༄༅། ། བློ་གསར་ལ་འཇུག་པའི་ས་སྐྱ་ལེགས་བཤད་ཀྱི་འགྲེལ་གསར་བཞུགས་སོ། ། (ཚན་བཤུས།)
མཁས་པ་བརྟགས་པ། (ཁག་གཉིས་པ)
ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །
མ་བསྡུས་པར་ཡང་རང་ཉིད་འདུ། །
དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། །
བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །
ཞེས་ཡོན་ཏན་དང་ལྡན་པ་ཞིག་ཡིན་ན། དེའི་སྙན་གྲགས་རང་ཤུགས་སུ་ཁྱབ་སྟེ་སྐྱེ་བོ་གཞན་ཀུན་ཡིད་དབང་འཕྲོགས་ནས་ཡོན་ཏན་ཅན་དེའི་སར་སྐུལ་ཞིང་བོས་པ་མ་ཡིན་ནའང་རང་རྟོགས་ཀྱིས་འདུ་ཟེར་རོ།
དཔེར་ན། སྦྲང་རྩིའི་རོ་བཅུད་ལྡན་པའི་མེ་ཏོག་གི་དྲི་ཞིམ་དེ་ཉིད་རླུང་གིས་རྒྱང་རིང་དུ་འཁྱེར་ཏེ་བུང་བས་ཚོར་ནས་མེ་ཏོག་དེའི་སར་སྤྲིན་པ་ནམ་མཁར་འཁོར་བ་བཞིན་བུང་བ་རྣམས་རང་ཤུགས་སུ་འཁོར་ཡོང་བ་ལྟ་བུའོ།
།
མཁས་པ་ཡོན་ཏན་ཀུན་བསླབས་པ། །
མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །
བློ་ངན་ཤེས་པ་མང་ན་ཡང་། །
རྒྱུ་སྐར་བཞིན་དུ་གསལ་མི་ནུས། །
ཞེས་ཡོན་ཏན་ཀུན་ལ་བསླབས་པའི་མཁས་པ་མཐར་ཕྱིན་པ་གཅིག་གིས་ཀྱང་འཇིག་རྟེན་ཕན་བདེས་སྐྱོང་བའི་ཐབས་ཚུལ་བླང་དོར་གྱི་གནས་གསལ་བར་སྟོན་པའི་འོད་སྣང་གིས་སྐྱེ་བོ་བློ་རྨོངས་རྣམས་ཀྱི་མུན་པ་གསལ་ཞིང་།
དེ་ལས་ལྡོག་པའི་བློ་ངན་གྱི་ཤེས་པའི་རྣམ་གྲངས་མང་ན་ཡང་གཞན་ཕན་གྱི་ཀུན་སློང་དམན་པས་མཁས་པའི་ཡོན་ཏན་གྱི་འོད་ལྟ་བུའི་འགྲམ་ན་བློ་ངན་གྱི་ཤེས་པ་རྒྱུ་སྐར་དང་འདྲ་བས་གསལ་བར་མི་ནུས་པ་བཞིན་ནོ།
མཁས་པ་ཡོན་ཏན་དཔག་མེད་ཀྱང་། །
གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །
དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །
མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །
ཞེས་ཤེས་བྱ་རིག་པའི་གནས་ལ་མཆོག་ཏུ་གྱུར་བ་ཞིག་ཡིན་ནའང་དེ་བས་གོང་དུ་སྤེལ་བའི་ཕྱིར་གཞན་གྱི་ཤེས་ཡོན་ཆུང་ངུ་ཞིག་ཡིན་རུང་ལེན་པར་བྱེད་ཅིང་།
དེ་ལྟར་རྒྱུན་དུ་སྤྱད་པའམ་འབད་བརྩོན་བྱས་པ་ཡིན་ན་མགྱོགས་ནས་མྱུར་དུ་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱའི་གནས་ཐམས་ཅད་མ་ལུས་པར་མཁྱེན་པའམ་ཤེས་པར་འགྱུར་རོ།
མཁས་པ་ཤེས་རབ་ཀྱིས་བསྲུང་ན། །
དགྲ་བོ་མང་ཡང་ག་ལ་ཚུགས། །
འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །
གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ། །
ཞེས་ཐབས་ལ་མཁས་པའི་ཤེས་རབ་ཀྱིས་རང་ཉིད་བསྲུང་བ་ཡིན་ན་དགྲ་བོ་མང་པོ་ཞིག་ཡོད་ནའང་གནོད་ག་ལ་ཐུབ།
དཔེར་ན། སྔར་རྒྱ་གར་གྱི་ཡུལ་འཕགས་རྒྱལ་ཞེས་བྱ་བའི་གྲོང་ཁྱེར་གྱི་བྲམ་ཟེའི་རིགས་ཀྱི་བུ་གཙུག་ཕུད་ཅན་གཅིག་པུས་མིའུ་ཐུང་ཁ་པ་ར་ཟེར་བའི་རྐུན་པོ་སོགས་དགྲ་བོའི་ཚོགས་ཀུན་བཅོམ་པ་རེད་ཅེས་པ་ལྟར་རོ།
ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །
བྱ་བའི་ཆ་ལ་རྨོངས་མི་འགྱུར། །
སྲོག་ཆགས་གྲོག་མར་མིག་མེད་ཀྱང་། །
མིག་ལྡན་གཞན་ལས་ལྷག་པར་མགྱོགས། །
ཞེས་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་དང་ལྡན་པ་ནི།
མི་གཞན་གྱིས་མགོ་སྐོར་གཏོང་ཐབས་ཅི་འདྲ་ཞིག་བྱས་རུང་རང་ཚུགས་ལྡན་པའི་བྱ་བ་བྱེད་རྒྱུའི་ཐད་བློ་རྨོངས་པར་མི་འགྱུར་བ་དཔེར་ན།
སྲོག་ཆགས་གྲོག་མར་མིག་མེད་ཀྱང་རང་ཉིད་དང་སྟོབས་མཚུངས་པའི་འབུ་སྲིན་མིག་ལྡན་པ་གཞན་པ་རྣམས་ལས་ལྷག་ཏུ་མགྱོགས་པ་ཡོད་པ་བཞིན་ནོ།
བློ་གྲོས་ལྡན་པ་གཉིས་བགྲོས་ན། །
བློ་གྲོས་ལེགས་པ་གཞན་འབྱུང་སྲིད། །
ཡུང་བ་དང་ནི་ཚྭ་ལ་ལས། །
ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། །
ཞེས་བློ་གྲོས་དང་ལྡན་པ་གཉིས་སོ་སོའི་ངོས་ཀྱི་བློ་གྲོས་ཕྱོགས་སྡུད་ཀྱིས་བསམ་གྲོས་བྱས་པ་ཡིན་ན་དེ་བས་ལེགས་པའི་བློ་གྲོས་གཞན་ཞིག་འབྱུང་སྲིད་པ་སྟེ།
དཔེར་ནཡུང་བ་དང་ཚྭ་ལ་གཉིས་གཅིག་ཏུ་འདྲེས་སྦྱོར་བྱས་ན་སོ་སོའི་ཁ་དོག་དང་མི་འདྲ་བའི་ཁ་དོག་གཞན་ཞིག་ཐོན་ཐུབ་པ་ལྟར་རོ།
།
ཁོང་མཛངས་བསོད་ནམས་བསགས་པའི་མི། །
གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །
རི་དྭདགས་རྒྱལ་པོ་སེང་གེ་དང་། །
འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས། །
ཞེས་སྔོན་བསགས་བསོད་ནམས་དགེ་བའི་ལས་དབང་གིས་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོ་རྩོལ་མེད་རང་བཞིན་དུ་བྱུང་ནས་དེ་ཡི་མཐུ་ནུས་ལས་རིམ་བཞིན་གླིང་བཞི་ལྷ་གནས་དང་བཅས་པར་སྔར་དབང་སྒྱུར་མཁན་གྱི་རྒྱལ་པོ་བྱུང་བ་དེ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་པར་བཤད་དོ།
།
ཐབས་ལ་མཁས་ན་ཆེན་པོ་ཡང་། །
བྲན་དུ་བཀོལ་བར་ག་ལ་དཀའ། །
མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། །
གོས་སེར་ཅན་གྱི་བཞོན་པར་འགྱུར། །
ཞེས་ཐབས་ལ་མཁས་པའི་བློ་གྲོས་དང་ལྡན་པ་ཞིག་ཡིན་ཚེ་ཕ་རོལ་པོ་མཐུ་སྟོབས་དང་ནུས་རྩལ་ཆེན་པོ་གང་འདྲ་ཞིག་ཡིན་རུང་རང་གི་བྲན་དུ་བཀོལ་བར་དཀའ་ངལ་མེད་དེ་དཔེར་ན།
དཔེར་ན། བྱ་ཁྱུང་ནི་སྟོབས་ནུས་ཆེས་ཆེར་ལྡན་པ་ཞིག་ཡིན་རུང་ལྷ་ཁྱབ་འཇུག་གིས་གཡོག་ཏུ་བཀོལ་ནས་བཞོན་པར་གྱུར་བ་ལྟར་རོ།
།
འཇིག་རྟེན་འདི་དང་ཕ་རོལ་གྱི། །
བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །
རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། །
བྲན་བཟང་འདི་དང་ཕྱི་མར་བསྐྱབས། །
ཞེས་འཇིག་རྟེན་འདི་ཞེས་པ་ཚེ་འདི་དང་ཕ་རོལ་ཞེས་པ་ཚེ་ཕྱི་མར་ཟེར་ཞིང་།
ཚེ་འདི་ལ་བདེ་བ་དང་། ཚེ་རབས་ཕྱི་མ་རྣམས་སུ་གཏན་དུ་བདེ་བའི་ཐབས་བསྒྲུབ་པ་དེ་ནི་ཤེས་རབ་ཟེར་ཞིང་།
དཔེར་ན། དེའང་སྔར་རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས་བྲན་བཟང་ངམ་རྒྱལ་བུ་རྐང་ཁྲ་ཞེས་པ་མི་གསོན་པོར་བཟའ་བའི་སྡིག་ཉེས་ཚབས་ཆེན་ལས་ལྡོག་ཏུ་བཅུག་སྟེ་ཚེ་འདི་ཕྱི་གཉིས་ཀར་བདེ་བ་དང་ལྡན་པར་བྱས་ནས་བསྐྱབས་པའི་དཔེ་ལྟར་རོ།
།
དཔའ་ཞིང་མཐུ་རྩལ་ཆེ་ན་ཡང་། །
མཁས་པ་མིན་པས་དཔའ་མི་ཐོབ། །
འབྱོར་བ་ཐོབ་པར་གྱུར་ན་ཡང་། །
བསོད་ནམས་མེད་ན་ག་ལ་རྟག།
ཅེས་དཔའ་བོའི་སྙིང་སྟོབས་ལྡན་ཞིང་མཐུ་རྩལ་ཆེན་པོ་ཡོད་པའི་མི་ཞིག་ཡིན་ནའང་དེར་མཁས་པའི་བློ་གྲོས་དང་ལྡན་མེད་ན་སྙིང་སྟོབས་དང་མཐུ་ནུས་ཙམ་གྱིས་དགྲ་ལས་རྣམ་པར་རྒྱལ་མི་ཐུབ་ལ་དཔའ་མཛངས་གཉིས་ལྡན་གྱི་དཔའ་བོའི་མིང་གྲགས་ཀྱང་ཐོབ་མི་ཐུབ་པ་དཔེར་ན།
ནོར་ལོངས་སྤྱོད་ཀྱི་འབྱོར་པ་ཐོབ་པར་གྱུར་ན་ཡང་སྔོན་བསགས་དགེ་བའི་ལས་ཀྱི་བསོད་ནམས་མེད་ན་འབྱོར་པ་དེ་ཉིད་རྟག་པར་མི་གནས་པར་འཇིག་པའམ་ཉམས་པར་འགྱུར་བ་ལྟར་རོ།
།
རྩོམ་སྒྲིག་འགན་འཁུར་བ། གདུགས་དཀར་ཚེ་རིང་།
སྐྱིད་ལུས།



