无障碍阅读 关怀版

༄༅། ། ལྷ་ས་ཞེས་པའི་གྲོང་མིང་ཐོགས་ལུགས་བརྗོད་པའི་གཏམ།

དུས་ཚོད། 2018-06-04 རྩོམ་པ་པོ བེན་ཚར་ཟླ་བ། རྩོམ་སྒྲིག ཉི་མ་དོན་གྲུབ།

     བོད་རིགས་ཀྱི་གནའ་བོའི་ལོ་རྒྱུས་ཐོག་རུས་རྒྱུད་ཚོ་པ་མང་པོ་ཐོན་མྱོང་ཞིང་རུས་རྒྱུད་ཚོ་པ་དེ་དག་གཅིག་འོག་གཅིག་ཏུ་མི་འདུ་བར་རང་སོ་སོས་ཡུལ་ལུང་མི་འདྲ་བ་བཅད་བཟུང་བྱས་ཡོད། དེའི་ཕྱིར། བོད་ཀྱི་ས་མིང་དང་གཙང་ཆུའི་མིང་སོགས་མང་པོ་ཞིག་རུས་རྒྱུད་ཚོ་པའི་དཔོན་གྱི་རུས་མིང་དང་འབྲེལ་བ་ཡོད་པ་རེད།དེང་གི་དུས་སུ་ང་ཚོས་བརྗོད་བཞིན་པའི་ལྷ་སའི་སྐྱིད་ཆུའི་རྒྱུག་ཁུལ་དུ་གནའ་བོའི་དུསསྐྱི་ཞེས་པའི་རུས་རྒྱུད་ཚོ་པ་ཞིག་འཚོ་སྡོད་བྱེད་ཀྱི་ཡོད། རྒྱུ་མཚན་དེའི་ཕྱིར་གཙང་ཆུ་དེ་དག་རྒྱུག་ཁུལ་དུསྐྱི་རོཞེས་པའི་མིང་ཐོགས་ཤིང་གཙང་ཆུའི་མིང་ལསྐྱིད་ཆུཞེས་ཟེར།

    ཏུན་ཧོང་ལས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལནང་ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་སྐྱི་རྗེའི་མང་པོ། བློན་ཤེའུ་དང་སུག་གཉིསཞེས་འཁོད་པའི་ནང་གི་སྐྱི་རོབྱ་བ་ནི་དེང་གི་ལྷ་ས་སྐྱིད་ཆུའི་རྒྱུག་ཁུལ་དུ་ངོས་འཛིན་ཆོག་ཅིང་རུས་མིང་སྐྱིབྱ་བའི་ཁྱིམ་རྒྱུད་ཀྱི་དབང་སྒྱུར་བའི་ཡུལ་དུ་གོ། དེང་རབས་ཀྱིས་མཁས་པས་དཔྱད་ཞིབ་མཛད་པར་གཞིགས་ནཤར་འབྲི་གུང་ནས་ནུབ་ཆུ་ཤུར་བར་གྱི་ས་ཆ་རྣམས་རུས་རྒྱུད་སྐྱི་བྱ་བས་བཟུང་པས་ཤར་ནས་ནུབ་ཏུ་སྐྱི་སྟོད་དང་། སྐྱི་ཤོད། སྐྱི་སྨད་གསུམ་དུ་དབྱེ་བ་ཡིནདེང་དུས་ལྷ་ས་གྲོང་ཁྱེར་ཆགས་ཁུལ་དུསྐྱི་ཤོད་འོ་ཐང་དུ་འབོད་ཅིང་དེའི་གོ་དོན་ནི་སྐྱིད་ཆུ་གཙང་པོའི་གཤམ་རྒྱུད་དུ་གནས་པའི་འབྲོག་ཐང་ཞེས་པའོ། ཕྱིས་སུ་སྲོང་བཙན་སྒམ་པོའི་དུསར་ལ་ས་བཀལ་ཏེ་འོ་ཐང་མཚོ་སུབ་ནས་གཙུག་ལག་ཁང་བཞེངསཔའི་རྒྱུ་མཚན་གྱིསར་སཞེས་འབོད་པ་ཡིན།གཙུག་ལག་ཁང་གི་མིང་དེ་རིམ་བཞིན་གྲོང་ཁྱེར་གྱི་མིང་དུ་ཆགས་པ་སྟེ། དཔེར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སུ་བཙུགས་པའི་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་སྟེང་ར་ས་དང་བྲག་དམར་གྱི་གཙུག་ལག་ཁང་ལ་བསྩོགས་པར་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པཞེས་འཁོད་པ་ལྟ་བུའོ།

      ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་ནང་དུའང་ར་སཞེས་པས་ལྷ་སའི་མིང་མཚོན་པར་བྱས་ཡོད། སྲོང་བཙན་སྒམ་པོས་སྲིད་དབང་སྲ་བརྟན་གཏོང་རྒྱུ་ལ་སོགས་པའི་དགོས་མཁོར་གཞིགས་ཏེ་ནང་པ་སངས་རྒྱས་ཆོས་ལུགས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཤིང་ཕྱིས་ཀྱི་བཙན་པོ་རིམ་བྱོན་རྣམ་པས་ཀྱང་དེ་ལྟའི་རྒྱུན་བསྐྱངས་པས་གཙུག་ལག་ཁང་ནང་དུ་བཞུགས་སུ་གསོལ་བའི་ཇོ་བོ་ཤྰཀྱ་མུ་ནེའི་སྐུ་བརྙན་དེ་ཉིད་སུས་ཀྱང་ཚབ་བྱེད་མི་ནུས་པའི་དད་པའི་ལྟེ་གནས་སུ་འགྱུར་བསལྷ་ས”(ཇོ་བོ་ཤྰཀྱ་མུ་ནེའི་སྐུ་བརྙན་བཞུགས་ཡོད་པའི་སཞེས་པའི་ས་མིང་ཁྱབ་གདལ་དུ་སོང་ཡོད། མཁས་དབང་འགའ་ཞིག་གིས་ཏུན་ཧོང་གཏེར་ཡིག་ཁུངས་སུ་བཅོལ་ནས་མི་ཁྲི་ཡན་དབང་དུ་སྒྱུར་བའི་དཔོན་ལལྷཞེས་འབོད་ཅིང་རྒྱལ་པོའམ་དབང་སྒྱུར་དཔོན་བཞུགས་སའི་ཡུལ་ལལྷ་སཞེས་ཐོགས་པ་ཡིན་གསུང་སྲོལ་ཡང་འདུག ཡིག་ཐོག་ཏུ་ལྷ་སཞེས་པ་ཐོན་སྔ་ཤོས་ཇི་ཙམ་གྱི་དུས་སུ་ཡིན་ནམ་ཞེ་ན་འགའ་ཞིག་གིས་༨༠༦ལོར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཞེངས་གནང་བའི་སྐར་ཆུང་ལྷ་ཁང་གི་རྡོ་རིང་ཐོག་འཁོད་པ་དེ་ཡིན་གསུངས་མོད།

     མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་༡༩༤༢ལོར་ཞིབ་བཤུས་མཛད་པའི་རྡོ་རིང་གི་ཡི་གེར་བལྟ་དུས་དེའི་ནང་ར་ས་ཞེས་པ་ལས་ལྷ་ས་ཞེས་འཁོད་མི་འདུག དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་བཞེངས་པའི་དབོན་ཞང་རྡོ་རིང་ཐོགབོད་ཆེན་པོའི་ཡུལ་དུ་ནི། ཕོ་བྲང་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་དུཞེས་འཁོད་པ་ནི་ཁོ་བོས་ད་བར་དངོས་སུ་མཇལ་བའི་རིག་དངོས་ཁྲོདལྷ་སཞེས་པའི་མིང་འཁོད་པ་སྔ་ཤོས་དེ་ཡིན་འདུག ཇི་ལྟར་ནའང་ལྷ་སའི་གྲོང་མིང་དེ་ཆགས་ནས་ད་བར་ལོ་ངོ་༡༢༠༠ལྷག་གི་ལོ་རྒྱུས་ལྡན་ཡོད།

གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུསཞེས་པ་ལས་བཏུས།