༄༅། ། བོད་ཆང་།
བོད་མིས་བོད་ཆང་འཐུང་བའི་གོམས་སྲོལ་དེ་བོད་ལ་དར་ནས་ད་བར་ལ་དུས་ཡུན་རིང་པོ་ཞིག་ཕྱིན་ཡོད། དེའང་«ཇ་ཆང་ལྷ་མོའི་བསྟན་བཅོས་»ལས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཕོ་བྲང་ཡུམ་བུར་མངའ་གསོལ་བའི་སྐབས་དང། གཞན་ཡང་ཆོས་རྒྱལ་བྱང་ཆུབ་སེམས་པ་རིམ་བྱོན་ཚང་མས་བདེ་ལྡན་བདུད་རྩིའི་སྐྱེམས་འདིར་གཙིགས་མཛད་པའི་ལོ་རྒྱུས་མང་ཞིང་། ཁྱད་པར་མཚུངས་མེད་སྲོང་བཙན་རྗེའི་འཁྲུང་སྣོད་མིག་ཅན་ཡང་ནང་རྟེན་དུ་བཞུགས་པ། དེའི་ཐོག་ནས་ཆང་འཐུང་བའི་སྲོལ་དར་ནས་ལོ་རྒྱུས་རིང་པོ་ཕྱིན་ཡོད་པ་གསལ་རྟོགས་ཐུབ། ཅེས་འཁོད་ཡོད། བོད་མིས་རང་ཉིད་གནས་ཡུལ་གྱི་གནམ་གཤིས་དང་། སྐབས་དེའི་ཐོན་སྐྱེད་འཕེལ་རིམ་གྱི་ཆུ་ཚད། འཚོ་བའི་ཆ་རྐྱེན་དང་བསྟུན་ཏེ་ཡུལ་བབ་དང་མཐུན་པའི་བཏུང་བཅའ་འཕེལ་རྒྱས་སུ་བཏང་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར་བོད་མིའི་བཟའ་འཐུང་གི་རིགས་ལ་ཁྱད་ཆོས་ཆེན་པོ་ཞིག་ཡོད་པ་སྟེ་ཕྱི་ནང་གང་ཞིག་ལའང་ཟ་བདེ་སྤྱོད་བདེའི་ཆོས་ཉིད་ལྡན་ཡོད། དཔེར་ན། ཆང་ལ་ཆ་བཞག་ན་སྐྱེམས་སེལ་གྱི་བཏུང་བཅའ་ཞིག་ཡིན་ལ་སྤགས་ཁུའང་བྱེད་ཆོག་པ་གཅིག་ཡིན། ད་དུང་གནམ་གྲང་དུས་སྐོལ་ནས་བཏུང་ན་གཟུགས་པོར་དྲོད་སྐྱེ་བའི་ནུས་པ་ཡོད།
དེར་བརྟེན་ཆང་ནི་བོད་མིའི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན་ཞེས་བཤད་ཆོག་གང་ལགས་ཟེར་ན་བཀྲ་ཤིས་པའི་དོན་ལ་ཆང་དེ་མེད་དུ་མི་རུང་བ་ཞིག་ཡིན་ལ་བགེགས་བར་སོགས་མི་ལེགས་པའི་དོན་བྱུང་ནའང་ཆང་དེ་ངེས་པར་དུ་དགོས་པ་ཤིག་ཡིན་ཞིང་བཤད་སྲོལ་ལ་ཆང་ནི་དགའ་བའི་དགའ་རོགས། ཆང་ནི་སྐྱོ་བའི་སྐྱོ་རོགས། དགའ་སྐྱོ་གང་འདྲ་བྱུང་ཡང་། ཆང་གིས་རོགས་པ་ཞུས་ཡོང་། ཞེས་པ་ལྟར་ལོ་གསར་ཚེས་གཅིག་གི་ཐོ་རེངས་སུ་བཏུང་བཅའི་དང་པོ་ངེས་པར་དུ་ཆང་སྐོལ་འཐུང་དགོས་ཀྱི་ཡོད་པ་དང་། མཛད་སྒོ་སོགས་ཀྱི་གསོལ་ཚིགས་གཏོང་སྐབས་གསོལ་རྒྱབ་ཅེས་ཆང་དངུལ་ཕོར་བཏེགས་སྲོལ་ཡོད་ཅིང། ཁྱིམ་དུ་སྐུ་མགྲོན་ཕེབས་པ་སོགས་ལ་མཆོད་ཆང་སུམ་སྒྲོན་མཉེས་དག་བཏེགས་ནས་ལྷག་བསམ་མཚོན་པ་བྱེད་ཀྱི་ཡོད། དེ་བཞིན་སྤུན་ཉེ་དང་སྐུ་མགྲོན་སོགས་ལ་ཕེབས་བསུ་ཕེབས་སྐྱེལ་ཞུ་བར་ཡང་ཁ་རྒྱུན་དུ་སྐྱེལ་ཆང་དང་བསུ་ཆང་ཟེར་སྲོལ་ཡོད་ལ། ད་དུང་གཉེན་སྒྲིག་དགའ་སྟོན་ལ་ཆང་ས་ཟེར་སྲོལ་ཡོད་པས། དེའི་གོ་དོན་ཡང་ཆང་འཐུང་རྒྱག་པའི་དོན་ཡིན་ཞིང་། ཆང་ནི་བོད་མིའི་འཚོ་བའི་ནང་མེད་དུ་མེད་རུང་བ་ཞིག་ཡིན་ཟེར་དགོས་དོན་ཡང་«ཇ་ཆང་ལྷ་མོའི་བསྟན་བཅོས»ལས། དགའ་པོ་གླུ་གཏོང་བའི་སྐད་ཤེད། སྐྱིད་པོ་བྲོ་རྒྱག་པའི་རྡིག་སྒྲ། སྡུག་པོ་མཆི་མ་འདོན་པའི་སེམས་གསོ། ལྐུག་པ་ཁ་འབྱེད་པའི་ལྡེ་མིག སྤྱང་པོ་མགོ་སྟོང་ཅན་གྱི་ཀླད་པ། དཔའ་བོ་དགྲ་འདུལ་བའི་ཞབས་བསྐུལ། སྙིང་མེད་འཕྲང་སྒྲོལ་བའི་སྐྱེལ་མ། ཞེས་སོགས་གསུངས་ཡོད་པའི་ཐོག་ནས་བོད་མི་དང་ཆང་བར་གྱི་འབྲེལ་བ་མཚོན་ཐུབ།
༼ ནས་ཆང་བོད་དབྱངས་དམངས་སྲོལ་ལེ་ཚན༽