༄༅།། འདོད་ཆུང་ཆོག་ཤེས།
དཔོན་པོ་རྒྱུ་ལ་ཆེས་རྔམ་རུང་།།
འདོད་ཆུང་ཆོག་ཤེས་ཡིན་ཁུལ་བྱས།།
ལག་པ་རུལ་མགོ་ཞེས་ཟེར་ནས།།
ཕུ་རིང་ནང་དུ་བཅུག་ལ་ལྟོས།།
ཞེས་པ་སྟེ།
དེ་ཡང་ཞོའུ་ཐའོའི་སྒྲུང་ལས། དང་པོ་ཙ་ན། རྒྱུ་ནོར་ལ་ཤིན་ཏུ་རྔམ་པའི་དཔོན་པོ་ཞིག་ཡོད་པ་དེས་ཕྱི་ཚུལ་ནས་ད་དུང་འདོད་ཆུང་ཆོག་ཤེས་བྱེད་པ་ཞིག་སྟེ།
དེང་མ་དཔོན་ཁྲིར་འདུག་པའི་ཚེ། དེ་མགོ་འཕང་གནམ་ལ་བསྟོད་དེ་ན་རེ།
གལ་ཏེ་ངས་ལག་པ་གཡས་ཀྱིས་གཞན་གྱི་སྒོར་མོ་རེག་ན། ལག་པ་འདི་རུལ་དུ་ཆུག ལག་པ་གཡོན་གྱིས་གཞན་གྱི་སྒོར་མོ་རེག་ན་ལག་པ་འདི་ཡང་རུལ་དུ་ཆུག་ཅེས་དམ་བཅས་སོ།
དེ་ནས་སེམས་ཅན་གྱི་དོན་སྒྲུབ་སྐབས།
སྐྱེ་བོ་ཞིག་གིས་དོན་ཞིག་གི་སླད་དུ་དངུལ་སྲང་བརྒྱ་རྔན་པར་ཕུལ་བས་དཔོན་པོའི་སེམས་ལ།
ད་ཛམ་ལྷ་འཁོར་བྱུང་ངོ་བསམས་མོད།
ཁ་ནས་དངུལ་འདི་ལེན་མི་ཉན།
ངས་དེ་སྔོན་ལག་པ་གང་གིས་གཞན་གྱི་དངུལ་རེག་ན་ལག་པ་འདི་རུལ་དུ་ཆུག་ཅེས་དམ་བཅའ་བཞག་ཡོད་ཟེར།
དཔོན་པོ་དེའི་ལག་འོག་ན་བྲན་གཡོག་ཅིག་ཡོད་པ་དེས་རང་གི་དཔོན་པོའི་བསམ་དོན་སྔོན་ནས་ཤེས་པས་ཞུ་བ། སྐུ་ངོ་ལགས།
དངུལ་སྲང་འདི་ཁྱེད་ཀྱི་ཕུ་རིང་ནང་དུ་བཅུག་ན་བཟང་མོད།
གལ་ཏེ་རུལ་བ་བྱུང་ན་ཡང་ཕུ་རིང་རུལ་བ་ལས་ལག་པ་མི་རུལ་ཞེས་ཐབས་ཕུལ་བས།
དཔོན་པོའི་སེམས་ལ།
ཐབས་འདི་ལས་གཞན་མེད་སྙམ་ནས་དངུལ་སྲང་བརྒྱ་ཕུ་རིང་ནང་དུ་བཅུག་གོ་ཟེར་རོ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱ་ནག་ལེགས་བཤད་སྙིང་པོ་ཞེས་པ་ལས་བཏུས།