无障碍阅读 关怀版

༄༅། ། ཧྥ་རན་སིའི་ཡིག་སྒྱུར་སྐོར།

དུས་ཚོད། 2017-06-13 རྩོམ་པ་པོ རྩོམ་སྒྲིག སྐྱིད་ལུས།

ཧྥ་རན་སིར་དུས་རབས༡༦པའི་ཡར་སྔོན་དུ།དམ་པའི་གསུང་རབལ་སོགས་པའི་ཆོས་གཞུང་སྐོར་གཙོ་བོར་ཡིག་སྒྱུར་བྱེད། ལོ་ཙཱ་བ་དང་རྩོམ་པ་པོ་གྲགས་ཅན་ཡང་རེ་འགའ་མ་གཏོགས་མེད། ཧྥ་རན་སིའི་ཡིག་སྒྱུར་གྱི་མཐོ་རླབས་ནི་དུས་རབས༡༦པར་གཞི་ནས་ཐོན།

དུས་རབས༡༥པའི་དུས་མཇུག་ཏུ། ཏན་ཐེ་དང་། བྷི་ཐ་ལ་ཁེ། བྷོ་ཀ་ཆིའུ་ལ་སོགས་པའི་དབྱི་ཏ་ལིའི་མི་ཆོས་རིང་ལུགས་པའི་བརྩམས་ཆོས་ཧྥ་རན་སིར་ཁྱབ་པས། མི་རྣམས་ཀྱི་མིག་རྒྱ་བཀྱེད་ཅིང་། ཧྥ་རན་སིའི་མི་ཆོས་རིང་ལུགས་པའི་ལས་འགུལ་སྤེལ་བར་སྐུལ་འདེད་ཐོབ། གནའ་སྲོལ་སྤེལ་བའི་རླུང་རླབས་གང་སར་ལྡང་བས།མཁས་དབང་དག་གིས་ཀྱང་གནའ་བོའི་ལ་ཏིང་དང་གྷི་རི་སིའི་རྩོམ་པ་པོར་བློ་ཁ་གཏད་ཅིང་། གནའ་བོའི་རིག་གནས་ཀྱི་ངོ་མཚར་ཁྲོད། མི་ཆོས་རིང་ལུགས་པ་ཚོས་གྷི་རི་སིའི་སྐད་དང་ལ་ཏིང་སྐད་ལ་སློབ་གཉེར་བྱས་ཤིང་།གནའ་རྩོམ་དག་ལའང་ཞིབ་འཇུག་བགྱིས་པ་མ་ཟད། གནའ་རྩོམ་དང་དབྱི་ཏ་ལིའི་རིག་རྩལ་བསྐྱར་དར་དུས་ཀྱི་བརྩམས་ཆོས་མང་པོ་ཧྥ་རན་སིའི་སྐད་དུ་བསྒྱུར། དུས་སྐབས་དེར། ཡིག་སྒྱུར་གྱི་ཁ་ཕྱོགས་དེ་གནའ་བོའི་སྒྱུ་རྩོམ་བརྩམས་ཆོས་ཀྱི་ཐོག་ཏུ་འཁོར་བས། ཡིག་སྒྱུར་ཁྲོད་དུ་གནད་དོན་མང་པོ་འཕྲད་ཀྱི་ཡོད། ལོ་ཙཱ་བ་ཚོས་ཀྱང་སྒྱུ་རྩོམ་བརྩམས་ཆོས་ཡིག་སྒྱུར་བྱེད་པ་དེ་ཆོས་གཞུང་བསྒྱུར་བ་ལས་ཀྱང་དཀའ་བར་བཞེད། དེ་ཡང་མོན་ཐིང(蒙田)མཆོག་གིརི་མོན་ཏེ་སེ་པོན་ཏེ་ལ་དག་འབུད་ཀྱི་ཆེད་དུཞེས་པའི་རྩོམ་ཡིག་ནང་དུ་གསུངས་པ་ལྟརཆོས་གཞུང་ཡིག་སྒྱུར་བྱེད་པར་དཀའ་ཚེགས་མེད་དེ། བསྒྱུར་བྱ་ནི་གཙོ་བོ་ནང་དོན་ཙམ་ཞིག་རེད།འོན་ཏེ། སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ཡོད་པའི་བརྩམས་ཆོས་བསྒྱུར་དགོས་བྱུང་ན་ཅུང་ཟད་དཀའ་ཚེགས་ལྡན་ཞིང་། ལྷག་པར་དུ་མ་ཡིག་ཇི་བཞིན་སྐད་ཆའི་སྒྱུ་རྩལ་མཐོ་པོ་མེད་པའི་འགྱུར་ཡིག་གི་སྐད་དུ་ཕབ་སྐབས་དེ་བས་དཀའ་ཚེགས་ལྡན་ལ། ཉེན་ཁའང་ཆེན་པོ་ཡིནསྐབས་དེའི་ཡིག་སྒྱུར་གྱི་སྤྱིའི་ཁྱད་ཆོས་ནི། སྤྱིར་ཡིག་སྒྱུར་གྱི་མཐོ་རླབས་ཚུགས་ཟིན་མོད། འགྱུར་ཆོས་མང་ཆེ་བ་ནི་རྩོམ་རིག་པས་རྩོམ་རིགས་གསར་རྩོམ་གྱི་ཞོར་དུ་བསྒྱུར་བ་ཙམ་ཞིག་ཡིན་པས། འགྱུར་མ་དག་ཞན་ལ་ཤུགས་རྐྱེན་ཡང་དེ་ཙམ་མི་ཟབ། འོན་ཏེ།དུས་རབས༡༦པའི་ཧྥ་རན་སིའི་ཡིག་སྒྱུར་མཐོ་རླབས་ཁྲོདཡིག་སྒྱུར་མཁན་པོཨ་མི་ཨོ་དང་ཏོ་ལེ་ཐེ་རྣམ་གཉིས་ཀྱི་མཛད་འཕྲིན་ཆེ།

ཡ་ཁ་ཨ་མི་ཨོ(Jacques Amyot,༡༥༡༣༡༥༩༣)ནི་ཚོང་པ་ཆུང་ཆུང་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། ཆུང་དུས་གནའ་བོའི་གྷི་རི་སི་དང་ལ་ཏིང་གི་སྐད། དེ་བཞིན་རྩོམ་རིག་ལ་སློབ་གཉེར་གནང་།ཕྱིས་སུ་པུར་རི་སློབ་གྲྭ་ཆེན་མོར་སློབ་དཔོན་ཆེན་མོའི་འགན་གནས་བཞེས་ཤིང་། རྒྱལ་སྲས་གཉིས་ཀྱི་དགེ་རྒན་ཡང་མཛད། སྐུ་ཚེའི་སྨད་དུ་ཆོས་ལུགས་འཐབ་རྩོད་ཀྱི་རྐྱེན་དབང་གིས་འཚོ་གོས་ཧ་ཅང་ཉམ་ཐག་པར་གྱུར།ཁོང་གི་བྱས་རྗེས་གཙོ་བོ་ནི་གནའ་བོའི་རོ་མན་དང་གྷི་རི་སིའི་གྲགས་རྩོམ་མང་པོ་བསྒྱུར། འོན་ཏེ། ཁོང་གིས་ཡིག་སྒྱུར་ཁྲོད་དུམ་ཡིག་དང་འགྲན་སྡུརབྱེད་པའི་ཆོད་སེམས་ཀུན་ལ་བསྒྲགས་པས། ཕྱིས་སུ་རྩོམ་རིག་ལོ་རྒྱུས་ཐོག་ཏུ་ཁོང་ཉིད་རྩོམ་པ་པོ་རུ་བཀུར་བའོ།

ཨ་མི་ཨོ་ཡིསམི་སྣ་གྲགས་ཅན་གྱི་རྟོགས་བརྗོདཅེས་པ་ཡིག་སྒྱུར་གནང་བའི་བརྒྱུད་རིམ་ནང་།རྒྱལ་པོས་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་ཆ་རྐྱེན་ཧ་ཅང་འཛོམས་པར་འགྱུར། སྤྱི་ལོ༡༥༤༢ལོར་ཧྥུ་ལང་སོ་ཝ་རྒྱལ་ཐོག་དང་པོས་ཁོང་ལ་ཡིག་སྒྱུར་དགོས་པའི་བཀའ་བསྒོས་ཤིང་། ཁོང་གིས་ཀྱངམི་སྣ་གྲགས་ཅན་གྱི་རྟོགས་བརྗོདབསྒྱུར་རྒྱུར་ཐག་བཅད་ཅིང་། དེས་ཀྱང་ཕྱིས་ཀྱི་ཡིག་སྒྱུར་ལེགས་འགྲུབ་ཡོང་བར་ནུས་པ་ཆེན་པོ་བཏོན།ཡིག་སྒྱུར་ཁྲོད་དུ། ནང་དོན་ཡང་དག་ཅིང་། དོན་གོ་དཀའ་བ་དག་གསལ་རྟོགས་ཐུབ་ཆེད། ཁོང་གིས་ཝེ་ཉི་སི་དང་རོ་མན་དུ་ཕེབས་ཏེ་གནའ་རྩོམ་ལག་བྲིས་མ་མང་པོར་ཞིབ་འཇུག་དང་། པར་གཞི་མང་པོར་གཤིབ་སྡུར་གནང་། འགྱུར་ཆོས་དེ་ཉིད་རིང་པོ་དེ་ཙམ་མེད་རུང་། སྤྱི་ལོ༡༥༤༢ལོར་བཀའ་བསྒོས་སྤྱི་བོར་བླངས་པ་ནས་སྤྱི་ལོ༡༥༥༩ལོར་དངོས་སུ་པར་དུ་བཀྲམས་པའི་བར་དུ་ཁྱོན་ལོ༡༧འགོར། ཁོང་གི་འགྱུར་ཆོས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། ཕྱིས་སུ་ཧྥ་རན་སི་དང་ཡོབ་གླིང་ནུབ་མའི་རྒྱལ་ཁབ་ཁག་གི་རྩོམ་པ་པོ་སྟེ།དཔེར་ན། ལ་ཆིན་དང་ཤིག་སེ་ཕེར་སོགས་ལ་གསར་རྩོམ་གྱི་དཔྱད་གཞི་མང་པོ་མཁོ་འདོན་བྱས། ཁོང་དང་དུས་མཉམ་ཡིན་པའི་ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་མོན་ཐིང་གིས་ཨ་མི་ཨོའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཞིང་། གལ་ཏེ་ཨ་མི་ཨོའི་འགྱུར་ཆོས་མེད་ན། ཧྥ་རན་སི་བ་སུ་ཞིག་གིས་ཀྱང་རྩོམ་འབྲི་མི་ཤེས་པར་གསུངས་ཤིང་། ད་དུང་ཁོང་གིསགལ་ཏེ་འགྱུར་ཆོས་འདི་ཉིད་ཀྱིས་ང་ཚོ་རྨོངས་པའི་འདམ་ལས་མ་སྒྲོལ་ན།ང་ཚོ་ཤེས་རྨོངས་ཅན་དུ་སྔར་བཞིན་ལུས་ངེས་ཞེས་གསུངས།

ཨ་མི་ཨོ་མཆོག་གིས་སྲུང་བརྩི་གནང་བའི་ཡིག་སྒྱུར་གྱི་ཚད་གཞི་ནི།(1)ལོ་ཙཱ་བས་མ་ཡིག་ཁོང་དུ་ཆུད་དགོས་ལ། ནང་དོན་སྤོ་སྒྱུར་ཐད་ལ་བརྩོན་པ་བརྟེན་དགོས། (2)འགྱུར་ཡིག་ངེས་པར་དུ་རང་བཞིན་ལྷུན་གྱིས་གྲུབ་འདྲའི་བབ་ཆགས་དགོས་པ་ལས། མངོན་བརྗོད་དང་རྒྱན་ཚིག་གིས་བརྒྱན་མི་རུང་། ལོ་ཙཱ་བ་ཚད་ལྡན་ཞིག་གི་འོས་འགན་ནི། མ་ཡིག་རྩོམ་པ་པོའི་དགོངས་དོན་ཇི་ལྟ་བ་བཞིན་དུ་སླར་མཚོན་ཐུབ་པ་མ་ཟད།གཤིས་ཉམས་མཚོན་སྟངས་ཐད་རང་རང་སོ་སོའི་ཁྱད་ཆོས་མངོན་པར་སྟོན་དགོས་ལ་ལད་མོའང་བྱེད་དགོསཔར་འདོད།དེས་ན།ཁོང་གིས་ནང་དོན་དང་རྣམ་པ།དོན་སྒྱུར་དང་ཐད་སྒྱུར་གཅིག་འགྱུར་དགོས་པར་བཞེད། ཁོང་གིས་ཚད་གཞི་དེ་ཉིད་རང་གི་ལག་ལེན་ཐོག་ཏུ་བཏབ་གནང་མཛད་དེ།མང་ཚོགས་བྱིངས་ཀྱི་སྐད་ཆ་དང་ཡོན་ཏན་པའི་སྐད་ཆ་གཉིས་དབྱེར་མེད་རོ་གཅིག་ཏུ་བསྲེས་ཤིང་། ཚིག་སྦྱོར་ཐོག་ཏུ་བབ་ཆགས་ཀྱི་མཛེས་པ་ཞིག་ཕྱིར་མངོན་བྱས་པས། འགྱུར་ཡིག་གི་གཤིས་ཉམས་ཐུན་མོང་མིན་པ་ཞིག་ཏུ་གྲུབ། དེའི་དབང་གིས་དཔྱད་གླེང་པ་འགས་གསུངས་དོན། ཨ་མི་ཨོ་མཆོག་གིས་བཀོལ་གནང་པ་ནི་གསར་རྩོམ་མངའ་བའི་དོན་སྒྱུར་ཡིན་པས། གྲགས་ཅན་མི་སྣའི་རྟོགས་བརྗོདདེ་ཡང་ཁོང་གིས་གསར་རྩོམ་མཛད་པ་ཞིག་ཡིན་པ་ལས།སྐྱེ་བོ་གཞན་གྱིགྲགས་ཅན་མི་སྣའི་རྟོགས་བརྗོདམིན་པར་བརྗོད།ཡིག་སྒྱུར་ཁྲོད་དུ་ཁོང་གིས་གྷི་རི་སིའི་སྐད་དང་ལ་ཏིང་སྐད་ནས་ཐ་སྙད་གཡར་བའམ་དེ་དང་སྦྲགས་ཏེ་ཆབ་སྲིད་དང་།མཚན་ཉིད་རིག་པ། ཚན་རིགརྩོམ་རིགརོལ་མོ་སོགས་པའི་རིག་ཚན་མང་པོའི་ཐ་སྙད་གསར་བཟོ་གནང་བས།ཧྥ་རན་སིའི་ཐ་སྙད་ཀྱང་ཇེ་མང་དུ་འགྱུར། སྐབས་དེར་ཧྥ་རན་སིའི་སྐད་ཆ་ཅུང་རྙོག་རྫོབ་ཀྱི་གནས་སུ་ཡོད་ཅིང་།རྒྱལ་ཡོངས་སུ་གཅིག་གྱུར་གྱི་ཧྥ་རན་སིའི་སྐད་ཆ་ཞིག་གྲུབ་མེད།སྙན་གྲགས་ཆེ་བའི་སྐར་བདུན་སྙན་ངག་ཚོགས་པ་དང་མི་ཆོས་རིང་ལུགས་པ་གཞན་པ་དག་གིས་ཀྱང་ཧྥ་རན་སིའི་མི་རིགས་སྐད་ཆ་གཅིག་གྱུར་ཡོང་ཆེད་ལེགས་སྐྱེས་དུ་མ་ཕུལ།

དེ་དེ་བཞིན་དུ། ཨ་མི་ཨོ་མཆོག་གིས་ཀྱང་ཡིག་སྒྱུར་གྱི་བྱ་བ་ཁུར་དུ་བཞེས་ཏེ།ཧྥ་རན་སིའི་སྐད་ཆ་ཚད་ལྡན་ཞིག་དང་། དྭངས་གཙང་ཞིག་ཏུ་བསྐྲུན་སླད་བྱས་རྗེས་བསུབ་ཏུ་མེད་པ་བཞག་གནང་མཛད་ཅིང་།འགྱུར་ཆོས་ལའང་ཐུན་མིན་གྱི་གཤིས་ཉམས་མངའ་བས། ཕྱིས་སུ་མོན་ཐིང་ལ་སོགས་པའི་དུས་རབས༡༦པའི་རྩོམ་པ་པོ་ཚོས་ལད་མོ་བྱ་ཡུལ་དུའང་གྲུབ་ལ།ཧྥ་རན་སིའི་གནའ་བོའི་ལྷུག་རྩོམ་གྱི་རྣམ་པ་དང་། ཀློག་པ་པོའི་རྩོམ་རིག་གི་བྱང་ཚད་སྐྱེ་སྲིང་ཐད་ལ་ནུས་པ་བླ་ལྷག་ཐོན། འོན་ཏེ། དུས་རབས༡༦པའི་སྐབས་སུ་ནུབ་ཕྱོགས་ཡིག་སྒྱུར་གྱི་སྡེའི་ནང་དུ། ཧྥ་རན་སིར་ཨ་མི་ཨོ་དང་། འཇར་མན་དུ་ལུ་རྡར། དབྱིན་ཇིར་ནོར་ཚི་ལྟ་བུ་ཐོན་ཡོད་རུང་། ཁོང་ཚོ་ནི་ཡིག་སྒྱུར་ལག་ལེན་ལ་མཁས་པ་ཤ་སྟག་ཡིན་ཞིང་། ཡིག་སྒྱུར་གཞུང་ལུགས་ཐད་ལ་བྱས་རྗེས་མངོན་པར་ཐོན་པ་ནི་ཏོ་ལེ་ཞུ་བ་དེ་ཡིན། ཏོ་ལེ་མཆོག་གིས་སྤྱི་ལོ༡༥༠༤ལོར་ཡིག་སྒྱུར་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་རིང་པོ་མིན་རུང་། ལྟ་བ་ཐུན་མོང་མིན་པ་ཞིག་བྲིས་གནང་མཛད་པས། ནུབ་ཕྱོགས་ཉེ་རབས་ཡིག་སྒྱུར་ཐོག་ཏུ་ཅུང་མ་ལག་དང་ལྡན་པའི་ཡིག་སྒྱུར་གཞུང་ལུགས་གཏོད་པ་པོར་གྱུར། དཔྱད་རྩོམ་དེའི་ཁ་བྱང་དུཡིག་སྒྱུར་ལེགས་པོ་ཞིག་ཇི་ལྟར་བྱུང་བ་ཡིན་ནམཞེས་བྱ་ཞིང་།དེའི་ནང་བཏོན་པའི་རྩ་དོན་འགའ་ཞིག་གཤམ་གསལ་ལྟར།

(དང་པོ)ལོ་ཙཱ་བས་བསྒྱུར་བྱའི་ནང་དོན་ལ་གོ་བ་ངེས་པར་དུ་ལོན་དགོས་པ།

(གཉིས་པ)ལོ་ཙཱ་བས་བསྒྱུར་བྱའི་སྐད་དང་སྒྱུར་བྱེད་སྐད་གཉིས་ཀར་བྱང་ཆ་ལྡན་པ།

(གསུམ་པ)ལོ་ཙཱ་བས་ཚིག་རིས་ཇི་བཞིན་ཐད་སྒྱུར་བྱ་མི་རུང་སྟེ། ཐད་སྒྱུར་གྱིས་ནི་མ་ཡིག་གི་དགོངས་པ་ཇི་ལྟ་བ་བཞིན་མཚོན་པར་གེགས་བྱེད་ལ།སྐད་ཆའི་སྙན་ཆར་གཏོར་སྐྱོན་འགྲོ་ངེས་ཡིན།

(བཞི་པ)ལོ་ཙཱ་བས་ངེས་པར་དུ་ཁ་གསལ་གོ་བདེའི་སྐད་ཆ་བཀོལ་དགོས།

(ལྔ་པ)ལོ་ཙཱ་བས་ངེས་པར་དུ་ཚིག་གི་འདེམས་བཀོལ་དང་གོ་སྒྲིག་ཐད་ལ་བསམ་གཞིག་གིས་འགྱུར་ཡིག་དེ་ཉིད་ལ་མཛེས་ཉམས་གཏོད་དགོས།

དེའི་ནང་ནས་དོན་ཚན་དང་པོ་ནི་མ་ཡིག་གི་དགོངས་དོན་ལ་བསྟུན་དགོས་པའི་ཆ་ནས་བརྗོད་ཅིང་།དེ་ནི་ཡིག་སྒྱུར་ཁྲོད་དུ་གཙིགས་འཛིན་འོས་པའི་རྩ་དོན་ཡིན།དོན་ཚན་གཉིས་པ་ནི་ལོ་ཙཱ་བར་བཏོན་པའི་བླང་བྱ་ཞིག་ཡིན་ཞིང་། ལོ་ཙཱ་བ་ཕུལ་བྱུང་ཞིག་ཡིན་ཚེ་སྐད་རིགས་གཉིས་ལ་བྱང་ཆ་ལྡན་ལ། སྐད་རིགས་གཉིས་པོའི་བྱང་ཚད་ཀྱང་དོ་སྙོམས་དགོས་ཏེ། བསྒྱུར་བྱའི་མ་ཡིག་གི་ཐོག་ནས་ལྟ་ཀློག་ཐུབ་ལ། སྒྱུར་བྱེད་ཀྱི་སྐད་ཡིག་ཐོག་ནས་རྩོམ་འབྲི་ཐུབ་པའི་མཁས་པ་ཞིག་ཡིན་དགོས། དོན་ཚན་གསུམ་པས་ནི་ཏོ་ལེ་མཆོག་ཐད་སྒྱུར་དང་བཙན་སྒྱུར་བྱེད་པར་མི་མོས་ཤིང་།དོན་སྒྱུར་དང་སྒྱུར་མཁས་པོ་དགོས་པར་འདོད། དོན་ཚན་བཞི་པ་ནི་མི་ཆོས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཛིན་གྱིས་མི་རིགས་ཀྱི་སྐད་ཆ་དང་གོམས་འདྲིས་སུ་གྱུར་པའི་སྐད་ཆ་བཀོལ་དགོས་པར་བཞེད་ཅིང་།ཀློག་པ་པོ་དཀྱུས་མ་དང་མང་ཚོགས་བྱིངས་ཀྱིས་གོ་ཐུབ་པའི་འགྱུར་ཡིག་ཅིག་ཡོང་རེ་གནང་བ། དོན་ཚན་ལྔ་པས་ནི་གཤིས་ཉམས་ཀྱི་སྐོར་བརྗོད་ཀྱི་ཡོད་ཅིང་།འགྱུར་ཆོས་ལ་ངེས་པར་དུ་ཚིག་རྒྱན་སྣ་ཚོགས་སྤུད་དེ་གཤིས་ཉམས་ཐད་དུ་མ་ཡིག་དང་གཅིག་མཚུངས་ཡོང་བ་བྱེད་དགོས་ལ།འགྱུར་ཆོས་ཁོ་རང་ཡང་རང་བཞིན་ལྷུན་གྲུབ་ཅིག་ཏུ་གྲུབ་པ་བྱས་ཏེ། ཀློག་པ་པོརམཛེས་རྟོག་གི་མྱོང་བཟད་མི་ཤེས་པ་ཞིག་བསྟེར་ཐུབ་པ་དགོས།

ཁོང་གིས་བཏོན་པའི་ཡིག་སྒྱུར་གྱི་གཞུང་ལུགས་ནི་ཧ་ཅང་སྔོན་ཐོན་ཡིན་ཞིང་། དེས་ནི་ཕྱིས་ཀྱི་ཡིག་སྒྱུར་གཞུང་ལུགས་པ་ཚོས་བཏོན་པའི་རྩ་དོན་དང་གནད་དོན་སྐོར་བསྡུས། དེང་རབས་ཀྱི་ཧྥ་རན་སིའི་ལོ་ཙཱ་བ་གྲགས་ཅན་ག་ལཱིས(Gallix)བསྟན་དོན།ཏོ་ལེར་གྱི་རྩ་དོན་ནིཁ་གསལ་ཞིང་།གོ་བདེ་བ་ཞིག་ཡོད་པས།ཁོང་ནི་ཡོབ་གླིང་ཡུལ་དུ་ཡིག་སྒྱུར་སྒྱུ་རྩལ་གྱི་གཞུང་ལུགས་བཏོན་མཁན་ཐོག་མ་ཞིག་རེདཅེས་གསུངས། ཡང་ཧྥ་རན་སིའི་ཡིག་སྒྱུར་གཞུང་ལུགས་པ་གྲགས་ཅན་པ་ལར་ཏ་ཞུ་བ་ཞིག་གིས་གསུངས་དོན། ཏོ་ལེར་མཆོག་གི་ཡིག་སྒྱུར་གྱི་ལྟ་བ་དེ་ནི་ཧྥ་རན་སིའི་ཡིག་སྒྱུར་གཞུང་ལུགས་ཀྱི་དུང་སྒྲ་ཞིག་དང་།ཁོང་གིས་བཏོན་པའི་རྩ་དོན་ལ་སྤྱི་ཁྱབ་ཀྱི་ཁྱད་ཆོས་ལྡན་པར་བཞེད། འོན་ཏེ། ཏོ་ལེར་མཆོག་གི་དཔྱད་རྩོམ་ཐུང་བས་ཞིབ་གླེང་མཛད་ཐབས་མེད་ཅིང་། ཕྱིས་ནས་ཀྱང་དེ་དང་འདྲ་བའི་དཔྱད་རྩོམ་བྲིས་ཏེ་ཁོང་ཉིད་ཀྱི་ལྟ་བ་བཏོན་གནང་མཛད་མེད་པས། གཞུང་ལུགས་ཐོག་ཏུའང་རིང་ལུགས་སམ་གྲུབ་མཐའ་ཞིག་ཆགས་མེད་སྟབས། སྐབས་དེར་ཤུགས་རྐྱེན་ཟབ་པོ་མེད།

ར་ས་བསྟན་འཛིན་ཆོས་གྲགས་ཀྱིས་བསྒྱུར།

མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའིནུབ་ཕྱོགས་ལོ་ཙྰའི་ལོ་རྒྱུས་བསྡུས་མཞེས་པ་ལས་བཏུས།