无障碍阅读 关怀版

༄༅། །སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་ཞེས་བྱ་བ་བཞུགས་སོ། །

དུས་ཚོད། 2017-06-13 རྩོམ་པ་པོ སྐྱིད་ལུས། རྩོམ་སྒྲིག དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།།བླ་མ་མཆོག་དང་དབྱེར་མེད་པའི།།འཇམ་དཔལ་དབྱངས་ལ་གུས་བཏུད་ནས།།ཐོན་མིའི་ལེགས་བཤད་སུམ་ཅུ་པའི།།སྙིང་པོ་མདོར་བསྡུས་བཤད་པར་བྱ།།དབྱངས་ཀྱི་བྱ་བ་གསལ་པོ་རུ།།བྱེད་པ་ཨི་ཨུ་ཨེ་ཨོ་བཞི།།གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།།ག་ང་ད་ན་བ་མ་འ།།ར་ལ་ས་རྣམས་རྗེས་འཇུག་བཅུ།།ད་དང་ས་གཉིས་ཡང་འཇུག་སྟེ།།ད་ནི་ན་ར་ལ་གསུམ་དང་།།ས་ནི་ག་ང་བ་མར་འཐོབ།།ག་ད་བ་མ་འ་སྔོན་འཇུག།གོ་ངོ་དོ་ནོ་བོ་མོ་འོ།།རོ་ལོ་སོ་ཏོ་སླར་བསྡུ་སྟེ།།རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ།།དྲག་ཡོད་ཏོ་དང་མཐའ་མེད་འོ།།གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།།སུ་ར་རུ་དུ་ན་ལ་ཏུ།།ལ་དོན་རྣམ་པ་བདུན་ཡིན་ཏེ།།རྣམ་དབྱེ་གཉིས་བཞི་བདུན་པ་དང་།།དེ་ཉིད་ཚེ་སྐབས་རྣམས་ལ་འཇུག།ས་སུ་ག་བ་དྲག་མཐར་ཏུ།།ང་ད་ན་མ་ར་ལ་དུ།།འ་དང་མཐའ་མེད་ར་དང་རུ།།གི་ཀྱི་གྱི་འི་ཡི་ལྔ་པོ།།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་།།དེ་རྣམས་ས་མཐའ་ཅན་ལྔ་ནི།།རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།།སྦྱོར་ཚུལ་ན་མ་ར་ལ་གྱི།།ད་བ་ས་ཀྱི་ག་ང་གི།འ་དང་མཐའ་མེད་འི་དང་ཡི།།ཀྱང་ཡང་འང་གསུམ་རྒྱན་སྡུད་དེ།།ག་ད་བ་ས་དྲག་མཐར་ཀྱང་།།ང་ན་མ་ར་ལ་མཐར་ཡང་།།འ་དང་མཐའ་མེད་འང་དང་ཡང་།།ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ།།ན་ར་ལ་ས་དྲག་མཐར་ཏེ།།ད་དེ་ག་ང་བ་མ་འ།།མཐའ་མེད་རྣམས་ལ་ས་སྟེ་འཐོབ།།གམ་ངམ་དམ་ནམ་བམ་མམ་འམ།།རམ་ལམ་སམ་ཏམ་འབྱེད་སྡུད་དེ།།སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།།ར་རུ་འི་ཡི་འང་ཡང་རྣམས།།རྐང་པ་མི་སྐོང་སྐོང་བའི་ཁྱད།།འོ་འུ་འམ་གྱི་གོང་དུ་ཚེག།མེད་དང་ཡོད་པའང་དེ་བཞིན་ཡིན།།ནས་ལས་འབྱུང་ཁུངས་དགར་སྡུད་དེ།།འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས།།རིགས་མཐུན་དགར་ནས་མི་མཐུན་ལས།།སྡུད་ལ་ནས་སྒྲ་ཁོ་ན་འཇུག།ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ།།ཕལ་ཆེར་མིང་གི་ཐོག་མར་སྦྱོར།།ནི་ནི་དགར་དང་བརྣན་པའ་སྒྲ།།དང་ནི་སྡུད་འབྱེད་རྒྱུ་མཚན་དང་།།ཚེ་སྐབས་གདམས་ངག་ལྔ་ལ་འཇུག།མིང་གི་ཐོག་མའི་དེ་སྒྲ་ནི།།ཐ་སྙད་འདས་མ་ཐག་པ་དང་།།རྣམ་གྲངས་གཞན་ཅན་གཉིས་ལ་འཇུག།ཅི་ཇི་སུ་གང་སྤྱི་སྒྲ་སྟེ།།ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།།སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།།སུ་ནི་གང་ཟག་གང་ཀུན་ལའོ།།ན་རོ་ཡོད་མེད་པ་བ་མ།།བདག་པོའི་སྒྲ་སྟེ་ག་ད་ན།།བ་མ་ས་དང་དྲག་མཐར་པ།།ང་འ་ར་ལ་མཐའ་མེད་ལ།།བདག་སྒྲ་ཡར་གྱུར་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་བ་ལེགས།།མིང་མཐའི་པ་བའང་ཕལ་ཆེར་འདྲ།།མ་ནི་ངེས་མེད་སྐབས་དང་སྦྱར།།མ་མི་མིན་མེད་དགག་སྒྲ་སྟེ།མ་མི་ཐོག་མ་མིན་མེད་མཇུག།མ་ནི་བར་གྱི་གསལ་བྱེད་ལའང་།།ཚིག་ཕྲད་ཞིང་སོགས་ང་ན་མ།།འ་དང་ར་ལ་མཐའ་མེད་མཐར།།ཞིང་ཞེས་ཞེ་འོ་ཞེ་ན་ཞིག།ག་ད་བ་དང་ད་དྲག་མཐར།།ཅིང་ཅེས་ཅེ་འོ་ཅེ་ན་ཅིག།ས་མཐར་དམིགས་བསལ་ཞེས་མ་གཏོགས།།ཤིང་ཤིག་ཤེའོ་ཤེ་ན་འཐོབ།།འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས།།མིང་གི་ཆ་དང་མ་ནོར་གཅེས།།རྐྱང་པ་འཕུལ་ལ་འ་མཐའ་དགོས།།གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་།།ལྷུག་པའི་དོན་མང་མིང་མཚམས་དང་།།དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།།ཚིགས་བཅད་ག་མཐར་ཆིག་ཤད་བྱ།།རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།།ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ།།དོན་ཚན་ཆེན་མོ་རྫོགས་པ་དང་།།ལེའུའི་མཚམས་སུ་བཞི་ཤད་དགོས།།ང་ཡིག་མ་གཏོགས་ཡིག་ཤད་དབར།།ཚེག་མེད་དེ་སོགས་ཞིབ་ཏུ་འབད།།ཚིག་གི་ལོ་མས་མ་བསྒྲིབས་ཤིང་།།དོན་གྱི་འབྲས་བུ་གཡུར་ཟ་བའི།།ལེགས་བཤད་ལྗོན་པའི་དབང་པོ་འདི།།དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།།