无障碍阅读 关怀版

ཁ་བཏགས།

དུས་ཚོད། 2020-10-12 རྩོམ་པ་པོ རྩོམ་སྒྲིག

ཁ་བཏགས་ནི་ཕྱེ་མར་ལས་ཀྱང་བེད་སྤྱོད་མང་བའི་དངོས་རྫས་ཤིག་སྟེ་ཕྱེ་མར་དང་ཡང་མི་འདྲ་བའི་བཀྲ་ཤིས་པ་དང་། བཀྲ་མི་ཤིས་པ་སོགས་ལ་དགོས་པའི་འགྲོ་ཁོངས་རྒྱ་ཆེ་སྟེ། ཁ་བཏགས་འདི་ཡང་གནའ་དུས་བོན་ལུགས་ལས་དར་ཟེར་ཡང་དེ་སྔ་བོད་ལ་དར་གོས་འཐག་པའི་ལག་རྩལ་དར་སྲོལ་མེད་པས་དོན་ལ་གནས་མིན་མ་ངེས་ཀྱང་སྔ་མོ་ཁ་བཏགས་ཀྱི་དོད་ལ་བལ་སྤྱོད་སྲོལ་ཡོད་པར་གྲགས་པ་འདི་ཡང་དཔྱད་གཞིར་འཛིན་འོས་པ་ཤིག་ཡིན་སྙམ་པ་སྟེ། སྔར་རྒྱལ་པོ་སྤུ་དེ་གུང་རྒྱལ་དུས་“འཕྲུལ་གཤེན་བལ་ཐོད་ཅན”ཞེས་བོང་རྗའི་རྣ་བ་ཅན་གྱི་གཤེན་གྱི་གདུང་རྒྱུད་བྱིས་པ་ཞིག་གི་བོང་རྣ་སྒྲིབ་བྱེད་དུ་བལ་གྱི་ལ་ཐོད་བཅིངས་པར་གྲགས་ལ་དེང་གི་ཆར་ཡང་ཞིང་འབྲོག་དུ་ལོ་གསར་གཏོང་བའི་ཚེ་ཆང་སྣོད་དང་།ཆུ་སྣོད་སོགས་ལ་བལ་གྱི་འཆིང་དཀྲི་བ་མཐོང་རྒྱུ་ཡོད་པའི་ཐོག་ནས་སྔ་དུས་བོན་ལུགས་ཀྱི་བལ་གཡོག་སྲོལ་དེ་རིམ་བཞིན་དར་བ་དང་། ཁ་བཏགས་བེད་སྤྱོད་སྲོལ་དུ་གྱུར་པ་མིན་ནམ་སྙམ། ཡང་རྒྱ་ནག་དང་སོག་ཡུལ་དུ་གནའ་རབས་ཀྱི་ལུགས་སྲོལ་ལ་དར་གོས་ཡུག་ཆེན་ཕྱག་རྟགས་སུ་འབུལ་བ་དེ་རྗེས་སོར་རིམ་པས་ཁུ་བསྡུས་སུ་སོང་སྟབས་དར་དཀར་ཁ་འཛར་ཡོད་པ་དེ་ཐུག་པ་ཡིན་ཙང་ཁ་བཏགས་ཞེས་མིང་བཏགས་དེ་བོད་དུ་ཡང་ཁ་བཏགས་འབུལ་སྲོལ་དེ་གོམས་སྲོལ་དུ་ཆགས་པ་ཡིན་ཚོད།

སྤྱིར་ཁ་བཏགས་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་ཚིག་མཛོད་ཁག་ནང་གསལ་ཁ་དར་རམ་འཇལ་དར་དང་། ལྷ་རྫས་སོགས་ཐ་སྙད་མི་འདྲ་བ་འབོད་སྲོལ་འདུག། ཁ་བཏགས་ལ་ནང་གསེས་རིགས་མི་འདྲ་བ་བརྒྱད་ཙམ་ཡོད་པ་ལས། ༡ ནང་མཛོད། ༢ སོག་དར། ༣ བར་མཛོད། ༤ ཨ་ཤི། ༥ཟུབ་ཕྱི། ༦ ཕྱི་མཛོད། ༧ ཁ་བསོད་དམ་བསོད་བཏགས། ༨ ཁ་ཕྱིའམ་དྲིན་ཕྱི་དུས་ཕྱིས་ཐོན་པ་ཨ་འདྲའམ་ཟུབ་ཕྱི་ཆུ་རིས་ཅན་དེ་ཨ་ཤི་ལས་ཞན་པ། ཟུབ་ཕྱི་ལས་ལེགས་པར་བརྩིའོ། ཁ་བཏགས་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ནི་བཤད་སྲོལ་ལ་བླ་དཔོན་སོགས་མཇལ་འཕྲད་ཞུ་བའི་ཐོག་མར་སྐྱབས་འཇུག་ཞུ་བའི་གཏམ་གྱི་སྔོན་འགྲོར་ཁ་ནས་གླེང་དགོས་པའི་དོན་དེ་ནག་ནོག་དྲི་མས་མ་གོས་པའི་དར་དཀར་ལྟར་ལྷད་མེད་ཡིན་པ་མཚོན་དོན་དུ་བཏགས་ཏེ་སྔོན་དུ་གཏོང་བ་ཡིན་པས་ཁ་བཏགས་ཞེས་བྱ་བ་ཡིན་ཟེར་ལ། སྔ་རབས་ཀྱི་འབོད་སྲོལ་ནི་དར་ཚོན་སྣ་ལྔའམ་དར་དཀར་རམ། དར་དམར་སོགས་དར་གོས་རྒྱུ་ལས་གྲུབ་པའི་ཐ་སྙད་ལས་བཏགས་ཟེར། ཁ་བཏགས་འདི་རྟེན་འབྲེལ་དགའ་སྟོན་གྱི་སྐབས་སུ་དགོས་པ་མ་ཟད། ལྷ་ཁང་ཁག་ལ་མཆོད་མཇལ་ཞུ་སྐབས་ལྷ་སྐུར་སྒྲོན་རྒྱུའི་ཁ་བཏགས་ལ་སྙན་དར་རམ་སྙན་ཤལ་ཞེས་བརྗོད་ཅིང་། བླ་མ་མཇལ་སྐབས་དང་། དཔོན་པོར་བདེ་སྡུག་ཞུ་སྐབས། ཕ་མ་ཕྲུ་གུའི་བར་སྤུན་ཉེ་ལྟོས་བཅས་བར། དགའ་ཉེ་བློ་དཀར་ཕན་ཚུན་བར། མདོར་ན། འགྲུལ་པ་ཐོན་རྗེས་གདན་ཐོག་ཁ་བཏགས་བཞག་པར་གདན་དར་ཞེས་པ་སོགས་ཁག་བཏགས་འགྲོ་ཁོངས་ཧ་ཅང་མང་ངོ། ཁ་བཏགས་འདི་བཞིན་བཀྲ་ཤིས་པའི་རྟེན་འབྲེལ་གྱི་རིགས་ལ་བེད་སྤྱོད་པ་ཙམ་དུ་མ་ཟད། བཀྲ་མི་ཤིས་པའི་རྐྱེན་ངན་བྱུང་བར་ཡང་བེད་སྤྱོད་པའི་ཐོག་མའི་ལོ་རྒྱུས་ཀྱང་། སྔོན་དུས་ཕན་ཚུན་གཅིག་སེམས་གཅིག་ལ་དཀར་བའི་གྲོགས་པོ་དབུལ་ཕྱུག་གཉིས་ཡོད་པ་ལས་དུས་ནམ་ཞིག་གི་ཚེ་གྲོགས་པོ་ཕྱུག་པོ་དེ་འདས་གྲོངས་སུ་གྱུར་སྐབས་གྲོགས་པོ་དབུལ་བ་དེ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཞིང་གཞན་གྱི་བྱ་ཐབས་ཟད་དེ་རང་ཉིད་ཀྱི་བ་ཕྱུགས་འདོག་བྱེད་ཀྱི་བལ་དཀར་པོ་ལས་བཟོས་པའི་ཐག་པ་དེ་གྲོགས་པོ་ཤི་བ་དེའི་སྐེ་ལ་གཡོགས་ཏེ་སེམས་པ་དཀར་བའི་ལྷག་བསམ་མཚོན་པར་བྱས། དེ་ནས་བཟུང་རྐྱེན་ངན་འབྱུང་སྐབས་བལ་སྣལ་མའམ། ཁ་བཏགས་ཐོན་རྗེས་མི་ཤི་བའི་རོ་ལ་ཁ་བཏགས་གཡོགས་པར་སྦུ་དར་ཞེས་བརྗོད་སྲོལ་ཆགས་པ་ཡིན། (བོད་ཀྱི་དམངས་སྲོལ་གཅེས་བཏུས་ལས་ཚན་བཤུས་བྱས)

རྩོམ་སྒྲིག་པ།  གདུགས་དཀར་ཚེ་རིང་། སྐྱིད་ལུས།