无障碍阅读 关怀版

༄༅། ། རྒྱའི་གནའ་བོའི་སྙན་ངག་བོད་འགྱུར་མ་ཁག་ལྔ།

དུས་ཚོད། 2017-06-13 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

མཚན་མོའི་ལྷིང་འཇགས་ཀྱི་དྲན་འཆར།

ལེ་པེ།ཐང་རྒྱལ་རབས

མལ་ཁྲིའི་མདུན་གྱི་ཁྲ་མར་ཟླ་འོད་འཕྲོ།

བ་མོས་ས་གཞི་བཀླུབས་པའི་འཆར་སྣང་ཞིག

ཡར་ལ་འདྲེན་བྱེད་ཟླ་བར་འཕེན་པས་ན།

རང་ཡུལ་དབང་མེད་དྲན་པས་མགོ་བོ་དུད།

དཀར་གསལ་ཟླ་བ་ནམ་ཞིག་འཆར།

སུའུ་ཧྥུའུ།སུང་བྱང་མ

དཀར་གསལ་ཟླ་བ་ནམ་ཞིག་འཆར་རམ་ལགས།།

བདག་གིས་ཆང་དཀར་བཏེགས་ནས་ནམ་མཁར་དྲི།།

ཨ་སྔོན་དགུང་གི་ལྷ་ཡི་ཕོ་བྲང་དུ།།

འདི་ལོ་དུས་ཀྱི་འཁོར་ལོ་ཇི་ཙམ་ཡིན།།

བདག་ནི་རླུང་གི་གཤོག་པའི་འཕུར་ལྡིང་ཐོག།

དག་ཞིང་ལྷ་ཡི་ཡུལ་དུ་ལོག་བསམ་ཀྱང་།།

གཡུ་དཀར་ལྷ་ཡུལ་ཕོ་བྲང་རབ་གྲང་བས།།

གདུང་བ་བཟོད་པར་དཀའ་བར་ཅུང་ཙམ་སྐྲག།

ལྷ་ཡི་ཡུལ་དུ་རང་དགའི་རྩེད་ལ་རོལ།།

ད་ལྟའི་མི་ཡུལ་འདི་དང་ཅི་ལ་འདྲ།།

ཟླ་འོད་བར་ཁྱམས་དམར་པོའི་གཡས་གཡོན་ལས།།

རིམ་གྱིས་ཁང་པའི་ཁྲ་མར་འཁྱུད་བཞིན་དུ།།

གཉིད་ཡེར་མི་ཡི་ལུས་ལ་ཤིན་ཏུ་འཕྲོ།།

ཟླ་བས་བདག་ལ་སྡང་སེམས་ཡོད་དམ་ཅི།།

སྐྱོ་གདུང་གཉེན་ཉེ་བྲལ་དུས་ལྷག་ཏུ་སྒོར།།

མི་ལ་དགའ་སྐྱོ་འདུ་བྲལ་ཆོས་ཉིད་དང་།།

ཟླ་བར་མུན་དངས་ཉ་རྒྱས་ཉ་གམ་ཡོད།།

བྲལ་བའི་མི་ལ་ནད་མེད་བདེ་ཐང་ཤོག།

ལེ་དབར་སྟོང་ནས་ཟླ་འོད་མཉམ་དུ་རོལ།།

དཔའ་མཛངས།

ཡུའེ་ཧྥེ།སུང་རྒྱལ་རབས

ཁོང་ཁྲོའི་མེ་ལྕེ་གནམ་ལ་འཕྱུར་ནས་མགོ་བོའི་ཞྭ་ཡང་ཕུད་ལ་ཉེ།

ཁེར་པོར་མཐོན་པོའི་རྭ་སྐོར་ལོགས་ནས་རྒྱང་རིང་ཕྱོགས་སུ་བལྟ་བའི་སྐབས།

དྲག་ཏུ་བབས་པའི་ཆར་པ་དེའང་མཚམས་འདིར་ཡོངས་སུ་ཆད་ནས་འདུག

རང་སེམས་གདུང་བའི་མགོ་བོ་བཏེགས་བཞིན་དབང་མེད་དབུགས་རིང་ཤོར་བཞིན་དུ།

རང་རྒྱལ་འདི་ལ་ལེགས་སྐྱེས་འབུལ་བའི་སྙིང་རྩ་དྲོན་མོ་ལྷག་ཏུ་འཕགས།

མི་ལོ་སུམ་ཅུའི་བགྲང་བྱའི་ནང་དུ་བྱས་རྗེས་ཅུང་ཙམ་གཏོད་ན་ཡང་།

དེ་དག་རྒྱལ་ཁབ་སྐྱོབ་པའི་བྱ་བར་རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན།

གཞི་ཁྱོན་ཆེ་བའི་ལྷོ་ནུབ་དམག་ནང་བདག་གི་མི་ཚེ་དགའ་སྐྱོས་ཁེངས།

ད་ནི་ང་ལ་སྙིང་རུས་ཡོད་ན་རྒྱལ་ཁབ་སྐྱོབ་པའི་དུས་ལ་བབས།

རྒས་ཤིང་འདས་པའི་ལངས་ཚོ་བསམ་ཚེ་ཐམས་ཅད་སྟོང་བར་ཤིན་ཏུ་ཕངས།

ཅིང་ཁང་ཟིང་ཆའི་དམག་འཁྲུག་ངོ་ཚ་ནམ་ཡང་བདག་གིས་བརྗེད་པར་དཀའ།

བློན་འབངས་ཁྲོ་ཞིང་སྡང་བའི་འཁུན་སྒྲ་ཡུན་རིང་འཇགས་པའི་ཐབས་ཤིག་མེད།

ང་ཡིས་དམག་གི་འཐབ་སར་བསྐྱོད་ནས་ཧ་ལན་རི་བོར་དཔུང་འཇུག་བྱེད།

ཧ་ལན་རི་བོ་དེ་ཡང་མི་ཞོག་སྙོམས་པའི་ཐང་དུ་གཏོང་ངེས་ཡིན།

ང་ཡི་བྲང་ཁ་དཔའ་ཡིས་ཁེངས་ཤིང་ལྟོགས་ཚེ་དགྲ་བོའི་ཤ་ཞིག་ཟ།

དམག་གི་འཐབ་སར་སྐོམ་པ་བྱུང་ཚེ་དགྲ་བོའི་དམར་ཁྲག་ཧུབ་ཀྱིས་འཐུང་།

སྔར་སོང་ཤོར་བའི་རི་ཀླུང་ས་གཞི་སླར་ཡང་དབང་དུ་བསྡུས་པའི་རྗེས།

རྒྱལ་ཁ་ཐོབ་པའི་གཏམ་བཟང་འཁྱེར་ནས་རྒྱལ་པོའི་དྲུང་དུ་སྙན་སེང་ཞུ།

སྐྱོ་གདུང་།

ལི་ཡུས།ཐང་ལྷོ་མ

དུས་ཀྱི་སྐོར་བ་ནམ་ཞིག་རྫོགས་སམ་འདས་པའི་ལོ་ཟླ་ཅི་ལ་ཟློག།

མདང་ནུབ་སླར་ཡང་དཔྱིད་རླུང་ལྡངས་དུས་ཕ་ཡུལ་དྲན་པས་ལྷག་ཏུ་སྐྱོ།།

ནན་ཐང་རང་ཡུལ་སྔར་བཞིན་གནས་ཀྱང་ས་སྐྱོང་ལས་དབང་ངར་མ་མཆིས།།

བདག་ལ་སྐྱོ་སེམས་དུ་ཙམ་མ་དྲི་ཤངས་ཤངས་རྒྱུགས་པའི་ཆུ་བོ་བཞིན།།

སྟོན་དུས་ཀྱི་དྲན་འཆར།

མ་ཀྲེ་ཡོན།ཡོན་རྒྱལ་རབས

ཡལ་འདབ་རེངས་པའི་ཤིང་རྒན་ཐོག་ལ་ས་སྲོས་ཕོ་རོག་ཚང་དུ་ཉལ།

ཟམ་ཆུང་འོག་གི་ཆུ་མོའི་གཞུང་ལ་ཐར་ཐོར་གྲོང་པ་རེ་གཉིས་ཙམ།།

གྲང་རླུང་ཁྲོད་དུ་གནའ་ལམ་བགྲོད་ཅིང་ཤེད་མེད་རྟ་རྒན་འཁྲིད་པའི་ང་།།

སྲོས་ཀྱི་ཉི་ཟེར་ཐང་དུ་བབས་ཀྱང་ལོག་པའི་ཡུལ་ཞིག་གང་དུ་ཡོད།།

རིན་སྤུངས་ཉི་མ་དོན་གྲུབ་ཀྱིས་བསྒྱུར།

༢༠༡༧ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལདུས་དེབ་གཉིས་པ་ལས་བཏུས།