无障碍阅读 关怀版

༄༅། ། བློ་གསར་ལ་འཇུག་པའི་ས་སྐྱ་ལེགས་བཤད་ཀྱི་འགྲེལ་གསར་བཞུགས་སོ། ། (ཚན་བཤུས།)

དུས་ཚོད། 2020-10-12 རྩོམ་པ་པོ རྩོམ་སྒྲིག

མཁས་པ་བརྟགས་པ། (ཁག་དང་པོ།)

རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །

འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །

དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །

བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །

ཞེས་རིག་པས་དཔྱད་ཡུལ་ཆོས་དང་འཇིག་རྟེན་གྱི་བྱ་བ་གཞན་རྣམས་ལ་རྩོམ་པ་པོས་ལུང་དང་རིག་པ་དཔྱད་པ་གསུམ་གྱི་སྒོ་ནས་ལེགས་པར་དཔྱད་དེ་ལེགས་བཤད་འདི་གཏན་ལ་ཕབ་སྟེ་བརྩམས་ནས་ཆོས་ཀྱི་ལུགས་དང་མི་འགལ་ཞིང་། འཇིག་རྟེན་མི་ཆོས་ཡ་རབས་ལུགས་ཀྱི་བྱ་བ་ཀུན་ནས་ལེགས་པར་བསྒྲུབ་པ་སྔོན་བྱོན་སྐྱེ་བོའི་མཚན་དམ་པ་རྣམས་ཀྱི་སྤྱོད་ཚུལ་བཟང་པོ་ཇི་འདྲ་བ་དེ་བཞིན་དུ་བཤད་པའི་ལེགས་བཤད་འདིར། སློབ་པར་འདོད་པའི་དོན་གཉེར་ཅན་དག་གི་རེ་བ་ཡིད་བཞིན་སྐོང་བ་ལས་དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར་ལེགས་བཤད་རིན་ཆེན་གཏེར་ཞེས་བྱ་བར་གོ །

མཁས་པ་ཡོན་ཏན་མཛོད་འཛིན་པ། །

དེ་དག་ལེགས་བཤད་རིན་ཆེན་སྡུད། །

རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །

ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །

ཅེས་མཁས་པ་ཡོན་ཏན་ཕུན་སུམ་ཚོགས་པའི་བློ་གྲོས་ཀྱི་བང་མཛོད་འཛིན་པ་དེ་དག་གིས་ནི། ལེགས་བཤད་གང་ཞིག་ཡིན་རུང་ལེགས་བཤད་ཉིད་དུ་ཤེས་ནས་རང་གི་བློའི་བང་མཛོད་ནང་དུ་སྡུད་པར་བྱེད་པའམ་ལེན་པར་བྱེད་པ་སྟེ། དཔེར་ན་་རྒྱ་མཚོ་ཆེན་པོ་ནི་ཆུ་ཡི་གཏེར་ལྟ་བུ་ཡིན་ནའང་ཆུ་ཕྲན་ཐམས་ཅད་དེར་འབབ་འགྲོ་བ་བཞིན་ནོ། །

སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །

བླང་དོར་བློ་གྲོས་ལྡན་པ་མཁས། །

རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །

ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །

ཞེས་སྐྱེ་བོ་ཕ་རོལ་པོ་ཡོན་ཏན་ཡོད་པ་དང་མེད་པ་གཉིས་ཀྱི་ཡོན་ཏན་དང་སྐྱོན་གཉིས་དབྱེ་བ་སོ་སོར་ཕྱེ་ནས་ཡོན་ཏན་ལེན་ཞིང་སྐྱོན་དོར་བའི་གནས་ལ་བློ་གྲོས་དང་ལྡན་པ་དེ་མཁས་པ་ཡིན་ཏེ། དཔེར་ན། རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས་ཁབ་ལེན་རྡོ་ཡིས་དབྱེ་བ་འབྱེད་པ་སྟེ་ལེན་པར་བྱེད་ཅིང་རྡུལ་རྣམས་རང་སར་དོར་བར་བྱེད་པ་ལྟར་རོ། །

ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །

གོ་ཡི་བླུན་པོས་དེ་ལྟ་མིན། །

ཉི་མའི་འོད་ཟེར་ཤར་བ་ན། །

འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །

ཞེས་མཁས་པ་ནི་ལེགས་ཉེས་དཔྱོད་པའི་བློ་གྲོས་དང་ལྡན་པ་ཡིན་སྟབས་གཞན་གྱི་ལེགས་པར་བཤད་པ་གང་དག་ལེགས་བཤད་ཁོ་ནར་གོ་ཞིང་། བླུན་པོས་ནི་དེ་ལྟར་གོ་བ་མིན་ཏེ། དཔེར་ན་ཉི་མ་ཤར་བའི་འོད་སྣང་ཀུན་ལ་གསལ་རུང་བྱ་འུག་པའི་སྣང་ངོར་གོ་ལྡོག་སྟེ་འོད་སྣང་མུན་པར་གྱུར་ནས་ལོང་བ་དང་འདྲ་བ་དེ་བཞིན་ནོ། །

ཤེས་རབ་ལྡན་པས་ཉེས་པ་དག །

སེལ་བར་ནུས་ཀྱི་བླུན་པོས་མིན། །

ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །

གསོད་པར་ནུས་ཀྱི་ཁྭ་ཏས་མིན། །

ཞེས་ཤེས་བྱ་རིག་པའི་གནས་ལ་མཁས་པའི་སྐྱེ་བོ་རྣམས་ཀྱིས་ཉེས་པ་གང་ཞིག་བྱུང་ནའང་ཉེས་སྐྱོན་དེའི་རྒྱུ་རྐྱེན་དང་སེལ་ཐབས་བཅས་ཤེས་པའི་དབང་གིས་ཉེས་པ་དེ་དག་སེལ་བར་ནུས་ཤིང་། བླུན་པོ་ནི་ཉེས་སྐྱོན་སེལ་ཐབས་ལ་བློ་རྨོངས་པའི་དབང་གིས་ཉེས་སྐྱོན་དེ་དག་སེལ་མི་ཐུབ་པ་སྟེ། དཔེར་ན་བྱ་ཁྱུང་གིས་དུག་སྦྲུལ་གསོད་ཐུབ་པ་ལས་བྱ་ཁྭ་ཏས་དུག་སྦྲུལ་གསོད་གང་ནས་ཐུབ་པ་ཅེས་པ་ལྟར་རོ། །

བློ་གྲོས་ཆེན་པོ་རྒུད་ན་ཡང་། །

ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །

རི་དྭགས་རྒྱལ་པོ་བཀྲེས་པ་ན། །

གླང་ཆེན་སྤྱི་བོ་མྱུར་དུ་འགེམས། །

ཞེས་ཤེས་བྱ་ཡོན་ཏན་གྱི་ནུས་རྩལ་ཆེན་པོ་དང་ལྡན་པ་གང་ཞིག་རྒུད་དེ་རེ་ཞིག་ཉམས་ཉེས་སུ་གྱུར་ནའང་རྒུད་པ་སླར་གསོ་བའི་ཐབས་ཤེས་བློ་གྲོས་སྔར་བས་སྟོབས་ལྡན་དུ་འགྱུར་བ་སྟེ། དཔེར་ན་རི་དྭགས་རྒྱལ་པོ་སེང་གེ་བཀྲེས་ཤིང་ལྟོགས་པའི་དུས་སུ་སེང་གེས་གླང་ཆེན་གྱི་སྤྱི་བོའམ་མགོ་རུས་དུམ་བུར་བཏང་སྟེ་ཤ་ཁྲག་བཟའ་འཐུང་གིས་བཀྲེས་ལྟོགས་ཀྱི་རྒུད་པ་སེལ་བ་བཞིན་ནོ།།

རིག་པ་ནང་པར་འཆི་ཡང་བསླབ། །

ཚེ་འདིར་མཁས་པར་མ་གྱུར་ཀྱང་། །

སྐྱེ་བ་ཕྱི་མར་བཅོལ་བ་ཡི། །

ནོར་ལ་རང་ཉིད་ལེན་དང་མཚུངས། །

ཞེས་རིག་པའི་གནས་ལ་ནངས་པར་ཏེ་སང་ཞོགསའཆི་བའི་དབང་དུ་བཏང་ནའང་དེ་རིང་བསླབ་པར་བྱ་ཞིང་། ཚེ་འདིར་མཁས་པར་མ་གྱུར་ཀྱང་ཚེ་ཕྱི་མར་རིག་པ་དེ་དག་ནོར་བཅོལ་བ་ལྟར་ལེན་རྒྱུ་ཡོད་པ་དང་འདྲའོ། དེའང་ཚེ་འདིར་རིག་པ་བསླབ་པའི་བག་ཆགས་སེམས་ལ་བཞག་པ་དེ་སྐྱེ་བོ་ཕྱི་མར་རྐྱེན་དང་འཕྲད་ན་བག་ཆགས་སད་ནས་བདེ་བླག་ངང་ཤེས་ཐུབ་པར་བཤད་དོ།

རྩོམ་སྒྲིག་འགན་འཁུར་བ།  གདུགས་དཀར་ཚེ་རིང་། སྐྱིད་ལུས།