབང་གིས་མགུར་གླུ་དེ་དུས་ད་ལྟའི་བར་དུ་ཁྱབ་གདལ་བྱུང་བ་དེ་ནི་གནས་མེད་དོ་གོ་སྐབས་མེད་པ་ནི་སྨྲོས་ཅི་འཚལ།

མགུར་གླུའི་ཁྱད་འཕགས་རང་བཞིན་ནས་བཤད་ན།མགུར་གླུར་མཛའ་གླུའི་དཔེ་དོན་ཅི་རིགས་མཚོན་པའི་ཉམས་ཀྱི་ཁྱད་འཕགས་རང་བཞིན་ལྡན་ཡོད་སྟབས།མགུར་གླུ་འདིར་མི་རྣམས་ཡིད་དབང་འཕྲོག་ཅིང་ལེན་སྤྲོ་བའི་རང་བཞིན་ལྡན་པ་དང་།བརྗོད་བདེ་ཞིང་ངེས་སླ་བའི་རང་བཞིན་ལྡན་པས།བོད་མི་དམངས་ཀྱིས་མགུར་གླུ་འདིར་དགའ་པོ་ཚད་མེད་བྱེད་པ་མ་ཟད།མགུར་གླུ་འདི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དང་།ད་ཕན་ལོ་ངོ་སུམ་བརྒྱའི་རིང་བོད་མི་དམངས་ཀྱི་ངག་རྒྱུན་དུ་བླངས་ཤིང་ཡོད།ལྷག་པར་དུ་འཛམ་གླིང་ཐོག་མགུར་གླུ་འདིར་སྐད་གྲགས་ཆེན་པོ་བྱེད་པ་མ་ཟད།འཛམ་གླིང་ཐོག་གི་མཛའ་གཞས་སྙན་རྩོམ་གྱི་ནང་ནས་ཨང་དང་པོའི་ཟིན་ཡོད།དམངས་ཁྲོད་སྙན་རྩོམ་ཐད་ནས་བཤད་ནའང་།མགུར་གླུ་འདི་བྱུང་བ་ནས་བཟུང་།བོད་དུ་དམངས་ཁྲོད་སྙན་རྩོམ་གསར་པ་མང་དག་ཅིག་ཐོན་ཞིང་།བོད་མི་དམངས་ཀྱིས་མགུར་གླུར་དཔེ་བལྟས་ཏེ་བརྩམས་པའི་དམངས་ཁྲོད་གླུ་གཞས་གསར་པ་མང་པོ་བྱུང་ཡོད་པ་རེད།འོན་ཀྱང་དེང་སྐབས་སྡེ་ཚན་ཁག་གཅིག་གིས་མགུར་གླུའི་ཚིགས་བཅད་དང་འདྲ་པོ་ཡོད་པའི་དམངས་ཁྲོད་གླུ་གཞས་དེའི་རིགས་བསྡུ་རུབ་བྱས་ཏེ།ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁོངས་སུ་བཞག་པའི་ཚིགས་བཅད་ཤོ་ལོ་ཀ་བརྒྱ་ཕྲག་མང་པོའི་དཔེ་དེབ་ཆེན་པོ་ཞིག་དཔེ་སྐྲུན་བྱས་འདུག་ཟེར།དེ་ལྟར་ཡིན་ཚེ་དེ་ནི་རྩོམ་པ་པོའི་ལོ་རྒྱུས་ལ་འགན་མི་འཁུར་བ་ཞིག་ཡིན་པ་དང་། དམངས་ཁྲོད་རྩོམ་རིག་ལོ་རྒྱུས་ལའང་འགན་རྩ་བ་ནས་མི་འཁུར་བའི་སྐྱོན་རེད།  

གཞན་ཡང་མགུར་གླུ་དེར་ཚིགས་བཅད་ཤོ་ལོ་ཀ་ག་ཚོད་ཡོད་དམ་ཟེར་ན།ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ཚིགས་བཅད་ཤོ་ལོ་ཀ་དྲུག་བཅུ་རེ་ལྔ་ཡོད་པའི་ཁུངས་ལྡན་ཡིག་ཆ་ནི་གནའ་བོའི་ལྷ་སའི་པར་ཤིང་རྙིང་པར་བརྐོས་པའི་དཔེ་ཐུང་དང་། <གངས་ལྗོངས་མཁས་དབང་རིམ་བྱོན་གྱི་གསུང་རྩོམ་གསེར་གྱི་སྦྲམ་བུ་>ཞེས་པའི་དཔེ་དེབ་ཐོག་དང་།བོད་ལྗོངས་སློབ་ཆེན་སོགས་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་དེབ་ཐོག་ལ་འཁོད་ཡོད་ལ།ཚངས་དབྱངས་རྒྱ་མཚོའི་མགུར་གླུ་འདི་བཞིན་བོད་རིགས་ས་ཁུལ་གྱི་ཞིང་ཆེན་རང་སྐྱོང་ཁུལ་ལྔའི་མཐོ་རིམ་སློབ་གྲྭ་ཁག་ལ་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད།ཕྱི་རྒྱལ་རྒྱལ་ཁབ་མང་དག་གཅིག་ལའང་སློབ་ཚན་དེ་ཁྲིད་ཀྱི་ཡོད་པ་རེད།ད་དུང་མགུར་གླུ་འདི་རྒྱ་ཡིག་དང་དབྱིན་ཡིགདེ་བཞིན་རི་པིན་ཡི་གེ་སོགས་ལའང་བསྒྱུར་ཡོད།མདོར་ན་ཁོ་བོས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་སྦས་དོན་སྙན་རྩོམ་ཁྱད་འཕགས་ཤིག་ཡིན་པར་འདོད་པ་སྟེ།  སྙན་དངགས་ལས།"དངོས་པོ་འགའ་ལ་བསམ་བྱས་ནས།དེ་དང་མཚུངས་པའི་དངོས་པོ་གཞན།བསྡུས་པའི་ཚུལ་གྱིས་བརྗོད་བྱེད་པ།དེ་ནི་བསྡུས་པ་བརྗོད་པར་འདོད།"ཅེས་བསྡུས་བརྗོད་ཀྱི་རྒྱན་དང་། "གབ་བྱའི་དོན་གང་ཚིག་སྦྱོར་གྱིས།གབ་པར་བྱེད་པ་གབ་ཚིག་རྒྱན།"ཞེས་པ་ལྟར་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེ་ནི་ཕྱི་འདོད་པའི་བསྟན་བཅོས་ཀྱི་རྩོམ་རྩལ་དང་གབ་ཚིག་རྒྱན་གྱི་རྗོད་བྱེད་ལ་བསྟེན་ནས་དོན་ནི།

1 རྒྱལ་དབང་གཞོན་ནུར་གྱུར་པའི་དུས་ནས་བཟུང་བུ་གཅིག་པུ་ནད་ཀྱིས་བཏབ་པ་ལ་ཤིན་ཏུ་བརྩེ་བའི་མ་ལྟར་དུས་རྟག་ཏུ་སྐྱོང་མཁན་དྲིན་ཅན་རྩ་བའི་བླ་མར་མཚོན་པའི་བརྩེ་དུང་གི་ཆགས་གླུ་ཞིག་ཡིན་པ་དང་།

2 དྲིན་ཅན་རྩ་བའི་བླ་མ་དང་གསོན་བྲལ་བྱུང་བའི་ཡིད་ཀྱི་གདུང་སྒྲ།

3 བོད་ཀྱི་སེར་སྐྱ་མི་དམངས་དང་བྲལ་བའི་ཐུགས་ཀྱི་སྐྱོ་གླུ།

4བསྟན་འགྲོའི་ཕན་བདེ་མ་ལུས་པ་བསྒྲུབ་པར་བྱེད་པའི་ལུགས་གཉིས་ཀྱི་གོ་ས་དང་བྲལ་བའི་གདུང་དབྱངས།

5ལྷ་བཟང་གིས་གཙོས་པའི་དཔོན་ངན་གདུག་རྩུབ་ཅན་དང་།ངན་རུལ་པ།གཡོ་སྒྱུ་ཁྲམ་གསུམ་པ།ལྷ་བཟང་གི་རྒྱུགས་ཁྱི་དང་བཅས་པ་མི་མཐུན་པའི་ཕྱོགས་ཀྱི་ཉེས་སྤྱོད་ཀྱི་དྲི་མར་སུན་འབྱིན་པའི་གློག་ཕྲེང་གསེར་གྱི་ཐོག་སྒྲ།

6 ཛ་དྲག་ཆེ་ཞིང་རྣོ་ངར་ཆེ་བའི་སྡེ་སྲིད་དང་ལྷ་བཟང་དབར་སྲིད་དབང་འཕྲོག་རེས་གྱི་རྒྱ་མཚོར་ལྷུངས་བའི་ལྷུང་སྒྲ།

7 མ་ཉེས་ཁག་གཡོགས་ཀྱི་འཆལ་པོའི་ཞྭ་མོ་སྒོ་ཀུན་ནས་གཡོགས་པར་མི་བཟོད་པའི་འཐོར་རླུང་ངར་སྒྲའི་དུས་རླུང་།

8 འབྱུང་འགྱུར་གྱི་དོན་རྣམས་མངོན་སུམ་ཚད་མས་མཁྱེན་པའི་ལུང་བསྟན་རྡོ་རྗེའི་བྲག་བསྐོས།

9 མཁས་པ་རྣམས་ལ་འདའ་ཁའི་ཞལ་ཆེམས་དབྱངས་ཅན་ངག་གི་རོལ་དབྱངས།

10 དངོས་དོན་ལོ་རྒྱུས་རྣམས་སྦས་དོན་གྱི་ཐོག་ནས་བཀྲལ་བར་བྱེད་པའི་གཏེར་ཆེན་མཁའ་འགྲོའི་མགུར་གླུ་བཅས་ཡིན་པའི་སྙན་རྩོམ་ངོ་མཚར་ཅན་ཞིག་ཡིན་པར་འདོད་དོ།

བཞི་པ།  ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་གྱི་གཙོ་འདོན་ཚིགས་བཅད་རྣམ་བཞག

1 རྩ་བའི་བླ་མ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་ཚིགས་བཅད་རྣམ་བཞག་ལ།ཚིགས་བཅད་དང་པོ་དང་།བཅུ་བདུན་པ།བཅོ་བརྒྱད་པ།བཅུ་དགུ་པ།སོ་གཉིས་པ།སོ་གསུམ་པ།སོ་བཞི་པ།སོ་ལྔ་པ།ཞེ་དྲུག་པ་བཅས་ཚིགས་བཅད་ཁག་དགུ་ཡོད།  

2 དེ་བཞིན་དུ་ལྷ་བཟང་ཧན་ལ་ཟུར་ཟའི་ཚིགས་བཅད་ཁག་བཅུ་ཡོད་པ་སྟེ།ཚིགས་བཅད་བརྒྱད་པ་དང་།བཅུ་གསུམ་པ།བཅུ་བཞི་པ།བཅོ་ལྔ་པ།ཉེར་བརྒྱད་པ།སུམ་ཅུ་པ།ཞེ་གཅིག་པ།ཞེ་གསུམ་པ།ཞེ་བདུན་པ།ཞེ་བརྒྱད་བཅས་སོ།  

3 ལྷ་བཟང་ཧན་གྱི་རྒྱུགས་ཁྱིར་བསུན་འབྱིན་པའི་ཚིགས་བཅད་ནི།ཚིགས་བཅད་བཅུ་གཉིས་པ་དང་།ཉེར་ལྔ་པ།ཉེར་དྲུག་པ།ཉེར་བདུན་པ།སོ་དྲུག་པ།སོ་བདུན་པ།སོ་བརྒྱད་པ།སོ་དགུ་པ།བཞི་བཅུ་པ་བཅས་ཚིགས་བཅད་ཁག་དགུ་ཡོད།

4 རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་ཁོང་གི་རྩ་བའི་བླ་མ་རིན་པོ་ཆེའི་དབར་ལུགས་གཉིས་ཀྱི་མཛད་པའི་ཚིགས་བཅད་དྲུག་ཡོད་པ་སྟེ།ཉེར་གཅིག་པ་དངཉེར་གཉིས་པ།ཉེར་གསུམ་པ།ཉེར་བཞི་པ།ཞེ་དགུ་པ།ང་གཉིས་པ་བཅས་སོ།  

5 རྒྱལ་བའི་བསྟན་སྲིད་ཀྱི་དབང་ཆ་ཤོར་ཚུལ་གྱི་ཚིགས་བཅད་གཉིས་ཡོད་པ་སྟེེ།དགུ་པ་དང་།སོ་གཅིག་པའོ།  

6 རྒོལ་གཏམ་ཚིགས་བཅད་གསུམ་ཡོད་པ་སྟེ།བདུན་པ་དང་།བཅུ་དྲུག་པ།རེ་བཞི་པའོ།

7 རྒྱལ་དབང་ལ་སྒྲོ་སྐུར་སྐྱོན་འདོགས་ཀྱིས་འཆལ་སྤྱོད་ཀྱི་ཞྭ་ནག་གཡོགས་ཚུལ་བསྟན་པའི་ཚིགས་བཅད་གསུམ་ཡོད་པ་སྟེ།ང་གསུམ་པ་དང་།ང་བཞི་པ།དྲུག་ཅུ་པའོ།

8 མགུར་གླུ་འདིའི་སྦས་དོན་རྣམ་པར་གསལ་བར་བྱེད་པའི་ཚིགས་བཅད་གཅིག་ཡོད་པ་སྟེ།རེ་གསུམ་པའོ།  

9 རྒྱལ་དབང་དང་ཁོང་གི་རྩ་བའི་བླ་མ་རིན་པོ་ཆེ་དང་གསོན་བྲལ་བྱུང་བའི་ཚིགས་བཅད།གསུམ་པ་དང་།བཞི་པ།ལྔ་པ།དྲུག་པ།བཅུ་གཅིག་པ།ང་ལྔ་པ་བཅས་དྲུག་ཡོད།  

10 རྒྱལ་དབང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ཡུལ་ཙམ་བསྟན་པའི་ཚིགས་བཅད་ལ་གཅིག་ཡོད་པ་སྟེ།ཚིགས་བཅད་ལྔ་བཅུ་པའོ།   

11 རྒྱལ་དབང་ཕྱོགས་སུ་དྲག་པོའི་སྟོབས་ཤུགས་མེད་པར་སྨྲ་བའི་ཚིགས་བཅད་ནི་གཉིས་པའོ།  

12 ལྷ་བཟང་ཧན་གྱི་དབང་ཤུགས་ལ་འཇིགས་ནས་རྒྱལ་བའི་ཕྱོགས་སུ་རྒྱབ་སྐྱོར་བྱེད་མཁན་མེད་པར་བསྟན་པའི་ཚིགས་བཅད་ནི་བཅུ་པའོ།    

13 འགྱོད་སེམས་ཚིགས་བཅད་ལ།ཉི་ཤུ་པ་དང་།ཉེར་དགུ་པ།རེ་གཅིག་པ།རེ་ལྔ་པ་བཅས་བཞི་ཡོད།   

14 ལུང་བསྟན་ཚིགས་བཅད་བཞི་ཡོད་པ་སྟེ།ཞེ་གཉིས་པ་དང་།ང་དྲུག་པ།ང་དགུ་པ།རེ་གཉིས་པའོ།  

15 སྨོན་ཚིག་ཚིགས་བཅད།ཞེ་བཞི་པ་གཅིག་གོ   

16 རྒྱལ་བ་འདི་ཉིད་དགུང་གྲངས་ཉེར་ལྔ་ལས་མི་བཞུགས་པའི་ཉེ་བའི་འཆི་ལྟས་བྱུང་ཚུལ་བསྟན་པའི་ཚིགས་བཅད་ནི་ང་བདུན་པ་གཅིག་གོ

17 འབོད་སྒྲའི་ཚིགས་བཅད་ལ་གཅིག་ཡོད་པ་སྟེ་ཞེ་ལྔ་པའོ།   

18 མཇུག་གཏམ་ཚིགས་བཅད་ལ་གཅིག་ཡོད་པ་སྟེ།ང་བརྒྱད་པ་བཅས།མགུར་གླུའི་སྦས་དོན་གྱི་གཙོ་འདོན་ཚིགས་བཅད་རྣམ་བཞག་རྣམ་པར་གསལ་བར་བྱས་པའོ།  

འཕྲོ་མ་མུ་མཐུད་འགོད་རྒྱུ།