༄༅། ། ཤེལ་གྲོང་འབྲོང་རྩེད།
ཤེལ་གྲོང་འབྲོང་རྩེད་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་ཤེལ་གྲོང་གྲོང་ཚོའི་ཁུལ་དུ་དམིགས་བསལ་དར་ཁྱབ་བྱེད་པའི་དམངས་ཁྲོད་གླུ་གར་ཞིག་རེད། དེ་ལ་རྒྱུན་རིང་བའི་ལོ་རྒྱུས་དང་། སྒྱུ་རྩལ་ཁྱད་ཆོས། མིག་དབང་འཕྲོག་པའི་ལྟད་མོ་སོགས་ས་གནས་རང་བཞིན་གྱི་དགེ་མཚན་དུ་མ་ལྡན་པ་དེའི་ཐོག་ནས་དཀའ་སྤྱད་ལ་ཞུམ་པ་མེད་ཅིང་ལས་ལ་བརྩོན་པ། གླུ་གར་ལ་དགའ་མོས་ཆེ་བའི་ཤེལ་གྲོང་ངལ་རྩོལ་མི་དམངས་ཀྱི་སྤྲོ་སྣང་དང་བློ་སྟོབས་གསལ་མཚོན་བྱས་ཡོད།
དང་པོ། ཤེལ་གྲོང་འབྲོང་རྩེད་ཀྱི་ལོ་རྒྱུས།
བོད་ལ་འབྲོང་རྩེད་ཀྱི་རིག་རྩལ་དར་ནས་ད་ཕན་མི་ལོ་ག་ཚོད་ཙམ་སོང་ཡོད་མིན་ཐད་ལ་ཞིབ་ཕྲའི་དཔྱད་ཞིབ་མེད་པས་འདི་གར་ཁོ་བོས་གང་བྱུང་གི་ཁ་མཚོན་གཅོད་པར་དཀའ་ཡང་། འབྲོང་རྩེད་འཁྲབ་སྐབས་ཨ་རའི་རྣམ་ཐར་ནང་ང་ཨ་ར་རྒན་པོ་དང་ཕོ་འབྲོང་མོ་འབྲོང་གཉིས།བསམ་ཡས་དགོན་གྱི་གསར་བཞེངས་མཛད་སྒོར་བཞུགས་མྱོང་ལ། ཁམས་གསུམ་སྲས་མཁར་གླིང་གི་གསར་བཞེངས་མཛད་སྒོར་བཞུགས་མྱོང་། པོ་ཏ་ལ་ཡི་གསར་བཞེངས་མཛད་སྒོར་ཡང་བཞུགས་མྱོང་ཞེས་བརྗོད་སྲོལ་འདུག་ལ། དེང་གི་དུས་སུའང་བསམ་ཡས་དགོན་པ་དང་གཙུག་ལག་ཁང་གི་ལྡེབས་བྲིས་རྙིང་པ་འགའ་ཞིག་ཐོག་ཏུ་འབྲོང་རྩེད་འཁྲབ་སྟོན་བྱེད་པའི་རི་མོ་འཁོད་འདུག མ་གཞི་ལོ་ཟླ་མང་པོ་སོང་བར་བརྟེན། ལྡེབས་བྲིས་རྙིང་པ་དེ་དག་ཕྱིས་སུ་ཉམས་གསོ་བྱས་ཡོད་པ་བདེན་མོད། ཉམས་གསོའི་སྔོན་འགྲོ་ནི་གནའ་སྲོལ་སྲུང་སྐྱོབ་དང་གཏོར་བཤིབ་མ་ཐེབས་པ་བྱ་རྒྱུ་དེ་ཡིན་སྲིད་ན། འབྲོང་རྩེད་བོད་དུ་དུས་རབས་བརྒྱད་པའི་སྐབས་ནས་དར་ཟིན་པ་ནི་སྨྲོས་མེད་རང་ཡིན་སྙམ། ཤེལ་གྲོང་འབྲོང་རྩེད་ཀྱི་རིག་རྩལ་འཁྲབ་སྟོན་འདི་དུས་ནམ་ཞིག་ལ་གྲོང་ཚོ་དེའི་ནང་དར་ཡོད་མེད་གསལ་ཆ་མེད་རུང་། ད་ལྟའི་ཡུལ་མི་རྒན་གྲས་ཚོའི་ཤོད་རྒྱུན་ལ་གཞིགས་ཚེ།རྒྱལ་བ་སྐུ་ཕྲེང་ལྔ་པའི་དུས་སུ་ཤེལ་རོང་འབྲོང་རྩེད་ལ་བརྩི་མཐོང་ཧ་ཅང་ཆེན་པོ་བྱེད་པ་མ་ཟད། དེའི་རིང་འབྲོང་རྩེད་འཁྲབ་མི་བདུན་པོར་ཆེད་དུ་འབྲོང་ཞིང་ཞེས་པའི་ས་ཞིང་སོན་ཁལ་ལྔ་འགྲོ་བའི་ས་ཆ་དབང་ཡོད་པ་དང་། དེ་ཡི་ཁྲལ་ལ་ལོ་རེའི་དམིགས་བསལ་གྱི་དགའ་སྟོན་རྟེན་འབྲེལ་ཆེ་རིགས་སྐབས་སུ་ལྷ་སར་འབྲོང་རྩེད་འཁྲབ་དགོས་པ། ལྷག་པར་དུ་བོད་ཟླ་བདུན་པའི་འཆར་ཅན་ལྷ་སའི་ཞོ་སྟོན་སྐབས་ངེས་པར་དུ་འབྲོང་རྩེད་འཁྲབ་དགོས་པར་བརྟེན། ཤེལ་རོང་འབྲོང་རྩེད་ཅེས་པའི་མིང་དེ་ཡང་ཆུ་ཤུར་གྱི་རི་ཀླུང་ལས་གྲོལ་དེ་བོད་ཀྱི་ས་ཕྱོགས་གང་སར་ཁྱབ།
གཉིས་པ། ཤེལ་གྲོང་འབྲོང་རྩེད་ཀྱི་ནང་དོན།
ཤེལ་གྲོང་འབྲོང་རྩེད་ནི་བཀྲ་ཤིས་སྨོན་ལམ་དང་རྟེན་འབྲེལ་མཚོན་པའི་གླུ་གར་ཞིག་ཡིན་པས། སྔ་དུས་དགོན་པ་བཞེངས་གྲུབ་ཀྱི་མཛད་སྒོ་དང་། ཞོ་སྟོན་གཙོ་བོར་བྱས་པའི་དགའ་སྟོན་རྟེན་འབྲེལ་སྐབས་སུ་ཆེད་དུ་གཟིགས་འབུལ་ཞུ་བ་ཡིན་ལ། འབྲོང་རྩེད་གང་དུ་འཁྲབ་པ་དེ་གར་བཀྲ་ཤིས་ལོ་ལེགས་ཡོང་བའི་རྟེན་འབྲེལ་བཟང་པོ་བརྩི་སྲོལ་ཡང་ཡོད།
དེའི་རྔ་སྦུབ་བརྡུང་སྟངས་ནི་གླུ་ལེན་དུས་རྔ་སྦུབ་ཀྱི་སྒྲ་དལ་ལ་འཇམ་པ། བྲོ་འཁྲབ་དུས་སྒྲ་མགྱོགས་ཤིང་དྲག་པོ་ཡོད།
གསུམ་པ། འབྲོང་རྩེད་ཀྱི་འཁྲབ་སྟངས།
འབྲོང་རྩེད་འཁྲབ་པར་མི་བདུན་ཚང་དགོས་པ་དེའི་ནང་ཞབས་བྲོའི་སྣེ་འཁྲིད་མཁན་ཨ་ར་ཟེར་བའི་འཁྲབ་མི་གཅིག་དང་། རྔ་སྦུབ་བརྡུང་དཀྲོལ་བ་འཁྲབ་མི་གཉིས། མི་གཉིས་རེ་ལས་གྲུབ་པའི་ཕོ་འབྲོང་མོ་འབྲོང་འཁྲབ་མི་བཞི་བཅས་དགོས། ཐོག་མར་རྔ་སྦུབ་ཀྱི་སྒྲ་གྲགས་པ་དང་བསྟུན་ཏེ་གདོང་ལ་འབག་དཀར་པོ་དང་། ལུས་ལ་ཕྱུ་པ་དཀར་པོ་གྱོན་པ། ཕྲག་པ་གཡོན་སྟེང་དུ་དར་དམར་པོའི་ག་ཤ་བཅིངས་ཤིང་། ལག་པ་གཡས་སུ་མདའ་དར་དང་། གཡོན་དུ་ཨོད་མ་འཁྱེར་བའི་ཨ་ར་འཁྲབ་རྭར་དོན་ཡོང་ཞིང་། འཁྲབ་རྭར་ནང་སྐོར་ཐེངས་གཅིག་བསྐོར་ཏེ། འཁྲབ་རྭའི་དཀྱིལ་དུ་ལངས་བ་དང་། སྙན་ཆ་འདོད་པའི་དབྱངས་འགྲོས་ལ་བརྟེན་ཏེ་རྣམ་ཐར་དུམ་བུ་དང་པོ་དེ་ལེན་པ་ཡིན། ཁ་ཤག་འདོན་རིང་ལག་སྟབས་ཕྲན་བུ་བྱེད་པ་ཙམ་ལས། རྔ་སྦུབ་བརྡུང་སྲོལ་མེད་ལ། ཞབས་བྲོའང་འཁྲབ་སྲོལ་མེད། དེ་ནས་ཡང་བསྐྱར་རྔ་སྦུབ་རྡུང་བ་དང་། ཨ་རས་ཞབས་བྲོ་རྒྱག་ཅིང་རྣམ་ཐར་དུམ་བུ་གཉིས་པ་ལེན་པ། དེའི་རྗེས་སུ་རྔ་སྦུབ་ཀྱི་སྒྲ་དབྱངས་དྲག་ཏུ་འཕེལ་བ་དང་འབྲོང་ཤུབ་གྱོན་པའི་འཁྲབ་མི་ཕོ་འབྲོང་མོ་འབྲོང་གཉིས་དངོས་སུ་འཁྲབ་རྭར་དོན་འགོ་ཚུགས་ཤིང་། དེ་གཉིས་ཀྱིས་དགའ་སྣང་དང་སྐྱིད་སྣང་ཆེན་པོས་འཁྲབ་རྭར་སྐོར་བ་ཐེངས་གཅིག་བསྐོར་རྗེས་ཨ་ར་དཀྱིལ་དུ་བཅུག་ནས་གྲལ་བསྟར་ལ་འཁོད་ཅིང་། དེ་ནས་ཨ་རས་རྣམ་ཐར་ལེན་གྱིན་བྲོ་གར་འཁྲབ་པ་དང་། དེའི་རིང་རྔ་སྦུབ་ཀྱི་སྒྲ་དྲག་ཤུགས་ཆེ་རུ་འགྲོ་བ་ཡིན་ལ་ཕོ་འབྲོང་མོ་འབྲོང་གཉིས་དགའ་མཆོངས་ཀྱི་མཐོ་རླབས་འཕྱུར་བ་ཡིན་ཏེ། སྐབས་འགར་ཞབས་བྲོའི་རུ་དབྱིབས་ཟུར་གསུམ་ཆགས་པ། ཡང་སྐབས་འགར་ཕོ་འབྲོང་མོ་འབྲོང་གཉིས་རུ་གནས་བརྗེ་རེས་བྱེད་ཅིང་ཕན་ཚུན་དགའ་མཆོངས་མང་དུ་བྱེད། མཇུག་ཏུ་ཨ་རས་རྣམ་ཐར་དུམ་བུ་ཞིག་ལེན་པ། གནམ་ལ་རྩམ་དཀར་གཏོར་བ། ཕོ་འབྲོང་མོ་འབྲོང་གཉིས་ཀྱི་རྭ་རྩེས་ས་སྟེང་གི་ཁ་བཏགས་ལེན་པ་བཅས་བཀྲ་ཤིས་གཅོདཅིང་། མཐར་ཨ་རས་འབྲོང་བཞོན་ཏེ་ལོག་འགྲོ་བ་བཅས་སོ།
༼ ནས་ཆང་བོད་དབྱངས་དམངས་སྲོལ་ལེ་ཚན༽