无障碍阅读 关怀版

ཨ་མ་དང་སྤྱང་ཀི།

དུས་ཚོད། 2018-04-25 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྔར་ནག་ཚལ་ཞིག་གི་ཁྲོད་དུ་ཁང་པ་ཆུང་ཆུང་ཞིག་གི་ནང་མ་བུ་གཉིས་བསྡད་ཡོད་དེ།ནམ་གུང་ཙམ་སླེབས་པ་ན་ཕྲུ་གུ་ངུས་ནས་ཨ་མ་གཉིད་དུ་མ་བཅུག་པ་དང་།ཨ་མས་ཅི་བྱས་ཀྱང་ངུ་ཁ་མ་ལོན་པས་ཕྲུ་གུ་ལ།ད་ཁྱོད་མ་ངུ་།གལ་ཏེ་ཨ་མའི་ཁ་ལ་མ་ཉན་ན།སྒོའི་ཕྱི་ལ་གཡུག་ནས་སྤྱང་ཀི་ལ་བཟའ་རུ་འཇུག་རྒྱུ་ཡིན་ཞེས་འཇིགས་སྣང་བསྐུལ་ལོ།སྐབས་དེར་སྤྱང་ཀི་ཞིག་གཟན་འཚོལ་ཕྱིར་ཏག་ཏག་མ་བུ་གཉིས་ཀྱི་ཁང་སྒོ་བརྒྱུད་དུག་པས།ཨ་མའི་སྐད་ཆ་དེ་ཐོས་སྟབས་བདེན་པར་རློམ་ནས་སྒོ་ཁ་རུ་ཉལ་ནས་བསྒུགས་སོ།དེ་ནས་ཅུང་ཙམ་འགོར་རྗེས་ཕྲུ་གུ་ནི་ཡུན་གྱི་གཉིད་ལ་ཡུར་པས།ཨ་མས་ཀྱང་ཕྲུ་གུ་ལ།བདག་གི་གཅེས་ཕྲུག་ཨ་མའི་ལོ་བརྒྱ།ཁྱོད་སེམས་ལྷོད་མོར་གཉིད་དང་སྤྱང་ཀི་ཞིག་ཁྱོད་བཟའ་བར་འོངས་ཕོད་ན།བདག་གིས་ཁོ་ཤ་གཏུབ་རུས་རྡུང་བྱས་ཏེ་མིང་གི་ལྷག་མ་ཙམ་དུ་བྱེད་རྒྱུ་ཟེར་རོ།སྒོ་ཁར་ཉལ་པའི་སྤྱང་ཀིས་སྐད་ཆ་དེ་རྣ་བར་ཐོས་པས་འཚུབ་ཆ་ཞིག་དང་སྦྲགས་ཕྱིར་བྲོས་པ་དང་སེམས་ལ།ང་ནི་ཇི་འདྲའི་བླུན་པོ་ཞིག་ཨང་།གྲོད་ཁོག་སྟོང་ཤིག་ཤིག་ཏུ་བསྐྱུར་ཏེ་བུད་མེད་ཅིག་གི་སྨྱོ་གཏམ་ལ་ཉན་མཁན་སུ་ཞིག་འདུག་གོ་ཞེས་ཁེར་ལབ་རྒྱག་གིན་ཕ་རོལ་དུ་གཟན་འཚོལ་པར་ཕྱིན་ནོ།

ཕྱི་རྒྱལ་གྱི་དམངས་ཁྲོད་གཏམ་རྒྱུད་བདམས་སྒྲིག་ལས་ཚན་བཤུས་བྱས།