无障碍阅读 关怀版

༄༅། ། བོད་མིའི་འཚོ་བའི་ཁྲོད་ཀྱི་རྣམ་རྟོག་རྩི་སྲོལ།

དུས་ཚོད། 2023-12-19 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

གཅིག།ལོ་གསར་ཚེས་གཅིག་གི་ཉིན་ཁ་རྩོད་དང་། ངུ་བ། བཀྲ་མི་ཤེས་པའི་ཚིག་ཁ་ནས་ཐོན་པ་སོགས་བྱུང་ན་རྣམ་རྟོག་ཆེན་པོ་རྩི་བ་ཡིན་པས་ཞོགས་པ་ཡར་ལངས་པ་ནས་མི་ཐུག་ཚད་ལ་སྐད་ཆའི་ཚིག་དང་པོ་དེ་“བཀྲ་ཤིས་བདེ་ལེགས་”ཞེས་བརྗོད་དགོས་ཤིང་།དེའི་ཉིན་སྐྲ་མ་ལྷད་པར་བསྡད་པ་དང་རྣ་རྒྱན་མ་བཏགས་པར་སྡོད་པ་སོགས་བྱེད་མི་རུང་བར་རྩི་བ་ཡིན།

གཉིས།འགྲུལ་པ་ཕྱོགས་སུ་ཐོན་སྐབས་དང་།གཞན་ཡང་ཆང་ས་སོགས་ཁྱིམ་དུ་བཀྲ་ཤིས་པའི་དོན་ཆེན་སྒྲུབ་པའི་སྐབས་སུའང་གོང་བཞིན་བུད་མེད་ཚོས་སྐྲ་མ་ལྷས་པར་སྡོད་པའམ། སྐྲ་གཟིང་གཟིང་བྱས་ནས་སྡོད་པ། རྣ་རྒྱན་མ་བཏགས་པ་དང་།གོས་ཀྱི་གོང་བ་ནང་དུ་བསྟན་ནས་སྡོད་པ།སྤང་གདན་མ་བཅིངས་པར་སྡོད་པ་བཅས་བྱས་ན་འགྲུལ་པའམ་ཁྱིམ་དེར་བར་ཆད་ཡོང་གི་རེད་ཅེས་རྣམ་རྟོག་ཆེན་པོ་བྱེད་པ་ཡིན། དེའི་རྒྱུ་མཚན་ནི་གནའ་དུས་སུ་བོད་རིགས་རྣམས་ཀྱི་ཁྱིམ་དུ་མི་ཤི་བྱུང་སྐབས་མྱ་ངན་མཚོན་བྱེད་དུ་གོས་ཕྱི་ནང་བསྒྱུར་ཏེ་གྱོན་པ་དང་།ཕྱུ་པའི་གོང་བ་ནང་དུ་ལྟེབ་ནས་གྱོན་པ།གདོང་ལ་ནག་པོ་བྱུག་པ་སོགས་གོང་གསལ་སྤྱོད་ལམ་དེ་དག་བྱེད་པར་བཤད་པས་སོ།  ། 

གསུམ། ནང་མི་ས་ཐག་རིང་པོར་ཐོན་པའི་སྐབས་སུ་འགྲུལ་པའི་ཕོར་པའི་ནང་ཇ་གང་བླུགས་ཏེ་འགྲུལ་པ་ཐོན་པའི་ཉིན་གཉིས་པར་མ་གཏོགས་ཕོར་པ་སྟོང་པ་བཟོ་མི་རུང་བ་དང་།དེ་བཞིན་འགྲུལ་པ་ཐོན་པའི་རྗེས་ཀྱི་ཉིན་དེ་རང་དུ་ཁང་པར་གད་ཕྱིད་ཀྱང་བྱེད་མི་རུང་བ་ཡིན།

བཞི། མི་ཕྱིར་ཐོན་མཁན་གྱི་རྗེས་སུ་བུད་མེད་ཀྱི་སྤང་གདན་རྡབ་རྡབ་བཏང་བ་ཡིན་ན་ཕྱིར་འགྲོ་མཁན་དེར་བཀྲ་མི་ཤིས་པ་ཆེན་པོ་ཡོང་བའི་རྣམ་རྟོག་བྱེད་ཀྱི་ཡོད། དེས་ན་བུད་མེད་འགའ་ཞིག་གིས་རང་དང་འགལ་ཟླ་ཆེན་པོ་ཡོད་པའི་མིའི་རྗེས་སུ་ཆེད་དུ་སྤང་གདན་རྡེབ་པ་དང་།ཐུ་ལུད་རྡེབ་པ་སོགས་བྱེད་ཀྱི་ཡོད། འོན་ཀྱང་གལ་སྲིད་བུད་མེད་ཅིག་གིས་དེ་ལྟར་བྱས་པ་ཡིན་ན་བུད་མེད་དེ་མ་རབས་ཐ་ཤལ་དུ་བརྩི་བ་ཡིན་པས་དེ་ལྟར་བྱེད་མཁན་ནི་ཤིན་ཏུ་དཀོན་པོ་ཡིན་ཏེ་འུ་ཐུག་ཐབས་ཟད་དང་བཟོད་ཐབས་བྲལ་བ་འདྲ་མ་བྱུང་ན་དེ་ལྟར་བྱེད་མི་ཕོད་དོ།  །   

ལྔ།འགྲུལ་པ་ཚུར་ཡོང་མཁན་མཐོང་བ་དང་ཐལ་མོ་འདེབས་པ་ནི་དེང་དུས་འཛམ་གླིང་འདིའི་སྟེང་དུ་དགའ་བསུའི་རྣམ་པ་མཚོན་པའི་རྟགས་ཤིག་ཡིན་མོད།འོན་ཀྱང་ཡ་མཚན་པ་ཞིག་ལ་བོད་ཀྱི་དེ་སྔའི་སྤྱི་ཚོགས་ཀྱི་ནང་དུ་དེ་ནི་ངོ་རྒོལ་གྱི་རྣམ་པ་མཚོན་པ་ཞིག་ཡིན་ཏེ་ཕར་“བཟློག་ཅིག”ཅེས་པའི་དོན་ཡིན་པས་སྐབས་རེ་ཐལ་མོ་རྡེབ་པ་དང་དུས་མཚུངས་སུ་ཐུ་ལུད་ཀྱང་རྡེབ་ཀྱི་ཡོད།གལ་ཏེ་མི་ཞིག་མདུན་དུ་འགྲོ་བའི་སྐབས་སུ་རང་གི་མདུན་དུ་གྲྭ་པ་མཚན་ཉིད་རྩོད་པ་དང་།ལམ་ཟུར་ལྟ་བུར་མི་ཁ་དགྲ་བཟློག་སོགས་ཆོས་ཚན་འདོན་མཁན་གྱིས་བཟློག་འགྱུར་བྱེད་པ་ལྟ་བུ་མ་ཡིན་པར་དོན་མེད་དུ་རང་གི་མདུན་དུ་ཐལ་མོ་རྡེབ་པ་ཐུག་ན་རྣམ་རྟོག་ཤིན་ཏུ་ཆེན་པོ་བྱེད་པ་ཡིན།

དྲུག། དུས་རྒྱུན་ལམ་དུ་འགྲོ་སྐབས་ལམ་གཡས་གཡོན་དུ་ཡོད་པའི་ཆུ་ཆད་པའི་ཡུར་བུའི་ནང་དུ་ཆུ་རྒྱུག་ཡོང་བའམ་ཡང་ན་ལམ་གཡས་གཡོན་གྱི་ཆུ་ཡུར་ལས་ཆུ་ཕྱིར་ལུད་པ་རང་གི་མདུན་ཕྱོགས་ནས་ཆུ་སྣེ་རྒྱུག་ཡོང་བ་དང་འཕྲད་ན་ཉིན་དེར་གྲོགས་ཡོང་བའམ་བྱ་བ་ལམ་དུ་འགྲོ་བའི་ཡིད་ཆེས་བྱས་ཏེ་མཆོད་ཅིག་ཅེས་ཆུ་དེ་ལས་ཕུད་གཏོར་བྱེད་སྲོལཡོད།             

བདུན། ཕྱིར་དོན་ཆེན་སྒྲུབ་པར་འགྲོ་བའི་ཚེ་ལམ་དུ་ཆུ་བན་ཆུས་ཁེངས་པ་དང་།ལྕི་བས་ཁེངས་པའི་སྒྱེ་མོ་འདྲ་དང་ཕྲད་ན་བཀྲ་ཤིས་པའི་རྟགས་སུ་བརྩིས་ནས་ཆུ་བན་ནམ་སྒྱེ་མོར་ཁ་བཏགས་གཡོགས་པ་དང་།དེ་དག་གི་བདག་པོ་དེར་ཡང་ཆང་རིན་ཞེས་དངུལ་སྟེར་སྲོལ་ཡོད།གལ་ཏེ་སྣོད་སྟོང་པ་ཁྱེར་ཡོང་མཁན་དང་ཕྲད་ན་རྣམ་རྟོག་བྱས་ཏེ་བཟློག་ཐབས་སུ་“ཐུ་ཐུ་བཟློག་ཅིག”ཅེས་སྐད་ཆུང་ངུས་བརྗོད་དགོས།སྐད་ཆུང་ངུས་བརྗོད་དོན་ནི་ཕ་རོལ་པོས་ཐོས་ན་ཁོང་ཁྲོ་ལངས་དྭོགས་ཀྱི་ཡིན།

བརྒྱད། ཕྱིར་སྐྱོད་པའི་སྐབས་སུ་སྐྱེས་པ་དང་བུད་མེད་ཐོག་མེད་པའི་ཐང་སྡེར་དུ་འཁྲིག་པ་སྤྱོད་པ་མཐོང་ན་མཐོང་མཁན་དེར་བཀྲ་མི་ཤིས་པ་ཡོང་བའི་རྣམ་རྟོག་བྱེད་པ་ཡིན།  གལ་ཏེ་མཐོང་ན་རང་གི་མགོ་ལ་ས་སྦར་མོ་གང་ངམ་རྡོ་ཞིག་བཞག་ན་རྣམ་རྟོག་བཟློག་ནུས་ཟེར་སྲོལ་ཡོད། 

དགུ། དབྱར་ཁ་འོང་ཁའམ་ཞིང་ཁའི་དཀྱིལ་ལ་སྐྱེས་པ་དམར་ཧྲེང་བྱས་པ་དང་།བུད་མེད་སྟོད་ཧྲེང་དུ་ཕྱིན་པ་ཡིན་ན་ལུང་པར་སད་སེར་ཡོང་གི་རེད་ཅེས་རྣམ་རྟོག་བྱེད་སྲོལ་ཡོད།

བཅུ། ལུང་པའི་ནང་ཆང་ས་མ་བརྒྱབ་པའ་ཁྱོ་བོ་མེད་པའི་བུ་མོར་ཕྲུ་གུ་སྐྱེས་པ་ཡིན་ན།ཕ་སུ་ཡིན་རྩད་གཅོད་ཀྱིས་ཕ་དེས་བླ་མའམ་སྔགས་པ་གདན་དྲངས་ནས་ལུང་པའི་འོང་ཁ་སྟེ་ཞིང་ཐང་ཡོངས་རྫོགས་ལ་འཁྲུས་གསོལ་རབ་གནས་བྱེད་དགོས་པ་རེད། དེ་ལ་འོང་ཁ་འཁྲུ་བ་ཞེས་ཀྱང་བརྗོད། དེ་ལྟར་བྱེད་དོན་ནི་བཟའ་ཚང་མ་ཡིན་པའི་བྱིས་ཕྲུག་བཟོས་པ་དེར་ལུང་པའི་འོང་ཁར་གྲིབ་བཙོག་བཟོས་པར་བརྩི་བ་ཡིན།

བཅུ་གཅིག། བུ་དང་བུ་མོ་མནའ་མའམ་མག་པ་ཐོན་སྐབས་གངས་བབས་པ་ཡིན་ན་བག་ལམ་ཁ་བས་བཀག་ཅེས་བཀྲ་ཤིས་པོ་མི་ཡོང་བའི་རྟགས་སུ་འཛིན་པ་ཡིན།

བཅུ་གཉིས། འདས་པོའི་ཕུང་པོ་ཕྱིར་འདོན་བྱེད་པའི་སྐབས་སུ་གངས་བབས་པ་ཡིན་ན་རོ་ལམ་ཁ་བས་བཤངས་ཞེས་དང་། གཤིན་པོའི་ལམ་དཀར་པོ་བྱུང་སོང་ཞེས་བདེ་འགྲོར་འགྲོ་བའི་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད།ཁྱིམ་གྱི་ཐོག་ཁར་བྱ་རྒོད་བབས་ན་ཁྱིམ་ཚང་དེར་མི་ཤི་རྐྱེན་ཆགས་སོགས་བཀྲ་མི་ཤིས་པ་ཆེན་པོ་ཡོང་བའི་རྟགས་ཡིན་ཟེར་སྲོལ་ཡོད། 

བཅུ་གསུམ། དཔྱིར་ཀ་ཤར་བའི་ཚེ་བྱ་པུ་ཤུད་ཀྱིས་པུ་པུ་ཞེས་པ་དེ་ཐོག་མར་ཐོས་ན་རྟགས་བཟང་པོ་ཡིན་པ་དང་། པུ་ཤུའི་སྐད་ཐོས་པའི་ཐོག་མ་ཁོ་ན་ཁུ་ཤུད་ཅེས་པ་ཐོས་ན་ངན་རྟགས་ཡིན་ཟེར་བ་དང་ལྷག་པར་དུ་ཁུ་ཤུད་ཅེས་པའི་སྐད་ཐོག་མར་ཐོས་པ་དེའང་གཅིན་པ་གཏོང་བའི་སྐབས་དང་འཁེལ་ན་མི་དེར་བཀྲ་མི་ཤིས་པ་ཆེན་པོ་ཡོང་བའི་རྟགས་ཡིན་ཟེར་སྲོལ་ཡོད།

བཅུ་བཞི། ལམ་དུ་འགྲོ་སྐབས་རང་གི་མདུན་དུ་སྦྲུལ་གྱིས་ལམ་ཕྲེད་དུ་བཅད་པ་བྱུང་ན་ངན་པར་བརྩི་བ་དང་།དེ་བཞིན་རི་བོང་གིས་ལམ་ཕྲེད་བཅད་དུ་རྒྱུག་ནའང་། རི་བོང་གིས་ལམ་བཅད་པ་ཞེས་རྣམ་རྟོག་བྱེད་པ་ཡིན།དེ་ཡང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་སྲིད་སྐྱོང་སྟག་བྲག་གི་དུས་ལ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གི་སྐབས་སུ་རྩེད་ཐང་གི་དཀྱིལ་དུ་རི་བོང་ཞིག་རྒྱུགས་ནས་ཕྱིན་པ་དང་དེའི་རྗེས་སུ་སེར་བ་ཞིག་ཀྱང་བཏང་བས་དེ་ནི་སྤོ་ལོ་བརྒྱབ་པ་ལ་ལྷ་སྲུང་ཁྲོས་པའི་རྟགས་རེད་ཅེས་རྣམ་རྟོག་བྱས་ཏེ་དེ་ནས་བཟུང་རྐང་རྩེད་སྤོ་ལོ་བརྒྱབ་མ་ཆོག་པ་བཟོས་པ་ལྟ་བུའོ། ། 

བཅོ་ལྔ། ཁང་པའི་ཡང་སྟེང་དུ་བྱ་རྒོད་བབས་པ་ཡིན་ན་ཁྱིམ་ཚང་དེར་མི་ཤི་ཡོང་གི་རེད་ཅེས་རྣམ་རྟོག་རྩི་ཡི་ཡོད་པ་རེད།  

བཅུ་དྲུག། རེས་གཟའ་སྤེན་པ་ནི་གཡང་གཟའ་ཡིན་པས་བོད་ཀྱི་ས་ཆ་མང་པོར་དེའི་ཉིན་འབྲུ་དངུལ་དང་དེ་མིན་དངོས་པོ་རྩ་ཆེའི་རིགས་ཕྱིར་བཏང་ན་གཡང་ཤོར་བྱེད་ཀྱི་རེད་ཅེས་འཛེམས་ཀྱི་ཡོད་པ་དང་རེས་གཟའ་སྤེན་པ་མིན་ཀྱང་ས་རུབ་པའི་རྗེས་སུ་ཁང་པའི་ནང་གི་དངོས་པོ་ཕྱིར་བཏང་ན་གཡང་ཤོར་བྱེད་ཀྱི་རེད་ཅེས་དངོས་པོ་ཕྱིར་གཏོང་གི་མེད།  ལྷག་པར་དུ་འབྲུ་དངུལ་ཕྱིར་གཏོང་རྒྱུར་འཛེམས་བྱ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

བཅུ་བདུན། བོད་ཚེས་བརྒྱད་དང་།བཅུ་དྲུགཉི་ཤུ་བཞི་བཅས་ལ་ཐག་རིང་གི་འགྲུལ་པ་ཐོན་རྒྱུར་འཛེམས་ཀྱི་ཡོད།

བཅོ་བརྒྱད། ཁྱིམ་ཚང་གཅིག་ནས་ཉིན་གཅིག་ལ་འགྲོ་ཕྱོགས་གཅིག་པ་མ་ཡིན་པའི་འགྲུལ་པ་ཁག་གཉིས་ཐོན་ན་རྒྱབ་གྱེས་སོང་བ་ཞེས་རྟན་རྟོག་བྱས་ཏེ་དེ་ལྟར་བྱེད་མི་རུང་བར་རྩི་གི་ཡོད་ཅིང་གལ་ཏེ་དེ་ལྟར་མི་བྱེད་ཐབས་མེད་ཡིན་ན་འགྲུལ་པ་ཁག་གཅིག་ཉིན་གཅིག་གི་སྔོན་ལ་སྒོ་ཕྱིར་ཐོན་ཙམ་བྱས་ནས་རྣམ་རྟོག་སེལ་ཐབས་བྱེད་ཀྱི་ཡོད།

བཅུ་དགུ། དབུལ་གཙང་ཁུལ་གྱི་གྲོང་གསེབ་ཏུ་འོ་མ་དང་། མར། སྒོ་ང་བཅས་ཕྱིར་གཏོང་སྐབས་ནག་ཐིག་ཆུང་ཆུང་ཞིག་མེད་པར་དཀར་རྐྱང་དུ་ཕྱིར་བཏང་ན་དཀར་གཡང་ཤོར་གྱི་རེད་ཅེས་བརྗོད་དེ་མར་ཕྱིར་གཏོང་སྐབས་སྲན་པ་ནག་པོ་ཞིག་སྦྱར་བ་དང་།འོ་མ་ཡིན་ན་སྲན་མ་རྐང་གཅིག་དེའི་ནང་བླུག་གི་ཡོད་ཅིང་། སྒོ་ང་ཕྱིར་གཏོང་སྐབས་སྒོ་ང་རེ་རེ་བཞིན་ལ་ཁོག་མའི་མཐིལ་གྱི་སྲེ་ནག་ཕྲན་བུ་བྱུག་གི་ཡོད།དེ་ལྟར་བྱས་ན་གཡང་ཤོར་གྱི་མེད་ཟེར་བ་རེད།

ཉི་ཤུ། ཕྱི་ལ་འགྲོ་སྐབས་མགོ་ལ་བྱ་སྐྱག་བཏང་ན་ཆག་སྒོ་ཡོང་བའི་སྔ་ལྟས་རེད་ཅེས་རྣམ་རྟོག་བྱེད་པ་དང་ལྷག་པར་དུ་མགོ་ལ་བྱ་རོག་གི་སྐྱག་པ་བཏང་ན་ཆག་སྒོ་ཆེན་པོ་ཡོང་གི་རེད་ཅེས་རྣམ་རྟོག་ཆེན་པོ་བྱེད་པ་རེད།

ནས་ཆང་བོད་དབྱངས་དམངས་སྲོལ་ལེ་ཚན