无障碍阅读 关怀版

༄༅། ། གསེར་གྱི་སྐུ་འདྲ་གསུམ།(རྒྱ་གར་)

དུས་ཚོད། 2017-06-13 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

གནའ་དང་པོ་ཙ་ན། རྒྱལ་པོ་ཞིག་ཡོད། ཁོས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སུའུ་ཏན་རྒྱལ་པོ་ལ་དབྱིབས་དང་ཆེ་ཆུང་དང་ལྗིད་ཚད་བཅས་གཅིག་མཚུངས་ཡིན་པའི་གསེར་གྱི་སྐུ་འདྲ་གསུམ་ལེགས་སྐྱེས་སུ་སྦྱིན་པ་དང་། ཆབས་ཅིག་སུའུ་ཏན་དེ་ལ་སྐུ་འདྲ་གསུམ་པོ་སོ་སོ་རིན་ཐང་མི་འདྲ་ཞེས་བཤད།དེ་འདྲ་བྱེད་དོན་ནི་སྐུ་འདྲ་གསུམ་སྤྱད་དེ་སུའུ་ཏན་དང་ཁོང་གི་བློན་འབངས་རྣམས་ལ་ཡང་སྙིང་བློ་གྲོས་ག་ཚོད་ལྡན་མིན་ལ་ཚོད་བལྟ་ཞིག་བྱེད་བསམས།

སུའུ་ཏན་ལ་ལེགས་སྐྱེས་གཞན་དང་མི་འདྲ་བ་ཞིག་འབྱོར་པས་ཤིན་ཏུ་ངོ་མཚར་སྐྱེས་ནས། ཁོང་གི་ཕོ་བྲང་ནང་གི་བློན་འབངས་ཉེ་དུ་རྣམས་ལ། གསེར་སྐུ་གསུམ་གྱི་ཁྱད་པར་བཀར་དུ་བཅུག་ཀྱང་། ཚང་མས་གསེར་སྐུ་གསུམ་རུབ་ནས་ཕར་བསྐོར་ཚུར་བསྐོར་དང་ཡང་ཡང་ཞིབ་ལྟ་བྱས་ཀྱང་། དེ་ལ་ཁྱད་པར་ཅི་ཡོད་ཡེ་ནས་འབྱེད་མ་ཐུབ་བོ།

གསེར་གྱི་སྐུ་འདྲ་གསུམ་པོའི་དོན་དག་དེ་གྲོང་ཁྱེར་ནང་ཡོངས་སུ་ཁྱབ་པས། སྐྱེས་ཕོ་མོ་རྒན་གཞོན་སུས་ཀྱང་དཀའ་མདུད་གྲོལ་མ་ཐུབ། བཙོན་ཁང་དུ་བཅུག་འདུག་པའི་དབུལ་པོ་གཞོན་ནུ་ཞིག་གིས་སུའུ་ཏན་ལ་སྐད་བསྐུར་ནས། གསེར་གྱི་སྐུ་འདྲ་གསུམ་ལ་བལྟས་པ་ཙམ་གྱིས་ཁྱད་པར་བཀར་ཐུབ་ཅེས་བཤད།

སུའུ་ཏན་གྱིས་གཞོན་ནུ་དེ་ཕོ་བྲང་དུ་ཁྲིད་ཡོང་སྟེ། གསེར་གྱི་སྐུ་འདྲ་གསུམ་ལ་ཞིབ་མོ་བལྟ་རུ་བཅུག་པས། གཞོན་ནུས་སྐུ་འདྲ་གསུམ་གྱི་ཨམ་ཅོག་ལ་ཨི་ཁུང་ཆུང་ཆུང་ཞིག་ཡོད་པ་མཐོང་ནས། ཁོས་རྩི་ཏོག་རྐང་གཅིག་གསེར་སྐུ་དང་པོའི་རྣའི་ཁུང་བུར་བརྒྱུན་པ་དང་རྩི་སྣེ་སྐུ་འདྲའི་ཁ་ལས་བུད། གསེར་སྐུ་གཉིས་པའི་རྣ་ལ་བརྒྱུན་པས་རྩི་སྣེ་ཨམ་ཅོག་ཅིག་ཤོས་ལས་བུད། གསེར་སྐུ་གསུམ་པའི་རྣ་ལ་བརྒྱུན་པས་ན། རྩི་སྣེ་སྐུའི་ཁོག་ཏུ་ཚུད་དེ་ཕྱིར་འབུད་རྒྱུ་མ་བྱུང་སྟབས། གཞོན་ནུ་དེས་སུའུ་ཏན་ལ། རྒྱལ་པོ་ལགས། གསེར་གྱི་སྐུ་འདྲ་འདི་གསུམ་ལ་མི་འདྲ་བའི་ཁྱད་ཆོས་རེ་རེ་ལྡན་ཏེ། གསེར་སྐུ་དང་པོ་གཏམ་མི་འཚོག་པའི་མི་དང་འདྲ་སྟེ་གང་ཐོས་འཕྲལ་མར་གཞན་ལ་འཆད་སླ་བས། འདི་ལྟ་བུར་བརྟེན་མི་རུང་། དེ་བས་རིན་གོང་ཡང་ཤིན་ཏུ་དམའ་བའོ། གསེར་སྐུ་གཉིས་པ་ནི་ད་ཉན་ད་བརྗེད་ཞབས་བརྡོལ་ལྟ་བུའི་མི་ཞིག་དང་འདྲ་བས། དེ་ལའང་རིན་ཐང་མེད། གསེར་སྐུ་གསུམ་པ་ནི་བཟོད་སྒོམ་སྦྱངས་སྟོབས་གཉིས་ལྡན་གྱི་མི་ཞིག་དང་འདྲ་ལ། རང་གིས་གང་ཤེས་བློ་ཁོག་ཏུ་སྦེད་ཐུབ་པས། གསེར་སྐུ་འདི་ནི་ཤིན་ཏུ་རིན་ཐང་ཅན་ནོ་ཞེས་སྨྲས་སོ།

སུའུ་ཏན་གྱིས་གཞོན་ནུའི་སྐད་ཆ་ཐོས་རྗེས་ཤིན་ཏུ་དགྱེས་པ་དང་། གསེར་གྱི་སྐུ་འདྲ་སོ་སོའི་སྟེང་རིན་གོང་འབྲི་རུ་བཅུག་སྟེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྒྱལ་པོར་ཕྱིར་སྤྲད། དུས་དེ་ནས་བཟུང་། སུའུ་ཏན་གྱིས་གཞོན་ནུ་དེ་བཙོན་ར་ལས་བཀྲོལ་ནས་རང་གི་འཁྲིས་སུ་བློ་འདྲི་སའི་བློན་པོར་བསྐོས་སོ།

ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་སྒྲིག་སྒྱུར་བྱས།

མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའིཕྱི་རྒྱལ་གྱི་དམངས་ཁྲོད་གཏམ་རྒྱུད་བདམས་སྒྲིགཅེས་པ་ལས་བཏུས།