༄༅། ། ཞོལ་འདོད་དཔལ།
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལས་ཁུངས་འདི་རྩེ་ཞོལ་འདོད་དཔལ་ནང་ཡོད་ཅིང་།
འདོད་དཔལ་བྱ་བའི་ཁང་པ་འདི་ནི་ཐོག་མར་མཚུར་ཕུ་བཀའ་རྒྱུད་ཞྭ་དམར་བའི་དགོན་པ་ཐོག་བརྩེགས་བཞི་ལྡན་ཞིག་ཡོད་པ་དེ་ཡིན་ལ།
ཕྱིས་ཉིས་ཐོག་ཏུ་ཕབ་སྟེ་བཟོ་ཁང་དུ་བསྒྱུར་བ་ལ་འདོད་དཔལ་ལས་ཁུངས་ཞེས་གྲགས་པ་ཡིན་འདུག
ལས་ཁུངས་འདི་ནི་ལག་ཤེས་བཟོ་ལས་པའི་འགོ་འདོམས་དོ་དམ་བྱེད་མཁན་དང་། ལག་ཤེས་བཟོ་གྲྭ་ཞིག་ཡིན་པ་འདིར་དོ་དམ་རྩེ་དྲུང(གནས་དྲུག་པ)གཉིས་དང་།
བཟོ་རིགས་ཁོངས་སུ་ལག་རྩལ་མཐོ་དམའི་གོ་རིམ་གྱི་དྲུང་ཏོག་གདན་ཐོབ་ཡོད་པའི་དབུ་ཆེ་ཆུང་སོགས་རིམ་པ་ཡོད་ཅིང་།
ལག་ཤེས་བཟོ་ལས་ཁོངས་གསེར་དངུལ་ཟངས་ལྕགས་ཀྱི་ལུགས་པ། དཀྲུག་པ། ལྕགས་དཀྲོལ། ཧྲོབ་ཚགས།
འཇམ་ཚགས། གསེར་དངུལ་ཏིར་ཚགས་སོགས་མདོར་ན་གསེར་དངུལ་ཟངས་ལྕགས་ཀྱི་བོད་ལུགས་མཁོ་ཆས་མ་ཚང་བ་མེད་པ་བཟོ་སྐྲུན་བྱེད་ཐུབ་པའི་ལག་རྩལ་མི་སྣ་མཁས་ཅན་བརྒྱ་ཕྲག་ཁ་ཤས་ཡོད་ཅིང་།
སྔ་དུས་སྤྱི་ལོའི་དུས་རབས་བཅུ་བདུན་པར་རྒྱལ་དབང་ལྔ་པའི་སྐུ་དུས་སུ་བཟོ་ལས་ཀྱི་སྒྲིག་གཞི་ཆགས།
རྒྱལ་དབང་བདུན་པའི་སྐུ་དུས་སུ་བཟོ་ལས་ཀྱི་ཚོགས་པ་བཙུགས་ནས་དེར་འདོད་འཇོའི་དཔལ་འཁྱིལ་ཞེས་བཏགས།
བཟོ་ལས་ཐད་གསེར། ཟངས། ལྕགས་བཅས་ཀྱི་བཟོ་དང་། ཞར་བྱང་དུ་ཤིང་བཟོ་བ་འགའ་ཤས་ཀྱང་ཡོད། ཁྱོན་བཟོ་པ་མི་གྲངས་བརྒྱ་ལྷག་ཙམ་ལ།
སྤྱིའི་དབང་འཛིན་པ་ནི་སོ་སོའི་ལག་རྩལ་མཁས་ཅན་རིམ་པས་བྱས་པ་དང་དེ་མིན་ལས་རིགས་སོ་སོར་ཡང་བཟོ་པ་རེ་ཡོད།
ལས་རིགས་དེའི་ཁོངས་སུ་མིན་པའི་ཕྱིའི་བཟོ་པས་ལོ་རེར་འདོད་དཔལ་ལ་བོགས་མ་ཕུལ་ཏེ། དེའི་འོག་ཏུ་ཞུགས་ནས་ལག་ཤེས་བཟོ་ལས་བྱས་ཆོག་པ་ལས།
དེ་འོག་འདུས་མི་དགོས་པར་ལྐོག་ཏུ་གྲོང་དང་གྲོང་ཁྱེར་ཁག་ལ་ལས་ཀ་བྱས་ན་ཚོགས་པ་དེས་ཉེས་ཆད་གཅོད་པའི་དབང་ཆ་ཡོད།
ཞོལ་འདོད་དཔལ་ནས་བཞེངས་པ་པོ་ཏ་ལ་ཚེ་དཔག་ལྷ་ཁང་ནང་ཚེ་དཔག་སྟོང་སྐུ། གཟིམ་ཆུང་ཉི་འོད་ནང་ཡོད་པ་ཛེཀྵིམ་གྱི་སྒྲོལ་མ་ཉེར་གཅིག་དེ་དང་ཁྱད་མེད་སྒྲོལ་མ་ཉེར་གཅིག་བཀྲས་ལྷུན་ནང་ཡོད།
པོ་ཏ་ལའི་གཟིམ་ཆུང་དང་མཆོད་ཁང་ཁག་གི་ལྕགས་ཁྲ་སྟེང་བཀྲོལ་འོག་བཀྲོལ་ཡོད་པ། རབ་བྱུང་བཅུ་གསུམ་པའི་མེ་འབྲུག(༡༧༩༦)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་བཀའ་ལྟར་གཟིམ་ཆུང་ཕུན་ཚོགས་འདོད་འཁྱིལ་དུ་བཞུགས་རྒྱུའི་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉི་ཤུ་རྩ་གཅིག་ཛེཀྵིམ་ལས་གྲུབ་པ་དང་།
དེའི་ཕྱི་ལོ་གཟིམ་ཆུང་བཀའ་གདམས་ལྷ་ཁང་ནང་གི་ལམ་རིམ་བླ་རྒྱུད་དང་། སྨྱུང་གནས་བླ་རྒྱུད།
གནས་བརྟན་བཅུ་དྲུག་བཅས་ཀྱི་གསེར་སྐུ་རྣམས་ཞོལ་འདོད་དཔལ་བཟོ་ཁང་ནས་བཞེངས་ཚུལ་རྣམ་ཐར་དུ་གསལ།