无障碍阅读 关怀版

༄༅། ། ལྷ་སའི་གྲོང་སྡེ་“ཞོལ”དང་ “སྐྱིད་རས”ཞེས་པའི་ས་མིང་ལོ་རྒྱུས་མདོར་བསྡུས།

དུས་ཚོད། 2018-06-11 རྩོམ་པ་པོ བེན་ཚར་ཟླ་བ། རྩོམ་སྒྲིག ཉི་མ་དོན་གྲུབ།

ཞོལ།

ཞོལ་གྲོང་སྡེ་ནི་རྩེ་ཕོ་བྲང་དམར་པོའི་ལྷོ་ངོགས་སུ་གནས་ཤིང་། ཞོལ་ནི་གཤམ་འོག་གི་དོན་ཡིན་པ་སྟེ་མཁར་རྫོང་ལ་སོགས་པའི་གཤམ་དུ་གནས་པའི་གྲོང་ཚོར་ཞོལ་ཟེར་བ་ཡིན། དེའི་འབྱུང་ཁུངས་ངོས་ནས་བརྗོད་ན། རྩེ་ཕོ་བྲང་དམར་པོ་བཞེངས་སྐྲུན་ཟིན་པའི་རྗེས་དེའི་ཞབས་ངོགས་སུ་ལས་མིའི་སྡོད་ཁང་དང་ཆིབས་ར། བཟོ་གྲྭ་སོགས་བརྒྱབ་སྟེ་གྲོང་ཚོ་ཆགས་པས་ཞོལ་ཞེས་པའི་མིང་ཆགས།

ཞོལ་གྲོང་སྡེ་ནི་སྲོང་བཙན་སྒམ་པོས་རྩེ་ཕོ་བྲང་དམར་པོ་གསར་བཞེངས་གནང་བའི་རྗེས་རིམ་བཞིན་ཆགས་པ་གང་ཞིག་དེ་ནི་ཕོ་བྲང་དམར་པོའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། ལྷག་པར་དུ་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་རྩེ་ཕོ་བྲང་དམར་པོའི་ལྕགས་རིའི་ནང་དུ་གོ་མཛོད་རྡོ་རྗེ་གླིང་དང་ཞོལ་དཔར་ཁང་། འབྲུ་མཛོད། ཞོལ་པ་ལས་ཁུངས། ཆིབས་ར་ཕྱི་ནང་སོགས་བསྐྲུན་ཡོད་པ་མ་ཟད། དེའི་རྗེས་ལྕགས་རིའི་ནང་གི་སྐྲུན་དངོས་ཇེ་མང་དུ་སོང་བ་སྟེ་གཅིག་ནི་བོད་རྙིང་པའི་སྲིད་འཛིན་གྱི་ལས་ཁུངས་ཁ་ཤས་དེར་ཆགས་པ་དང་། གཉིས་ནི་དབང་སྒྱུར་གྲལ་རིམ་པར་ཞབས་ཞུ་སྒྲུབ་པའི་ཁང་པ། གསུམ་ནི་བོད་རྙིང་པའི་སྐྱ་སེར་སྐུ་དྲག་གི་ཁྱིམ་གཞིས་དང་ལག་ཤེས་མི་སྣ། ཞིང་བྲན་གྱི་སྡོད་གནས་སོགས་ཡོད། དམངས་གཙོའི་བཅོས་སྒྱུར་བཏང་བའི་རྗེས་ཞོལ་གྲོང་མི་ཨུ་ཡོན་ལྷན་ཁང་བཙུགས་སྐབས་དེ་དུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པའི་བགྲེས་སོང་བློ་བཟང་ལགས་ཀྱིས་གསུངས་པར་གཞིགས་ན་དེའི་དུས་ཀྱི་གྲོང་མིའི་ཁྲོད་སྐུ་དྲག་གི་ཁོངས་སུ་གཏོགས་པ་མི་གྲངས་༣༠༠ཙམ་ཡོད་པ་དང་ཞིང་བྲན་ཡིན་པ་མི་གྲངས་༧༠༠ཙམ་ཡོད་འདུག ༡༩༩༥ལོར་རྒྱལ་ཁབ་ནས་འགྲོ་གྲོན་མ་དངུལ་སྒོར་དུང་ཕྱུར་༡.༡༣ཙམ་བཏང་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་བསྐྲུན་པ་དང་ཞོལ་གྲོང་ལྷན་གྱི་ཐེམ་དུད་༦༧༠ཙམ་ཡོད་པ་དག་ཞོལ་གྲོང་གསར་དུ་གནས་སྤོས་བྱས། དེ་སྔའི་ཞོལ་པ་ལས་ཁུངས་དང་ཞོལ་དཔར་ཁང་། དངུལ་པར་ཁང་། སྐུ་དྲག་གི་ཁྱིམ་གཞིས་སོགས་སྐྲུན་དངོས་རྙིང་པ་དག་སྲུང་སྐྱོབ་དང་ཞིག་གསོ་ལེགས་པར་བྱུང་ནས་ད་ཆ་ཡུལ་སྐོར་དང་གནས་གཟིགས་པའི་སྤྱན་ལམ་དུ་བསྟར་ཡོད།

སྐྱིད་རས།

སྐྱིད་རས་གྲོང་སྡེ་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་བྱང་ཤར་ཁུལ་དུ་གནས་ཡོད། སྐྱིད་རས་ཞེས་པའི་གོ་དོན་ནི་ཐོག་མར་སྐྱི་སྲེག་ཅེས་པའི་དོན་ཡིན་པ་སྟེ། སྐྱི་ནི་པགས་པའི་དོན་དང་སྲེག་ནི་མེ་ལ་སྲེག་པའི་དོན་སྟེ། ཀོ་པགས་མེ་ལ་སྲེག་པའི་གནས་ཡིན་པས་ན་སྐྱི་སྲེག་ཟེར།

དེའི་འབྱུང་ཁུངས་ཀྱི་ངོས་ནས་བཤད་ན། སྤྱི་ཚོགས་རྙིང་པའི་དུས་སུ་ས་ཆ་དེར་འཚོ་སྡོད་བྱེད་པའི་མི་མང་ཆེ་བ་ཀོ་པགས་ལས་སྣོན་བྱེད་མཁན་གྱི་དམངས་ཁྲོད་ལག་ཤེས་མི་སྣ་ཡིན་པ་གང་ཞིག་ཁོང་ཚོས་གཡག་ཀོ་ལས་སྣོན་བྱེད་པའི་དུས་མེ་བཏང་ནས་དུ་བའི་ཁྲོད་སྲེག་པར་བྱེད་པས་སྐྱི་སྲེག་ཅེས་ཐོགས་ཤིང་དབུས་གཙང་གི་ཁ་སྐད་དུ་སྲ་ཞེས་པ་དེ་ཧྲ་ལྟ་བུར་ཀློག་པར་བྱེད་པས་ཕྱིས་སུ་སྒྲ་འགྱུར་ནས་སྐྱིད་རས་ཅེས་མིང་ཐོགས།

སྔ་མོའི་དུས་ནས་ལྷ་སའི་གཙུག་ལག་ཁང་གི་བྱང་ཤར་ས་སྟོང་ཐོག་དམངས་ཁྲོད་ཀྱི་ཀོ་པགས་ལས་སྣོན་བྱེད་མཁན་མི་ཉུང་བ་གནས་པས་དུས་རྟག་ཏུ་ཀོ་པགས་བདུག་བཟོའི་དུ་བ་འཕྱུར་བཞིན་སྡོད་ཀྱི་ཡོད། ཁུལ་དེར་ཀོ་པགས་ལས་སྣོན་བྱེད་མཁན་ཕུད་ད་དུང་སྐུ་དྲག་བྱ་རིགས་པ་དང་རིན་སྒང་། སྨར་ལམ་པ་སོགས་ཀྱི་ཁྱིམ་གཞིས་ཆགས་ཡོད། དམངས་གཙོའི་བཅོས་སྒྱུར་རྗེས་སྐྱིད་རས་གྲོང་མི་ཨུ་ཡོན་ལྷན་ཁང་བཙུགས་ཤིང་མིག་སྔར་ས་ཆ་དེ་མི་གྲངས་འདུ་འཛོམས་ཆེ་ཤོས་དང་ཚོང་ལས་བྲེལ་ཟིང་ཆེ་ཤོས་ཀྱི་གནས་ཀྱི་གྲས་ཡིན།

ལྷ་ས་གྲོང་ཁྱེར་གྱི་ས་མིང་ལོ་རྒྱུས་མདོར་བསྡུསཞེས་པ་ལས་བཏུས།