༄༅། ། སྲོང་བཙན་སྒམ་པོའི་གཅུང་མོ་བཙན་མོ་སད་མ་དཀར་གྱིས་ཞང་ཞུང་དབང་དུ་བསྡུ་དགོས་པའི་ཕྲིན་གླུའི་མ་ཡིག་ངོ་འདྲ་གོ་བདེར་བྲིས་པ།
བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཞང་ཞུང་ལྟ་བུ་དེ་གཉེན་བྱས་ན་ནི་ཡ་དོ་ཡིན་ལ། དགྲ་བྱས་ན་ཡང་ཁ་གཏད་ལྟ་བུ་ཡིན་པས། ཞང་ཞུང་དེ་དབང་དུ་བྱེད་པར། སྲོང་བཙན་སྒམ་པོའི་སྲིང་མོ་བཙན་མོ་སད་མ་དཀར་ཞུ་བ། ཞང་ཞུང་རྒྱལ་པོ་ལིག་མི་ཧྱའི་ཆབ་སྲིད་ཀྱི་བཙུན་མོར་བཏང་ངོ་། ཞང་ཞུང་རྒྱལ་པོ་ལིག་མི་ཧྱ་དེར་སྔོན་དུ་ཤུད་ཀེ་བཟའ་རྩལ་ཞེས་པ་ལྐོག་ཏུ་གྲོགས་མོ་ཞིག་ཡོད་པར་བརྟེན། བཙུན་མོ་སད་མ་དཀར་གྱིས་ཀྱང་། ལིག་མི་ཧྱའི་ཁབ་སོའི་བུ་སྲིད་མ་མཛད་པར་ཟུར་བཞུགས་མཛད་དེ། གཙེན་སྲོང་བཙན་སྒམ་པོའི་སྙན་དུ་སོན་ནས། བཙན་མོས་དེ་ལྟར་ལོག་པ་བྱས་ན། ཆབ་སྲིད་ཀྱི་དཀྲུགས་མར་འགྱུར་བས། དེ་ལྟ་བུ་མ་བགྱིད་པར། ལིག་མི་ཧྱའི་རྒྱལ་པོའི་ཁབ་སོ་དང་། བུ་སྲིད་ཟུངས་ཤིག ཅེས་སྤུག་གྱིམ་བཙན་རྨང་ཆུང་ཕོ་ཉར་བཀའ་བསྩལ་ཏེ་བཏང་ངོ་། ཕོ་ཉ་མཁར་ཁྱུང་ལུང་དུ་འབྱོར་སྐབས་བཙན་མོ་མ་བཞུགས་པར། མ་པང་མཚོ་ཁར་ཕེབས་ནས་ཉ་འཛིན་པ་སོགས་བག་ཡངས་སུ་བཞུགས། དེར་རྨང་ཆུང་མཚོ་མ་པང་དུ་བསྐྱོད་ཐོག བཙན་མོ་མཇལ་ཏེ་ཕྱག་བྱས། བཙན་མོའི་ཞལ་ནས། གཅེན་བཙན་པོ་དེང་ཐུགས་ཁམས་བདེ་འམ་མི་བདེ། ཞེས་བཀའ་འདྲི་གནང་བར་ཐུགས་བདེ་ཞེས་གསོལ། རྨང་ཆུང་ཁྱོད་བློ་བདེའམ་མི་བདེ། ཞེས་གསུངས་པར། བློ་བདེ་ཞེས་ཞུས། དེའི་རྗེས་སུ་རྨང་ཆུང་གིས་གཅེན་སྲོང་བཙན་སྒམ་པོས་བཀའ་འདི་ལྟར་བསྩལ། ཞེས་གསོལ་པར་བཙན་མོའི་ཞལ་ནས། རྨ་ཆུང་ཁྱོད་ཁོ་བོའི་མིང་པོ་རྒྱལ་པོའི་ཞལ་ངོ་དང་འདྲ་སྟེ། ཐོག་མར་མགྲོན་པོ་ལ་ཕྱག་འབུལ་བྱེད་ཞེས་གསུངས་ནས། རྨང་ཆུང་ལ་ཕྱག་མཛད་དེ། བཙན་མོ་སད་མ་དཀར་གྱིས་འཕྲིན་གླུ་བླངས་པའི་ཚིག་ཏུ།
ཡུལ་གྱི་ནི་སྐལ་ཕོག་པ།།
ཁྱུང་ལུང་ནི་རྔུལ་མཁར་ཞིག།
སྤྲང་མྱུག་ནི་སུས་བལྟས་ཀྱང་།།
ཕྱི་ལྟས་ནི་རྔམ་པའི་བྲག།
ནང་བལྟས་ནི་གསེར་དང་ནོར།།
བདག་གི་ནི་མིག་སྔ་འདིར།།
ཡོད་པ་ནི་མ་ལོ་ལྟར།།
ཁེར་རྐྱང་ནི་ཉམ་ཆུང་གྱར།།
བྲན་གྱི་ནི་སྐལ་ཕོག་པ།།
གུ་གེ་ནི་རྐང་ཕྲན་ཞིག།
བཀོལ་དུ་ནི་མ་ལོ་ལྟར།།
གུ་གེ་ནི་འདྲིས་བཞིན་སྡང་།།
ཟས་ཀྱི་ནི་སྐལ་ཕོག་པ།།
ཉ་ཤ་ནི་གྲོ་ཟན་ཏེ།།
བཟའ་བ་ནི་མ་ལོ་ལྟར།།
ཉ་གྲོ་ནི་ཟ་བཞིན་ཁ།།
ཕྱུགས་ཀྱི་ནི་སྐལ་ཕོག་པ།།
ཤ་བ་ནི་རྐྱང་མཆིས་ཏེ།།
འཚོ་རུ་ནི་མི་ཉན་བཞིན།།
ཤ་རྐྱང་ནི་བཙལ་ཞིང་རྒོད།།
ཀྱེ། བྱང་འབྲོག་ནི་ཡ་གི་ན།།
འབྲོང་གཡག་ནི་ཞོལ་པོ་གཅིག།།
བྱང་འབྲོག་ནི་འབྲོང་གསོད་ན།།
ཕུ་ནས་ནི་ཀི་འདེབས་མཁན།།
ལྡོང་སྟོང་(རྟག་ཏུ་དགྲ་འཐུལ་བའི་དམག་དཔོན་གཉིས)ནི་ཕན་གྱིས་ཐོབ།།
མདོ་ནས་ནི་གཡབ་བོར་མཁན།།
སྐྱིད་ཀྱི་ནི་ཤེའུ་དང་སྤུག(སྲོང་བཙན་གྱི་གསོལ་དཔོན་གཉིས)
དབུས་སུ་ནི་མདའ་འཕེན་མཁན།།
ཡར་གྱི་ནི་ལྷོ་དང་རྔེགས(བློན་ཆེན་སྐུ་བགྲེས་གཉིས)
ཕུ་ནས་ནི་ཀི་འདེབས་ཤིང་།།
མདའ་ནས་ནི་གཡབ་བོར་ཏེ།།
དེ་ཡི་ནི་བར་དེ་རུ།།
ཞོལ་པོའི་ནི་འབྲོང་དེ་སོད།།
སྙིང་ཐུར་ནི་ཕྱི་དབང་བཅུད།།
རུ་རྒྱུས་ནི་ལྡོང་སྟོང་སྩོལ།།
ཤ་ལྤགས་ནི་ལྷ་རྔེགས་གཏོད།།
ནང་ཆ་ནི་ཤེའུ་སྤུག་སྤྲོད།།
སྡིག་རྭའི་ནི་རྩེ་མོ་ལ།།
སྟག་གི་ནི་ཤ་བཏགས་ཤིང་།།
གཡས་སུ་ནི་མ་ཡོ་ཞིག།
གཡོན་དུ་ནི་མ་ཐལ་ཅིག།
གཡས་སུ་ནི་ཡོ་གྱུར་ན།།
སོ་བྱའི་ནི་མགྲིན་པར་ཆུད།།
གཡོན་དུ་ནི་འགེལ་ཐལ་ན།།
སྲམ་གྱིས་ནི་ཡིབ་ནས་ཟ།།
ཐུར་ལ་ནི་འཕྱང་འཕྱང་དེ།།
མྱུར་དུ་ནི་མ་ལེན་ན།།
སང་ཕྱི་ནས་གནངས་འགྱང་ན།།
སྲམ་གྱིས་ནི་ཟས་གྱུར་རོ།།
ཉ་མོ་ནི་ཉ་མཆོངས་ཤིག།།
མཆོངས་པ་དག་ཁ་ལ་ཐོབས།།
ལྕགས་ཀྱུས་ནི་ལེགས་ཐོག་ཤིག།
བཏབ་པ་ནི་ནན་ཐོགས་ཤིག།
དགུ་ཚིགས་ནི་རྒྱལ་མོ་དང་།།
ས་ཡི་ནི་ཆུ་མིག་གཉིས།།
སུ་ཡིས་ནི་སྦྲེལ་ཐུབ་བལྟ།།
ཇེ་ཉེ་ནི་ཇེ་ཉེར་ན།།
བླ་སྐར་ནི་བྲང་དང་ཉེ།།
ཡར་ལ་ནི་གནམ་དང་ཉེ།།
དགུང་སྐར་ནི་ཁྲ་ཆིམ་ཆིམ།།
ཇེ་ཉེ་ནི་ཇེ་ཉེར་ན།།
བླ་སྐར་ནི་བྲང་དང་ཉེ།།
བྲག་དཀར་ནི་སྐྱ་ཁྲིག་ཁྲིག།
ངུར་པ་ནི་ཆབ་དང་ཉེ།།
གྱུར་སྲམ་ནི་འཕྱོ་ལིང་ལིང་།།
ཉེན་དཀར་ནི་ཞིང་དང་ཉེ།།
འབྲས་དྲུག་ནི་སི་ལི་ལི།།
མལ་དྲོ་ནི་ཀླུམ་དང་ཉེ།།
རླུང་བུ་ནི་སིལ་སིལ་ལྡང་།།
ཇེ་ཉེ་ནི་ཇེ་ཉེར་ནི།།
ར་ཉེ་ནི་ཤུག་པ་འཐུ།།
ཡར་གྱི་ནི་བྱེ་རི་ལ།།
ལྷན་ལྷན་ནི་ཉིལ་འགྲོས་འདི།།
གཡང་གཟར་ནི་སྤུར་བཏབ་ནས།།
དུར་ཟས་ནི་བཏབ་ཀྱང་རུང་།།
ཞེས་མགུར་གླུ་བླངས་པའི་རྗེས་ལ། རྨང་ཆུང་གིས་ཕྱི་ཕྱག་འཚལ་ནས་ལོག་སྟེ། བཙན་པོ་གཅེན་སྲོང་བཙན་ལ། བཀའ་ལན་ཡི་གེར་གསོལ་བ་ནི་གང་ཡང་མ་གནང་། གཅེན་སྲོང་བཙན་སྒམ་པོ་བདེ་བར་བཞུགས་པ་དགའ་སྤྲོ་ཆེ་ཞིང་། གཅེན་རྒྱལ་པོས་བཀའ་གནང་བ་ལྟར། ཤི་སོན་གཉིས་གང་ལ་ཐུག་ཀྱང་། ཞབས་འདེགས་གང་ནུས་བྱེད་ཞུ། རྒྱལ་པོའི་ཕྱག་ཏུ་འདི་ཕུལ་ཅིག་ཅེས། ཞུ་རྟེན་བུད་མེད་ཀྱི་གཡག་གཞུ་གཅིག་དང་། ཐུམ་སྒྲིལ་གཅིག་ལ་ཐམ་གས་བསྣན་ནས་བསྐུར་རོ།། གྱིམ་བཙན་རྨང་ཆུང་སླར་བཙན་པོ་སྲོང་བཙན་སྒམ་པོའི་སྤྱན་སྔར་འབྱོར་ནས་གསོལ་པ། བཙན་མོས་བཀའ་ལན་ཕྱག་བྲིས་གནང་བ་ནི་གང་མ་བྱུང་།། གླུ་མཆིད་བླངས་པའི་ཚིག་ནི་འདི་ལྟར་གསུངས། ཕྱག་རྒྱས་བཏབ་ནས་བསྐུར་བ་ནི་འདི་ལགས་ཞེས་ཕུལ་བས། ཕྱག་རྟགས་ཁ་ཕྱེ་ནས་གཟིགས་པས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོས་ཐུགས་བསམ་བཏང་བཏང་ནས་གསུངས་པ། ང་ཚོས་ཞང་ཞུང་རྒྱལ་པོ་ལིག་མི་ཧྱ་ལ་རྒོལ་ནུས་ན་ནི། གཡུ་འདི་རྒྱན་དུ་ཐོགས་ཤིག རྒོལ་མ་ནུས་ན་ནི། བུད་མེད་བཞིན་མགོ་རྒྱན་གཞུ་གཡག་གྱོན་ཞིག་ཟེར་བ་ལྟ་ཞིག་འདུག་གསུངས་ནས། རྗེ་བློན་རྣམས་ཚོགས་ཏེ་གྲོས་བསྡུར་བསྡུར་ནས། ཞང་ཞུང་ལ་དམག་དྲངས་མཐར། ཞང་ཞུང་རྒྱལ་པོ་ལིག་མི་ཧྱའི་སྲིད་བརླགས་ནས་དབང་དུ་བསྡུས་སོ།
ཏུན་ཧོང་ཡིག་རྙིང་ལས་བྱུང་བའི《བོད་བཙན་པོའི་རྒྱལ་རབས》ཞེས་པའི་དེབ་དང་པོ་ལས་བཏུས།