无障碍阅读 关怀版

༄༅། ། སྙན་ངག་གི་ངོ་སྤྲོད་མདོར་བསྡུས།

དུས་ཚོད། 2020-05-18 རྩོམ་པ་པོ དུང་དཀར་བློ་བཟང་འཕྲིན་ལས། རྩོམ་སྒྲིག ཉི་མ་དོན་གྲུབ།

  

    སྤྱིར་ན་སྙན་ངག་ནི་འཇིག་རྟེན་ཁམས་སུ་གནས་པའི་འཚོ་བ་དངོས་ཀྱི་སྣང་ཚུལ་སྣ་ཚོགས་པ་ཞིག་མི་རྣམས་ཀྱི་བསམ་བློར་ཤར་བ་དེ་གཟུགས་སུ་བཀོད་པའི་ཚིག་སྦྱོར་སྙན་ཞིང་འཇེབས་པ་ཞིག་ལ་ཟེར། དེ་ལ་སྙན་ངག་གི་རིགས་པའི་གཞུང་ལུགས་དང་། གཞུང་ལུགས་དེ་གཞིར་བཟུང་ནས་བརྩམས་པའི་སྙན་ངག་དངོས་བཅས་གཉིས་ཡོད་པ་ཞིབ་པར་སྙན་ངག་གི་འགྲེལ་པ་རྣམས་ལས་གསལ་ཞིང་། དེ་འདྲའི་སྙན་ངག་དེ་ནི་འཚོ་བ་དངོས་མཚོན་པ་མ་ཟད་འཚོ་བ་དངོས་ལས་ཀྱང་ཚད་མཐོ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། རིག་གནས་ཆུ་ཚད་མཐོ་བའི་རྒྱལ་ཁབ་ཁག་དང་མི་རིགས་ཁག་ཚང་མར་ཡོད་པ་དང་། རྣམ་གྲངས་ཀྱང་མང་ཉུང་སྣ་ཚོགས་ཡོད་ཅིང་། དེ་རྣམས་མཐར་གཏུགས་ན། ལུས་དང་། རྒྱན་དང་། སྐྱོན་སེལ་གསུམ་དུ་འདུས་པ་ཡིན། སྙན་ངག་གི་ལུས་ཟེར་བ་ནི། སྙན་ངག་གི་ཚིག་རྒྱན་གང་ལ་སྦྱོར་བའི་གཞི་སྟེ། ཚིགས་བཅད་དང་། ལྷུག་པ། སྤེལ་མ་གསུམ་ཡོད། སྙན་ངག་གི་རྒྱན་ནི་བརྗོད་བྱའི་དོན་གང་ཡང་རུང་བ་ཞིག་མཚོན་པའི་ཚིག་སྦྱོར་དེ་ཉིད་མཛེས་པར་བྱེད་པའི་རྒྱན་ཏེ། དེ་ལ་ཐུན་མོང་མ་ཡིན་པའི་རྒྱན་བཅུ་དང་། ཐུན་མོང་གི་རྒྱན་ལ་རགས་བསྡུས་ཙམ་གྱི་དབང་དུ་བྱས་ན་དོན་རྒྱན་སོ་ལྔ། སྒྲ་རྒྱན་རིགས་མང་བ། གབ་ཚིག་གི་རྒྱན་བཅུ་དྲུག སྐྱོན་སེལ་བཅུ་བཅས་སྙན་ངག་མེ་ལོང་གི་གཞུང་ལས་བཤད་པ་ལྟར་བྱས་ཀྱང་རུང་། འོན་ཀྱང{{སྙན་ངག་མེ་ལོང}}གི་གཞུང་བོད་དུ་མ་བསྒྱུར་གོང་ནས་སྙན་ངག་གི་ཚིག་སྦྱོར་མང་པོ་བྱུང་ཡོད་པས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྲིང་མོ་སད་མ་ཀར་ཞང་ཞུང་ལ་བག་མར་བཏང་རྗེས་རྒྱལ་པོས་བསྐུར་བའི་གབ་ཚིག་འཕྲིན་དང་། ཐོན་མི་སམ་བྷོ་ཊས་རྒྱལ་པོ་སྲོང་བཙན་སྒམ་པོར་བསྟོད་བསྔགས་ཕུལ་བའི་ཚིགས་བཅད་རྣམས་དབྱངས་ངེས་པའི་བྱ་དཀའ་བ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་གྲུབ་པའི་རབ་གནས་དགའ་སྟོན་གྱི་སྐབས་རྒྱལ་བློན་འབངས་བཅས་ཀྱིས་གླུ་བླངས་པའི་གླུ་ཚིག། བཀའ་གདམས་ཕ་ཆོས་དང་བུ་ཆོས་ནང་དུ་གསལ་བའི་མགུར་གླུ། རྗེ་བཙུན་མི་ལ་རས་པའི་གསུང་མགུར་སོགས་ལ་བརྟགས་ན། དུས་སྐབས་དེ་དག་གི་རིང་བོད་དུ་སྙན་ངག་གི་ཉམས་དང་ལྡན་པའི་མགུར་གླུ་མང་པོ་བྱུང་བར་གསལ་བཤད་བྱེད་ཐུབ། དེ་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས{{སྙན་ངག་མེ་ལོང}}དང{{སྐྱེས་རབས་དཔག་བསམ་འཁྲི་ཤིང}}བོད་སྐད་དུ་བསྒྱུར་ཞིང་། ལྷག་པར{{སྐྱེས་རབས་དཔག་བསམ་འཁྲི་ཤིང}}ནི་ཆོས་རྒྱལ་དགེ་བའི་དབང་པོས་མཛད་པའི་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པའི་རྩོམ་རིག་ཅིག་ཡིན་སྟབས། བོད་སྐད་དུ་བསྒྱུར་བ་པོ་རིག་གནས་ཀྱི་ཚད་ཧ་ཅང་མཐོ་པོ་ཞིག་མེད་ན་སྙན་ངག་གི་ཉམས་འགྱུར་དང་རྩོམ་པ་པོའི་བསམ་བློ་ལེགས་པར་མཚོན་མི་ཐུབ་པ་ཡིན་ཡང་། ཤོང་ལོས་བསྒྱུར་བའི{{དཔག་བསམ་འཁྲི་ཤིང}}ནི་རྩོམ་པ་པོ་རང་གིས་བརྩམས་པ་ལྟ་བུ་ལས་ལོ་ཙཱ་བས་བསྒྱུར་བའི་ཉམས་གཏན་ནས་མེད་པའི་འགྱུར་ཧ་ཅང་ལེགས་པོ་ཞིག་ཡོད་པ་དང་། གཞན་ཡང{{གཞོན་ནུ་དྲུག་གི་རྟོགས་བརྗོད}}ནི་མཁས་པ་འགའ་ཞིག་གིས་རྒྱ་གར་གྱི་སྙན་ངག་མཁན་རྒྱལ་བའི་སྡེས་བརྩམས་པ་བོད་ཀྱི་ལོ་ཙཱ་བས་བསྒྱུར་བ་ཡིན་ཞེས་གསུངས་ཤིང་། འགའ་ཞིག་གིས་བོད་ཀྱི་མཁས་པས་བརྩམས་པ་ཡིན་ཞེས་གསུངས་ཚུལ་མི་མཐུན་པ་ཡོད་པ་དེ་ནི་རྩོམ་ཡིག་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་སྟབས་ལོ་ཙཱ་བས་བསྒྱུར་བའི་རྩོམ་ཡིན་ན་ཚད་མཐོན་པོ་དེ་ཙམ་ཡོང་དཀའ་ལ་དགོངས་ནས་གསུངས་པ་ཞིག་ཡིན། གཞན་ཡང་བོད་ཀྱི་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་མཛད་པའི་སྙན་ངག་གི་འགྲེལ་པ་དང་། དཔེར་བརྗོད། རྩོམ་ཡིག་སོགས་ཧ་ཅང་མང་པོ་ཡོད་པས་མཚོན་ལོ་རྒྱུས་དང་དཀར་ཆག་གནད་བསྡུས་ཤིག་ཁོ་བོས་བྲིས་པའི{{སྙན་ངག་གི་སློབ་དེབ}}ནང་བཤད་ཟིན་པས་འདིར་བསྐྱར་ལྡབ་ཀྱིས་མ་བྲིས་སོ། །